Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

རྒྱ་གཞུང་གིས་༸གོང་ས་མཆོག་རྟ་དབང་ཁུལ་དུ་ཆིབས་བསྒྱུར་མཛད་པར་ཁ་གཡར་ནས་ལྡི་ལི་ནང་གི་ཚོགས་འདུ་ཞིག་ལས་ཕྱིར་འཐེན།

རྒྱ་ནག་གཞུང་གིས་ཉེ་སྔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྟ་དབང་ནང་དུ་ཆིབས་བསྒྱུར་མཛད་པ་དེར་མ་འདོད་པའི་རྣམ་འགྱུར་ཆེད་བཏོན་གྱིས་རྒྱ་དཀར་ནག་དང་ཨུ་རུ་སུ་བཅས་ཀྱི་ཕྱི་སྲིད་བློན་ཆེན་གྱི་ཚོགས་འདུ་ལས་ཕྱིར་འཐེན་བྱས་འདུག རྩ་བའི་རྒྱ་གར་ཕྱི་སྲིད་བློན་ལྕམ་ Sushma Swaraj མཆོག་གི་སྣེ་ཁྲིད་འོག་ཟླ་ ༤ ཚེས་ ༡༤ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱལ་ཁབ་གསུམ་པོ་དེ་དག་གི་ཕྱི་སྲིད་བློན་ཆེན་མཉམ་འཛོམས་ཐོག་ཕྱི་འབྲེལ་ལས་དོན་ཚོགས་འདུ་ཞིག་ཚོགས་རྒྱུར་གཏན་འཁེལ་གནང་ཡོད་པ་རེད། དེ་རིང་ཟླ་ ༥ ཚེས་ ༥ ཉིན་རྒྱ་གར་གྱི་གར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། རྒྱ་ནག་ཕྱི་སྲིད་བློན་ཆེན་ Wang Yi ཡིས་ད་ལན་རྒྱ་ཁབ་གསུམ་གྱི་ཚོགས་འདུར་མཉམ་ཞུགས་ཀྱི་ཁས་ལེན་བྱེད་མེད་པ་དང་འདི་བཞིན་ཟླ་བ་སྔོན་མའི་ནང་༸གོང་ས་མཆོག་རྒྱ་གར་བྱང་ཤར་ཁུལ་དང་ལྷག་པར་དུ་མོན་རྟ་དབང་ནང་དུ་ཆིབས་བསྒྱུར་བསྐྱངས་ཡོད་སྟབས། རྒྱ་ནག་གཞུང་ནས་དེར་ཆེས་ཁྲོ་པར་བརྟེན་ཐེངས་འདིའི་རྒྱལ་ཁབ་གསུམ་པོའི་ཚོགས་འདུར་མཉམ་ཞུགས་བྱས་མེད་པར་འགྲེལ་བརྗོད་བྱས་ཡོད། རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་རྒྱ་ནག་ཕྱི་སྲིད་བློན་ཆེན་སྲིད་བློན་ཆེན་ Wang Yi ཚོགས་འདུ་དེའི་ནང་མཉམ་ཞུགས་ཡོང་ཆེད་དུ་དུས་ཚོད་ཆེད་སྒྲིག་གིས་ཟླ་ ༤ ཚེས་ ༢༠ ནས་ ༣༠ བར་ཚོགས་རྒྱུར་གཏན་འབེབས་གནང་ཡོད་ཀྱང་། རྒྱ་གཞུང་གི་ངོས་ནས་ཚོགས་དེའི་ཐོག་ལ་མཉམ་ཞུགས་བྱེད་པར་ཁས་ལེན་གང་ཡང་མ་བྱེད་སྟབས་ཐེངས་འདིའི་རྒྱལ་ཁབ་གསུམ་པོའི་ཚོགས་འདུ་དེ་ཚོགས་ཐུབ་མེད་པ་རེད། རྒྱ་གར་གཞུང་གིས་ཉེ་སྔོན་༸གོང་ས་མཆོག་ཨ་རུ་ནཱ་ཅལ་ཁུལ་དུ་ཆིབས་བསྒྱུར་མཛད་པ་དེ་ནི་ཆོས་ཕྱོགས་ཁོ་ནའི་མཛད་འཕྲིན་བསྐྱང་ཕྱིར་ཆེད་ཕེབས་གནང་པ་ཞིག་ལས་དེ་མིན་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་པ་དང་། ལྷག་དོན་མགོན་པོ་༸གང་ཉིད་མཆོག་རྒྱ་གར་གྱི་སྐུ་མགྲོན་ཞིག་ཡིན་པས་རྒྱ་གར་གྱི་ས་ཁུལ་གང་དུ་ཕེབས་ཀྱང་མགོན་པོ་༸གང་ཉིད་མཆོག་གི་ཐུགས་འདོད་ལྟར་རང་དབང་ཡོད་ཅེས་འགྲེལ་བརྗོད་གནང་ཡོད། རྒྱ་གཞུང་གིས་རྒྱ་གར་དབུས་གཞུང་གིས་༸གོང་ས་མཆོག་ཨ་རུ་ནཱ་ཅལ་ཁུལ་དུ་ཆིབས་བསྒྱུར་མཛད་རྒྱུ་དེ་ཡོངས་ཁྱབ་གནང་པ་ནས་བཟུང་སྟེ་༸གོང་ས་མཆོག་གི་ཆིབས་བསྒྱུར་ཐད་ལ་སྐྱོན་བརྗོད་མང་དག་ཞིག་ཞུས་པ་དང་། རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པ་ Hua Chunying ཡིས་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་སྐུ་ཞབས་ Vijay Gokhale མཆོག་ཆེད་འབོད་ཀྱིས་སྐུ་ཞབས་ཁོང་ལ་ཐེངས་འདིའི་༸གོང་ས་མཆོག་གི་ཨ་རུ་ནཱ་ཅལ་ནང་གི་ཆིབས་བསྒྱུར་ཐད་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བཏོན་པ་དང་སྦྲགས། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་ངེས་ཡིན་པའི་ཉེན་བརྡ་བཏང་པ་མ་ཟད། ཉེ་ཆར་རྒྱ་གཞུང་གིས་ཨ་རུ་ནཱ་ཅལ་ཁུལ་གྱི་ས་གནས་ཁག་ཅིག་ལ་མིང་གསར་པ་བཏགས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད། འོན་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རུ་ནཱ་ཅལ་ཁུལ་དུ་ཆིབས་བསྒྱུར་མཛད་པ་དང་བསྟུན་གསར་འགོད་པ་ཚོར་དུས་ཚོད་སྔ་རྗེས་སུ་བཀའ་ལན་བསྩལ་བར་ད་ལན་གྱི་ཆིབས་བསྒྱུར་ནི་ཆབ་སྲིད་དང་འབྲེལ་བ་རྩ་བ་ནས་མེད་ཅེས་བཀའ་ནན་གནང་པ་དང་། རྒྱ་གཞུང་ནས་དེར་ཡིད་ཆེས་མེད་ཚེ་ཁོ་རང་ཚོའི་ལས་བྱེད་གཅིག་འདིར་དངོས་སུ་བཏང་ནས་ངོས་ནས་ལས་ཀ་གང་ཞིག་བྱེད་ཀྱི་ཡོད་མེད་བལྟ་ན་འགྲིག་གི་རེད་ཅེས་བཀའ་བསྩལ་ཕེབས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་རྒྱ་གར་དང་རྒྱ་ནག་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་གོང་འཕེལ་ཡོང་ཐབས་སུ་རྒྱ་གར་གཞུང་གི་ངོས་ནས་ཁ་ཆེའི་ཆོས་ལུགས་པ་ཚོར་ Mecca གནས་མཇལ་ཆེད་ Hujj གནས་སྐོར་གྱི་མཐུན་རྐྱེན་བསྐྲུན་གྱི་ཡོད་པ་ལྟར་རྒྱ་རིགས་ནང་པ་ཚོ་ལའང་དེ་མཚུངས་ཀྱི་མཐུན་རྐྱེན་བསྐྲུན་ཐུབ་ཚེ་དགེ་མཚན་ཡོད་པ་སོགས་བཀའ་བསྩལ་མཛད་ཡོད་པ་རེད།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྐུ་ཚབ་རྒྱ་ནག་ཏུ་བསྐྱོད་སྐབས་རྒྱ་གཞུང་གིས་ཁོང་ལ་རྗེས་འདེད་བྱས་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་དབུལ་ཕོངས་དང་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་ Phillip Alston ལགས་ཀྱིས་ཁོང་སྔ་ལོ་རྒྱ་ནག་ནང་དུ་གཞུང་འབྲེལ་རྟོག་ཞིབ་ཆེད་བསྐྱོད་སྐབས་རྒྱ་གཞུང་གིས་ཁོང་ལ་གསང་བའི་རྗེས་མྱུལ་བྱས་པ་དང་ལྷག་དོན་ཁོང་གི་ལས་དོན་ལ་ཐེ་བྱུས་ཤུགས་ཆེ་བྱས་ཡོད་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག དེའང་ཉེ་ཆར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གི་དམིགས་བསལ་སྐུ་ཚབ་ Phillip ལགས་ཀྱིས་པེ་ཅིང་ནང་དུ་ཡོད་པའི་ AP གསར་ལས་ཁང་ལ་གློག་འཕྲིན་བརྒྱུད་སྐུ་ཚབ་ཁོང་གིས་སྣེ་ཁྲིད་པའི་ཞིབ་རྟོག་ཚོགས་ཆུང་ཞིག་དེ་སྔོན་རྒྱ་ནག་ཏུ་ཕེབས་སྐབས་ཁོང་ལ་དཀའ་ངལ་གང་དག་འཕྲད་ཡོད་པ་ཞིབ་གསལ་འཁོད་པའི་སྙན་ཐོའི་དྲ་བཤུས་ཤིག་ཕུལ་ཡོད་པ་དང་། དེའི་ནང་དུ་རྒྱ་གཞུང་གིས་རྒྱལ་ཚོགས་ཀྱི་རྟོག་ཞིབ་ཚོགས་པར་ཡུལ་དེའི་སྤྱི་ཚོགས་ནང་གི་སྒྲིག་འཛུགས་མི་སྣ་དང་ཐད་ཀར་ཐུག་འཕྲད་མི་ཆོག་པའི་ཉེན་བརྡ་བཏང་པ་དང་དེ་བཞིན་རྒྱ་ནག་གཞུང་ལ་མི་སྣ་སུ་ཞིག་དང་ཐུག་མིན་གྱི་ཞིབ་ཕྲའི་གནས་ཚུལ་མཁོ་སྤྲོད་དགོས་ལུགས་བརྗོད་ཡོད་པ་མ་ཟད། རྒྱ་གཞུང་གི་བདེ་འཇགས་མི་སྣ་ཁག་ཅིག་མི་མང་དཀྱུས་མའི་ཆས་སྤྲས་ནས་སྐུ་ཞབས་ཁོང་གིས་གཙོས་པའི་འཐུས་མི་རྣམས་ལ་རྗེས་མྱུལ་བསྟུད་མར་བྱས་ཡོད་པ་སོགས་ཐེར་བཏོན་གནང་པ་དང་ཆབས་ཅིག རྒྱལ་ཚོགས་ཀྱི་མཁས་དབང་ཚོས་གནད་དོན་ཁག་གི་ཐོག་ལ་རང་དབང་གི་ཐོག་ནས་ཞིབ་དཔྱོད་བྱ་རྒྱུ་དང་གནས་ཚུལ་མཁོ་སྤྲོད་པ་སུ་ཡིན་གསང་བ་བྱེད་དགོས་ཀྱི་ཡོད་ཀྱང་། ད་རེས་རྒྱ་གཞུང་གིས་ཁོང་གཙོས་པའི་རྒྱལ་ཚོགས་ཀྱི་རྟོག་ཞིབ་ཚོགས་པར་ཆེས་དམ་དྲག་བྱས་པའི་བྱ་སྤྱོད་དེ་དག་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་ཡོངས་སུ་འགལ་བ་ཞིག་རེད་ཅེས་སྐྱོན་བརྗོད་ཤུགས་གནང་ཡོད་པ་རེད། སྐུ་ཞབས་ Phillip ལགས་ཀྱིས་ད་དུང་རྒྱ་ནག་གཞུང་ནས་ཁོང་དང་ཐུག་འཕྲད་བྱ་མཁན་དོ་བདག་མི་སྣ་ཁག་ཅིག་ལ་འཇིགས་སྐུལ་བྱས་པ་མ་ཟད། ཁ་ཤས་དོན་མེད་ཆུ་ཚོད་ཁ་ཤས་རིང་རྒྱ་གཞུང་གིས་དོ་དམ་བཀའ་ཉར་འོག་བཞག་ཡོད་པ་སོགས་ལུང་འདྲེན་གྱིས་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོའི་ངོས་ནས་རྒྱ་ནག་ནང་ཆེས་དབུལ་ཞིང་ཕོངས་པ་རྣམས་ཀྱི་ངལ་བ་སེལ་ཐབས་སླད་ཆབ་སྲིད་ཀྱི་མངོན་འདོད་ཤུགས་དྲག་བཏོན་ཡོད་ཀྱང་། དོན་དངོས་ཐོག་ངལ་བ་དེ་དག་སེལ་བར་འདུན་པ་བཏོན་པ་ཙམ་གྱིས་མི་འགྲིག་པར་དེ་འབྲེལ་སྲིད་བྱུས་གང་གཏན་འབེབས་གནང་བ་གནད་བསྡུས་ཀྱི་དཔྱད་ཞིབ་ཁག་དངོས་འབྲེལ་དགོས་གལ་ཡིན་པ་སོགས་ནན་བརྗོད་གནང་འདུག ད་རེས་རྒྱལ་ཚོགས་ཀྱི་ཆེས་དབུལ་ཕོངས་དང་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་ Phillip Alston ལགས་ཀྱིས་ AP གསར་ཁང་ལ་ཕུལ་བའི་གོང་གསལ་གྱི་སྙན་ཐོ་དེའི་ངོ་བཤུས་ངོ་མ་དེ་རིང་མིན་འཚོགས་ལ་ཉེ་བའི་ཕྱི་ཟླ་༦ པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་སུ་དབུལ་རྒྱུ་རེད་འདུག གནད་དོན་དེར་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ Gen Shuang ཡིས་རྒྱ་ནག་གཞུང་གི་ངོས་ནས་སྐུ་ཞབས་ Phillip ལགས་རྒྱ་ནག་ནང་དུ་འཚམས་གཟིགས་ཕེབས་སྐབས་སུ་རྒྱབ་སྐྱོར་དང་མཐུན་འགྱུར་གང་ལེགས་བསྐྲུན་ཡོད་ཚུལ་དང་ལྷག་དོན་སྐུ་ཞབས་ཁོང་ནས་རང་ཉིད་ཀྱི་འདོད་མོས་ལྟར་རྒྱ་རིགས་མི་སྣ་ཁག་ཅིག་དང་ཐུག་འཕྲད་ཀྱང་གནང་ཡོད་ཚུལ་སོགས་བརྗོད་ཡོད་པ་རེད།

བོད་མིའི་ཁྲོད་དུ་༸གོང་ས་མཆོག་གི་དགོངས་གཞིར་ཞིབ་འཇུག་གཏིང་ཟབ་བྱེད་མཁན་དཀོན་པོ་འདུག

བོད་ཡིག་ནང་བསྒྱུར་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རང་རྣམ་བཙན་བྱོལ་ནང་གི་རང་དབང་ཞེས་པའི་ཕྱག་དེབ་དབུ་འབྱེད་མཛད་སྒོར་ ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་མིའི་ཁྲོད་དུ་༸གོང་ས་མཆོག་གི་དགོངས་གཞིར་ཞིབ་འཇུག་གཏིང་ཟབ་བྱེད་མཁན་དཀོན་པོ་འདུག་ཅེས་གསུངས་སོང་། ཕྱི་ལོ་ ༡༩༩༡ ལོར་ཐོག་མར་དབྱིན་ཡིག་ཐོག་པར་སྐྲུན་ཞུས་པའི་ཆེས་སྙན་གྲགས་ཆེ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ Autobiography འམ་མགོན་པོ་༸གང་ཉིད་མཆོག་གི་རང་རྣམ་ Freedom in Exile ཞེས་པའི་ཕྱག་དེབ་དེ་༸སྐུའི་དབྱིན་སྐད་གསུང་སྒྱུར་བ་བསྟན་འཛིན་ཤེས་རབ་ལགས་ཀྱིས་བོད་ཡིག་ནང་ཕབ་བསྒྱུར་གནང་པ་དང་བོད་ཀྱི་དཔེ་མཛོད་ཁང་གིས་ཕྱག་དེབ་དེ་པར་སྐྲུན་གནང་ཡོད་པ་རེད། ཁ་སང་ཟླ་ ༥ ཚེས་ ༣ ཉིན་ཕྱི་དྲོ་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རང་རྣམ་<<བཙན་བྱོལ་ནང་གི་རང་དབང་>>ཞེས་པའི་དཔེ་དེབ་དེ་དབུ་འབྱེད་གནང་སོང་། དབྱིན་ཡིག་ནས་བོད་བསྒྱུར་ཞུས་པའི་ཕྱག་དེབ་དེའི་ནང་གཙོ་བོ། བོད་ལ་རྒྱ་ནག་དམར་པོའི་གཞུང་གིས་བཙན་འཛུལ་བྱས་སྟབས་༸གོང་ས་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང་འབྲེལ། བོད་མི་ས་ཡ་དྲུག་གི་བདེ་སྡུག་དང། འཛམ་གླིང་ཧྲིལ་པོའི་འགྱུར་འགྲོས་དང་མི་རིགས་གཞན་གྱི་གོམ་སྟབས། བཙན་བྱོལ་ནང་གི་རང་དབང་དང་བདེན་པའི་སྟོབས་ཤུགས་གསལ་འདོན། དེ་བཞིན་འཚེ་མེད་ཞི་བའི་གལ་གནད་སོགས་འཁོད་ཡོད་པ་རེད་འདུག དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་བྱུང་རིམ་ལོ་རྒྱུས་ངོ་སྤྲོད་གནང་པ་དང་ཆབས་ཅིག འདས་པའི་ལོ་ངོ་བདུན་བརྒྱ་ཡན་མས་ཤིག་ལ་ཕྱིར་བལྟ་གནང་པ་ཡིན་ན། ༸རྒྱལ་མཆོག་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ མཛད་པ་འཕྲིན་ལས་ལྟ་བུར་ད་བར་སྐུ་ཕྲེང་རིམ་བྱོན་ནང་བྱུང་མྱོང་མེད་པ་ཞིག་དང། དེ་བཞིན་བོད་ཀྱི་བླ་མ་སུས་ཀྱང་སྐུ་ཚེ་གཅིག་གི་རིང་ལ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལྟ་བུའི་མཛད་པ་འཕྲིན་ལས་རྒྱ་ཆེན་པོ་མཛད་མྱོང་མེད་པ་རེད་ཅེས་གསུངས་ཡོད། དེ་བཞིན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ད་ལྟའི་ཆར་འཛམ་གླིང་ཁྲོད་དུ་༸གོང་ས་མཆོག་གི་མཛད་རྣམ་དང། ད་བར་༸གང་ཉིད་མཆོག་གི་བསྐྱངས་པའི་མཛད་འཕྲིན་ལ་དོ་དབྱིངས་དང་བཅས་བྲིས་པའི་ཕྱག་དེབ་ལ་ཆ་མཚོན་པ་ཡིན་ན། འཛམ་གླིང་ནང་གི་སྐད་ཡིག་མི་འདྲ་བ་ ༧༠ ལྷག་གི་ནང་ལ་ཡོད་པ་དང་། ཕྱིའི་རྒྱལ་ཁབ་ཁག་གི་མི་རིགས་ཚོས་དོན་གཉེར་ཆེན་པོས་མགོན་པོ་༸གང་ཉིད་མཆོག་གི་དགོངས་གཞིར་དོ་སྣང་གནང་གི་ཡོད་ཀྱང་།  བོད་མི་ཚོས་༸གང་ཉིད་མཆོག་ལ་གྲོང་པའི་བླ་མ་ལྟར་ངོས་འཛིན་པ་ལས་རང་ཅག་རྣམས་ཀྱི་བློ་ཡུལ་དུ་གཞལ་བར་དཀའ་བའི་མཛད་པ་འཕྲིན་ལས་ཁག་ལ་རིན་ཐང་སྤྲོད་གནང་གི་མེད་པ་ཟད།  ལྷག་དོན་༸གོང་ས་མཆོག་གི་དགོངས་གཞི་དང་། དེའི་མཐར་ཐུག་དམིགས་ཡུལ། དེ་ལ་བརྟེན་ནས་བོད་མི་རིགས་ཀྱི་འགན་འཁུར་ཇི་ལྟར་ཆགས་ཡོད་པ་བཅས་ཀྱི་ཐོག་ལ་བསམ་གཞིག་དང་། ཞིབ་འཇུག་གཏིང་ཟབ་བྱེད་མཁན་དཀོན་པོ་འདུག་ཅེས་གསུངས་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་ད་ལན་༸གོང་ས་མཆོག་གི་༸སྐུའི་རང་རྣམ་བོད་བསྒྱུར་གནང་མཁན་བསྟན་འཛིན་ཤེས་རབ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ད་ལན་ཕྱག་དེབ་དེ་བོད་ཀྱི་ཉེ་དུས་ཀྱི་ལོ་རྒྱུས་དང་༸གོང་ས་མཆོག་༸སྐུ་སྒེར་གྱི་རྣམ་ཐར་ཞིག་ཡིན་པའི་ཆ་ནས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ཤེས་དགོས་པ་ཞིག་ཆགས་ཡོད་སྟབས། ཁོང་ནས་ཆེད་དམིགས་ཀྱིས་དབྱིན་ཡིག་ལས་བོད་བསྒྱུར་ཞུས་པ་ཞིག་ཡིན་པ་གསུངས་སོང་། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རང་རྣམ་ Freedom in Exile འམ་བཙན་བྱོལ་ནང་གི་རང་དབང་ཞེས་པའི་ཕྱག་དེབ་དེ་ད་ལྟའི་ཆར་འཛམ་གླིང་ནང་གི་སྐད་ཡིག་མི་འདྲ་བ་སུམ་ཅུ་སོ་གྲངས་ནང་དུ་ཕབ་བསྒྱུར་ཟིན་ཡོད་པ་དང་། འཛམ་གླིང་ནང་དཔེ་དེབ་ཆེས་སྙན་གྲགས་ཆེ་བའི་ཁོངས་སུ་ཡང་བདམས་ཡོད་པ་རེད། དཔེ་དེབ་དེ་དེ་སྔ་ལྡི་ལི་བོད་ཁང་ནས་ཕྱི་ཡུལ་གྱི་རང་དབང་ཞེས་བསྒྱུར་ཡོད་པ་དང། ད་རེས་བཙན་བྱོལ་ནང་གི་རང་དབང་ཞེས་བོད་བསྒྱུར་གནང་པ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད།

སྲིད་སྐྱོང་མཆོག་ནས་ནིའུ་ཛི་ལན་ཌི་ནང་དུ་ཡུལ་དེའི་གྲོས་ཚོགས་འཐུས་མི་ ༡༠ ཙམ་དང་མཇལ་འཕྲད་གནང་པ།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ནིའུ་ཛི་ལན་ཌི་ནང་གི་ཉིན་མཐའ་མའི་ཕྱོགས་ཕེབས་དང་འབྲེལ། དེ་རིང་ཕྱི་དྲོ་རྒྱལ་ས་ Wellington ནང་དུ་ཡུལ་དེའི་གྲོས་ཚོགས་འཐུས་མི་ ༡༠ ཙམ་དང་མཇལ་འཕྲད་ཀྱིས་བོད་དོན་གླེང་སླེང་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཟླ་བ་སྔོན་མའི་ཚེས་ ༣༠ ཉིན་ནས་དབུ་འཛུགས་ཀྱིས་ནེའུ་ཛི་ལན་ཌི་ནང་དུ་གཞུང་འབྲེལ་ཕྱོགས་བསྐྱོད་ཐེངས་དང་པོ་གནང་བཞིན་པའི་ཁྲོད། དེ་རིང་ཕྱི་ཚེས་ ༣ ཉིན་ཡུལ་དེའི་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Gareth Hughes ལགས་ཀྱིས་གདན་ཞུ་ལྟར་རྒྱལ་ས་ Wellington ནང་དུ་རྟེན་གཞི་བྱས་པའི་ New Zealand གྲོས་ཚོགས་སུ་ཕེབས་ཏེ་གྲོས་ཚོགས་འཐུས་མི་ ༡༠ ཙམ་དང་མཇལ་འཕྲད་གནང་འདུག སྲིད་སྐྱོང་མཆོག་ནས་ Auckland དང་ Dunedin དེ་བཞིན་རྒྱལ་ས་ Wellington བཅས་ཀྱི་ནང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བའི་ལྷན་དུ་མཇལ་མོལ་གནང་པ་འི་ཁྲོད་སྲིད་སྐྱོང་མཆོག་ནས་ཡུལ་དེའི་གཞུང་དམངས་གཉིས་ལ་བོད་དོན་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་འདུག་པ་མ་ཟད། ས་གནས་བོད་མི་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་དང་བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས། དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་གལ་གནད།  དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང། ཁོར་ཡུག་བཅས་ཀྱི་གནས་སྟངས་ངོ་སྤྲོད་དང་དེ་དག་གི་གལ་གནད་ཐོག་གསུང་བཤད་གནང་སྟབས། ས་གནས་བོད་མི་རྣམས་ནས་རྒྱབ་སྐྱོར་དང་དགའ་ཚོར་གྱི་རྣམ་པ་ཤུགས་ཆེ་བཏོན་འདུག དེ་མཚུགས་སུ་ཡུལ་དེའི་ Otago ཉིན་རེའི་དུས་བབ་ཀྱི་གནས་ཚུལ་སྤེལ་བར་ཁ་སང་སྲིད་སྐྱོང་མཆོག་གིས་ Dunedin ནང་གི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་གསུང་བཤད་གནང་སྐབས་བོད་ཀྱི་ཁོར་ཡུག་སྐོར་གསུང་བཤད་གནང་པ་གསལ་བཏོན་གནང་འདུག དེའང་སྲིད་སྐྱོང་མཆོག་གིས་བོད་དེ་ཨེ་ཤི་ཡའི་གླིང་ཆེན་ཡོངས་ཀྱི་འཐུང་ཆུའི་མཛོད་ལྟ་བུ་ཆགས་ཡོད་སྟབས། བོད་ཀྱི་ཁོར་ཡུག་གི་གནད་དོན་དེ་བོད་མི་ས་ཡ་དྲུག་གི་གནད་དོན་ཁོ་ན་མིན་པར་འཛམ་གླིང་ཁྱོན་ཡོངས་ཀྱི་ཐུགས་སྣང་གནང་དགོས་པའི་གནད་དོན་ཞིག་དང་། ལྷག་དོན་ཨེ་ཤི་ཡའི་མི་འབོར་དུང་ཕྱུར་མང་པོའི་འཚོ་བར་བོད་ཀྱི་ཁོར་ཡུག་དེ་གལ་གནད་ཇི་ཙམ་ཆེན་པོ་ཡིན་པའི་སྐོར་སོགས་གསུང་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་ནང་དུ་ཨ་རི་གཞུང་ནས་བོད་མིའི་མངོན་འདོད་དང་མི་རིགས་ངོ་བོ་སྲུང་སྐྱོབ་སླད་སྔར་ལྷག་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་པའི་ཞུ་འབོད་གནང་འདུག

ཁ་སང་ཟླ་ ༥ ཚེས་ ༢ ཉིན་ཨ་མི་རི་ཀའི་གྲོས་ཚོགས་ནང་དུ་གྲོས་ཚོགས་འཐུས་མི་སྒེར་སོ་སོའི་གསུང་བཤད་གནང་རྒྱུའི་ལས་རིམ་ཁྲོད། ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་དང་ཨ་རིའི་སྤྱི་མཐུན་ཚོགས་པའི་ལྕམ་སྐུ་ Ileana Ros-Lehtinen  ལགས་གཉིས་ཀྱིས་བོད་མིའི་བླ་ན་མེད་པའི་ད བུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མདུན་དུ་བཤམས་ཏེ་བོད་དོན་ལ་རྒྱབ་སྐྱོར་དང་འབྲེལ། ཨ་རི་གཞུང་ནས་བོད་མིའི་མངོན་འདོད་དང་བོད་མི་རིགས་ཀྱི་ཐོུང་མ་ཡིན་པའི་ངོ་བོ་ཁག་སྲུང་སྐྱོབ་ཐུབ་ཐབས དང་། དེ་བཞིན་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཕྱོགས་གཉིས་དབར་ལ་གྲོས་མོལ་བསྐྱར་གསོ་ཡོང་ཐབས་གནང་དགོས་པའི་ཞུ་འབོད་གནང་འདུག སྐབས་དེར་ཐོག་མར་སྐུ་ཞབས་ Jim McGovern ལགས་ནས་དེ་སྔ་ཕྱི་ལོ་ ༢༠༠༢ ལོར་ཨ་མི་རི་ཀའི་གྲོས་ཚོགས་ནས་བོད་དོན་ལ་རྒྱབ་བསྐྱོར་གྱི་ Tibetan Policy Act 2002 ཞེས་པ་ཞིག་གཏན་འབེབས་གནང་ཡོད་པ་དང་། སྲིད་བྱུས་དེའི་ནང་ཨ་རི་གཞུང་ནས་བོད་མིའི་མངོན་འདོད་དང་ཐུན་མོང་མ་ཡིན་པའི་ཆོས་དང་དང་རིག་གཞུང་སོགས་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་གནང་རྒྱུ་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་གཞུང་དང་༸གོང་ས་མཆོག་གི་སྐུ་ཚབ་དབར་ལ་གྲོས་མོལ་ཡོང་ཐབས་གནང་རྒྱུ། དེ་བཞིན་རྒྱ་གཞུང་གི་བཙོན་འཇུག་འོག་ཡོད་པའི་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས། བོད་མིའི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་བཀྲོད་ཐུབ་ཐབས་དང་། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ལས་ཁུངས་གསར་འཛུགས་གནང་དགོས་པ་སོགས་འཁོད་ཡོད་པ་འགྲེལ་བརྗོད་དང་སྦྲགས། ད་བར་གྲོས་ཚོགས་ནང་སྲིད་བྱུས་དེ་གཏན་འབེབས་གནང་ནས་ལོ་ངོ་ ༡༥ ལྷག་འགྲོ་བཞིན་ཡོད་ཀྱང་། གནད་དོན་དེ་དག་གི་ཐོག་ད་ལྟའང་ཡར་རྒྱས་དང་བཟང་ཕྱོགས་ཀྱི་འགྱུར་བ་དེ་ཙམ་བྱུང་མེད་པ་གསུངས་འདུག  ལྷག་པར་དུ་བོད་རྒྱ་གྲོས་མོལ་ལྟ་བུར་མཚོན་ན་ཕྱི་ལོ་ ༢༠༡༠ ནས་ད་བར་བསྐྱར་གསོ་བྱུང་མེད་པ་དང་།  བོད་མིའི་ཆབ་སྲིད་བཙོན་པ་མང་པོ་ཞིག་མུ་མཐུད་རྒྱ་ནག་གི་བཙོན་ཁང་ནང་དུ་དཀའ་སྡུག་མྱོང་བཞིན་ཡོད་པ་མ་ཟད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ལྟ་བུ་བཙོན་པ་ཁག་ཅིག་བཙོན་ཁང་ནང་དུ་མནར་གཅོད་འོག་འདས་གྲོངས་སུ་འགྱུར་བཞིན་ཡོད་པ་སོགས་གསུངས་ཡོད། ཁོང་རང་ཉིད་ཀྱི་ངོས་ནས་ད་བར་གར་སོང་ཆ་མེད་དུ་འགྱུར་བའི་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ཐད་སེམས་འཚབ་ཆེན་པོ་གནང་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་མུ་མཐུད་རིན་པོ་ཆེ་མཆོག་གི་གནས་སྟངས་གང་ཡིན་ཐད་ལ་གསལ་བཤད་ཙ་བ་ནས་བྱེད་ཀྱི་མེད་སྟབས།  ངས་དེ་རིང་རྒྱ་ནག་གཞུང་ལ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་པན་ཆེན་རིན་པོ་ཆེ་རྣམ་གཉིས་གཙོས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཀྱི་ཐད་ལ་ཐེས་བྱུས་བྱ་རྒྱུའི་ཐོབ་ཐང་རྩ་བ་ནས་མེད་པ་རེད་ཅེས་གསལ་པོ་བྱས་ནས་ཞུ་འདོད་བྱུང་ཅེས་གསུངས་འདུག གཞན་ཡང་སྐུ་ཞབས་ Jim McGovern ལགས་ནས་རྒྱ་ནག་གཞུང་གི་ད་ལྟའི་ཆར་བོད་སེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པ་དང་། ས་གནས་བོད་མི་རྣམས་རང་དབང་ཐོག་ནས་འགྲོ་བསྐྱོད་བྱ་རྒྱུར་དམ་དྲག་དང་སུན་གཙེར་ཤུགས་ཆེ་བཟོ་བཞིན་པ་སོགས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་མུ་མཐུད་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པ་གསུངས་པ་དང་ཆབས་ཅིག ཨ་རི་གཞུང་གིས་ད་ཆ་ཡོད་བཞིན་པའི་ཨ་རི་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་དུ་དགོངས་བཞེས་གནང་རྒྱུའི་དུས་ལ་བབ་ཡོད་པ་གསུངས་ཡོད། ལྷག་པར་དུ་ཁོང་གིས་ཨ་རི་གཞུང་ནས་སྔར་ལོ་ཨ་རི་རྒྱལ་ཡོངས་གྲོས་ཚོགས་སུ་གཏན་འབེབས་གནང་པའི་ Global Magnitsky Human Rights Accountability Act ཞེས་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་ཐོག་འགན་འཁུར་ཐུབ་ཐབས་དང་འབྲེལ་བའི་ཁྲིམས་ལུགས་གཉིས་བེད་སྤྱོད་རྒྱུད་ཨ་རིའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། དེ་བཞིན་ཡུལ་སྐོར་སྤྲོ་འཆམ་པ་སོགས་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་དང་བོད་མི་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་རང་དབང་ཐོག་བསྐྱོད་རྒྱུར་འབད་རྩོན་གནང་དགོས་པ་མ་ཟད། ནག་ཉེས་ཅན་གྱི་རྒྱ་རིགས་འགོ་ཁྲིད་རྣམས་ཨ་རིའི་ནང་ཕྱོགས་བསྐྱོད་བྱེད་རྒྱུ་དང་ཨ་རིའི་བཟོ་གྲྭ་དང་དངུལ་ཁང་། དེ་བཞིན་ཚོང་ཟོག་གི་ཁྲོམ་ར་སོགས་ཨ་རིའི་བདག་རྫས་ཁག་བེད་སྤྱོད་བྱ་རྒྱུར་བཀག་སྡོམ་བྱེད་དགོས་པའི་དགོས་འདུན་ཡང་ཆེད་བཏོན་གནང་འདུག ལྷག་པར་དུ་ཁོང་ནས་ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གི་སྣེ་ཁྲིད་པའི་སྲིད་གཞུང་གསར་པའི་ངོས་ནས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གསར་པ་གང་མགྱོགས་བསྐོ་གཞག་གནང་སྟེ། བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཐབས་གནང་དགོས་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་དང་ལྷན་དུ་གཞུང་འབྲེལ་ཐོག་ནས་འབྲེལ་བ་མངོན་གསལ་གནང་དགོས་པ་མ་ཟད། རྒྱ་ནག་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཆིབས་བསྒྱུར་བསྐྱང་རྒྱུར་ཐུགས་འདོད་གནང་བཞིན་པ་ལྟར། མགོནཔོ་༸གང་ཉིད་མཆོག་རིང་མིན་དགུང་གྲངས་ ༨༢ བཞེས་པ་དང་བསྟུན་རང་ཡུལ་ལ་ངེས་པར་དུ་གདན་འདྲེན་ཞུ་དགོས་པའང་ནན་བརྗོད་གནང་འདུག དེ་བཞིན་སྐུ་ཞབས་ Jim McGovern ལགས་ཀྱི་གསུང་བཤད་ཀྱི་མཐའ་མར་བོད་མི་ཚོའི་གནས་སྟངས་དེ་ཧ་ཅང་གཉན་འཕྲང་ཅན་གྱི་དུས་ཚོད་ཞིག་ཏུ་བསླེབས་ཡོད་སྟབས། ཨ་རིའི་སྲིད་གཞུང་གིས་སྲིད་གཞུང་གཞན་དང་མཉམ་དུ་གཅིག་སྒྲིལ་ཐོག་བོད་དོན་རྒྱབ་སྐྱོར་མཐུན་ཚོགས་གསར་འཛུགས་ཀྱིས་རྒྱལ་སྤྱིའི་ངོ་བོའི་ཐོག་ནས་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་ཐབས་གནང་དགོས་པ་མ་ཟད། བོད་མི་ཚོར་རྒྱབ་སྐྱོར་ཡོད་ཅེས་གསུང་པ་ཙམ་མིན་པར་དོན་འཁྱོལ་ལག་ལེན་གནང་རྒྱུའི་དུས་ལ་བབ་ཡོད་ཅེས་གསུངས་འདུག ཕྱོགས་མཚུངས་སྐབས་དེར་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་ Ileana Ros-Lehtinen ལགས་ནས་ཀྱང་༸གོང་ས་མཆོག་དང་བོད་དོན་ཐོག་སེམས་ཚོར་ཆེན་པོས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་ལ་རྒྱ་ནག་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་དུ་ཆིབས་བསྒྱུར་བསྐྱང་མ་བཅུག་པའི་ཁར། བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་མུ་མཐུད་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པ་སོགས་འགྲེལ་བརྗོད་གནང་པ་དང་འབྲེལ།  འདས་པའི་ལོ་ངོ་བཅུ་ཕྲག་གི་རིང་ལ་བོད་ཀྱི་གནད་དོན་དེར་ཚང་མས་དོ་སྣང་མ་གནང་པ་དེ་ནི་ཧ་ཅང་གི་བློ་ཕམ་གྱི་གནས་སྟངས་ཆགས་ཡོད་པ་རེད། གནས་སྟངས་དེས་བོད་མི་ཙམ་མ་ཟད། ཨེ་ཤི་ཡའི་རྒྱལ་ཁབ་སྤྱི་ལ་མཇུག་འབྲས་ངན་པ་ཞིག་ཡོང་ངེས་རེད་ཅེས་སོགས་གསུངས་ཡོད། རྒྱ་ནག་གཞུང་ནས་བོད་མཐོ་སྒང་དུ་བརྟན་ལྷིང་མེད་པའི་གནས་སྟངས་བཟོ་བཞིན་པ་དེས་གཡས་གཡོན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཚང་མའི་བདེ་འཇགས་ལ་དོ་ཕོག་གཏོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་སོགས་འགྲེལ་བརྗོད་ཀྱིས་གྲོས་ཚོགས་འཐུས་མི་རྣམས་ནས་བོད་མིའི་ངོ་ཚབ་གནང་སྟེ་ཆིག་སྒྲིལ་ཐོག་རྒྱ་ནག་དམར་ཤོག་གིས་འཇིགས་སྐུལ་གཏོང་བཞིན་པའི་བྱ་སྤྱོད་ཁག་ལ་ངེས་པར་དུ་གདོང་ལེན་བྱེད་དགོས་ཅེས་ནན་བརྗོད་གནང་ཡོད་པ་རེད།

Pestalozzi སློབ་ཡོན་སྐོར་བོད་པའི་སློབ་ཕྲུག་ཚོར་གོ་རྟོགས་སྔ་ས་ནས་སྤེལ་དགོས་ཀྱི་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཚན་པ་ནས་ངོ་དེབ་བརྒྱུད་ཐད་གཏོང་གིས་བོད་པའི་སློབ་ཕྲུག་ཚོར་ Pestalozzi སློབ་ཡོན་སྐོར་གོ་རྟོག་དང་བསམ་ཚུལ་བརྗེ་རེས་ཀྱི་ཆེས་ཐོག་མའི་དམིགས་བསལ་ལས་རིམ་ཞིག་གོ་སྒྲིག་གནང་པ་དང་འབྲེལ། Pestalozzi སློབ་ཟུར་བསྟན་འཛིན་ཀུན་གསལ་ལགས་ཀྱིས་བོད་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོར་སློབ་ཡོན་དེའི་སྐོར་གོ་རྟོགས་སྔ་ས་ནས་སྤེལ་དགོས་ཀྱི་འདུག་ཅེས་གསུངས་སོང་། རྒྱ་གར་ནང་གི་བོད་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོའི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་ཟིན་པ་དང་བསྟུན། ཤེས་རིག་ལས་ཁུངས་ཀྱི་ངོས་ནས་གཟའ་འཁོར་སྔོན་མའི་ནང་ United World College སློབ་ཡོན་གསལ་བསྒྲགས་ཀྱི་ཚུད་རྒྱུགས་བཏང་ཟིན་ཡོད་པ་མ་ཟད། ཟླ་བ་འདིའི་ཟླ་དཀྱིལ་ཙམ་ལ་ ༢༠༡༧ ལོའི་ Pestalozzi སློབ་ཡོན་གྱི་གསལ་བསྒྲགས་དེ་གནང་གི་ཡོད་པ་རེད། བསྟན་འཛིན་ཀུན་གསལ་ལགས་ནི་ཕྱི་ལོ་ ༢༠༡༠ ལོར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཚན་པ་བརྒྱུད་ནས་ Pestalozzi སློབ་ཡོན་ལས་འཆར་དབྱིན་ཡུལ་དུ་འཛིན་རིམ་བཅུ་པ་དང་བཅིུས་བཅས་ཀྱི་སློབ་གཉེར་གནང་མྱོང་ཡོད་པ་དང་། ད་ལྟའི་ཆར་ཁོང་ཡུ་རོབ་རྒྱལ་ཁབ་ Netherland ནང་དུ་ཚན་རིག་སློབ་ཚན་ཐོག་ལ་འབུམ་རམས་པའི་སློབ་གཉེར་གནང་མུས་ཡིན་པ་རེད། ད་ལན་ཁོང་དྷ་རམ་ས་ལར་ཕེབས་པ་དང་བསྟུན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཚན་པས་ཁ་སང་ཕྱི་དྲོ་ Facebook Live འམ་ངོ་དེབ་བརྒྱུད་ཐད་སྲིང་གིས་ཕྱི་ལོ་ ༢༠༡༧ ལོའི་ Pestalozzi སློབ་ཡོན་ཐོག་ལ་མཉམ་ཞུགས་བྱེད་མཁན་རྒྱ་བལ་འབྲུག་གསུམ་གཙོས་པའི་ས་ཕྱོགས་གང་སར་ཡོད་པའི་སློབ་གྲྭ་ཁག་གི་བོད་པའི་སློབ་ཕྲུག་ཚོ་དང་ལྷན་དུ་ Pestalozzi སློབ་ཡོན་ཐད་ལ་གོ་རྟོགས་དང་བསམ་ཚུལ་བརྗེ་རིས་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་སོང་། ཐད་སྲིང་གི་ལས་རིམ་དེའི་ཐོག་ལ་སློབ་ཕྲུག་དང་མང་ཚོགས་བཅས་ཁྱོན་མི་གྲངས་ ༤༠༠༠ ལྷག་ལྟ་མཁན་བྱུང་འདུག་པ་དང་། སྐབས་དེར་བསྟན་འཛིན་ཀུན་གསལ་ལགས་ཀྱིས་གཙོ་བོ་ Pestalozzi སློབ་ཡོན་ཐོག་ལ་མཉམ་ཞུགས་གནང་མཁན་ཚོས་སློབ་ཡོན་དེ་རག་ཐབས་སུ་གྲ་སྒྲིག་ཇི་ལྟར་གནང་དགོས་པ་དང་། ཕྱི་རྒྱལ་མཐོ་སློབ་ཁག་གི་སློབ་ཡོན་ཐོག་སྙན་ཞུ་གང་འདྲ་ཕུལ་དགོས་པ་སོགས་ཀྱི་ཐོག་ལ་ལམ་སྟོན་དང་དེ་བཞིན་མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་བཅས་གནང་ཡོད། རྩ་བའི་ Pestalozzi ཞེས་པ་དེ་ནི་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བདེ་རྩ་ཚོགས་པ་ཞིག་ཡིན་པ་དང་། ཚོགས་པ་དེའི་ངོས་ནས་ཆོས་ལུགས་དང་མི་རིགས། དེ་བཞིན་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་བཅས་རིས་མིད་ཐོག་འཛམ་གླིང་ནང་གོ་སྐབས་ཞན་པའི་ན་གཞོན་སློབ་མ་ཚོར་དབྱིན་ཡུལ་ནང་དུ་འཛིན་རིམ་བཅིུག་དང་བཅིུས་ཀྱི་སློབ་གཉེར་གནང་ཕྱིར་སློབ་ཡོན་ཕུལ་གྱི་ཡོད་པ་རེད། བཙན་བྱོལ་བོད་པའི་སློབ་ཕྲུག་ལ་ཆ་མཚོན་ན། Pestalozzi སློབ་ཡོན་དེ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་བརྒྱུད་ནས་ཐོག་མར་ཕྱི་ལོ་ ༡༩༦༣ ལོར་ཐོབ་པ་ཡོད་པ་དང་། ད་བར་སློབ་ཡོན་དེའི་ལས་འཆར་ཁྲོད་བོད་པའི་སློབ་ཕྲུག་ ༡༠༠ ལྷག་ལ་སློབ་སྦྱོང་གི་གོ་སྐབས་ཐོབ་ཡོད་པ་མ་ཟད། སློབ་ཡོན་དེའི་ཐོག་ནས་ལོ་རེ་ནང་བོད་པའི་སློབ་ཕྲུག་གཉིས་རེ་དབྱིན་ཡུལ་དུ་སློབ་སྦྱོང་གནང་རྒྱུའི་གོ་སྐབས་ཐོབ་ཀྱི་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་ཤེས་རིགས་ལས་ཁུངས་ཀྱི་སློབ་ཡོན་ཚན་པའི་འགན་འཛིན་ངག་དབང་ཡོན་ཏན་ལགས་སུ་འདི་ལོའི་ Pestalozzi སློབ་ཡོན་དང་འབྲེལ་བའི་ཐོག་བཅར་འདྲི་ཁག་ཅིག་ཞུས་པ་ཡིན།

༸གོང་ས་མཆོག་གིས་རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་ཚོར་ཆོས་འབྲེལ་དབུ་འཛུགས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་གཙོས་པའི་རྒྱ་རིགས་དད་ལྡན་ཆོས་ཞུ་བ་ཁག་ཅིག་ལ་ཆོས་འབྲེལ་དབུ་འཛུགས་གནང་འདུག དེའང་རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཟླ་ ༥ ཚེས་ ༡ ཉིན་དབུ་འཛུགས་ཀྱིས་ཚེས་ ༤ བར་ཁྱོན་ཉིན་གྲངས་བཞིའི་རིང་ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱ་རིགས་དད་ལྡན་ཆོས་ཞུ་བ་རྣམས་ལ་རྒྱུད་བླ་མ་དང། ན་རོ་ཆོས་དྲུག་གི་ཁྲིད་ཡིག་གཉིས་ཀྱི་བཀའ་ཆོས་བཀྲིན་བསྩལ་གནང་གི་འདུག རྩ་བའི་མགོན་པོ་༸གང་ཉིད་མཆོག་གི་ཐེངས་འདིའི་བཀའ་ཆོས་ཐོག་རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་གཙོ་བོར་འགྱུར་པའི་ཐེ་ཝན་དང་སིང་ག་པུར། ཨོ་སི་ཊོ་ལི་ཡ་བཅས་ཀྱི་རྒྱ་རིགས་ཆོས་ཞུ་བ་ ༣༣༠ མན་ཙམ་ཆེད་བཅར་ཞུས་འདུག

ཀརྨ་པ་མཆོག་གིས་ལྟ་བ་ལངས་ཕྱོགས་མི་འདྲ་བའི་རྐྱེན་གྱིས་འགལ་ཟླ་ཆེན་པོ་བྱུང་ན་སྤྱི་ཚོགས་གཏོར་བཤིག་དང་ཆིག་སྒྲིལ་གྱི་འགོག་རྐྱེན་ཆགས་རྒྱུ་ཡིན་པ་བཀའ་གནང་པ།

སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་ཁ་སང་ཚེས་ ༣༠ ཉིན་སྔ་ཐོག་བཞུགས་སྒར་ཉེ་འཁྲིས་ས་རཱ་མཐོ་སློབ་ཏུ་རིགས་སློབ་མ་ལག་གཉིས་ཀྱི་བསླབ་པ་མཐར་སོན་མཛད་སྒོར་དབུ་བཞུགས་མཛད་པ་དང་ཆབས་ཅིག སློབ་མ་རྣམས་ལ་བོད་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་སྐོར་གལ་ཆེའི་བཀའ་སློབ་གནང་པ་མ་ཟད། ལྷག་དོན་བོད་ཆོལ་གསུམ་ཆིག་སྒྲིལ་དང་བློ་མཐུན་དགོས་རྒྱུ་ཤིན་ཏུ་ནས་གནད་ཆེ་ཡིན་པའི་ལམ་སྟོན་རྒྱ་ཆེ་གནང་སོང་། དྷ་ས་རིགས་ལམ་སློབ་གཉེར་ཁང་དང་ས་རཱ་མཐོ་སློབ་གཉིས་ཀྱི་དགེ་ལས་ ༣༠༠ ཙམ་བསྡུས་པའི་ཐོག་ཀརྨ་པ་རིན་པོ་མཆོག་གིས་འདི་ལོར་དབུ་མ་དང་ཕར་ཕྱིན་རབ་འབྱམས་པ། དེ་བཞིན་རིས་མེད་སློབ་དཔོན་དང་སྐབས་ ༡༦ པའི་མཐོ་རིམ་རིག་གནས་རབ་འབྱམས་པ་སོགས་ཀྱི་ཕྱག་འཁྱེར་བཞེས་སྟེ་སློབ་མཐར་སོན་པ་རྣམས་ལ་དགའ་བསུའི་མཚམས་འདྲི་དང་། ལྟེ་གནས་ཁང་དེ་ནས་ད་བར་བོད་སྐད་ཡིག་དང་རིག་གཞུང་གི་ཐོག་ལ་དགོས་མཁོ་ངེས་ཅན་གྱི་ཞབས་འདེགས་ཞུས་ཡོད་པར་བསྔགས་བརྗོད་གནང་སོང་། དེ་བཞིན་སྔར་མེས་པོ་ཚོའི་ཤུལ་བཞག་གི་རིག་གནས་ལ་གཅེས་འཛིན་གནང་ནས་མ་འོངས་པར་དེང་དུས་དང་མཐུན་པའི་གོམ་པ་མདུན་སྤོས་གནང་དགོས་པ་དང་། བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་སྔར་ལས་དར་སྤེལ་ཤུགས་ཆེ་རུ་གཏོང་ཐུབ་རྒྱུའི་ཆོད་སེམས་དང་ལྷག་བསམ་གཏན་པོ་ཞིག་བསྐྱེད་དགོས་གལ་དུ་གཟིགས་ཀྱི་ཡོད་པ་བཀའ་གནང་སོང་། ཁྱད་པར་དུ་ཀརྨ་པ་རིན་པོ་ཆེ་མཆོག་གིས་སྐབས་དེར་སློབ་མ་ཚོ་ལ་ཤེས་ཡོན་དང་ལྷན་དུ་ཀུན་སྤྱོད་སྐོར་དང་འབྲེལ། དེང་སང་ས་རཱ་མཐོ་སློབ་ཏུ་བསྐྱོད་མཁན་ཚོས་གཙོས་པའི་བཙན་བྱོལ་ནང་དང་། དེ་བཞིན་བོད་ནང་དུའང་མི་ཁག་ཅིག་གི་བསམ་བློ་གཏོང་སྟངས་དང་ཀུན་སྤྱོད་འཁུར་ཕྱོགས་ཐད་ནས་ཏོག་ཙམ་འགྱུར་བ་འགྲོ་བཞིན་ཡོད་པ་བཀའ་གནང་པ་དང་སྦྲགས། སྤྱིར་དུས་ཚོད་དང་སྤྱི་ཚོགས་ཀྱི་འཕེལ་རིམ་ཁྲོད་མི་སོ་སོར་ལྟ་བ་ལངས་ཕྱོགས་མི་འདྲ་བ་ཡོང་ཆོག་ཀྱང་། ད་ལྟ་བོད་མིའི་རྣམས་གཉན་འཕྲང་ཅན་གྱི་དུས་མཚམས་འདིར་ལྟ་བ་ལངས་ཕྱོགས་ཀྱི་རྐྱེན་པས་འགལ་ཟླ་ཆེན་པོ་བྱུང་ན་སྤྱི་ཚོགས་གཏོར་བཤིག་དང་ཆིག་སྒྲིལ་གྱི་འགོག་རྐྱེན་ཆགས་རྒྱུ་ཡིན་པ་སོགས་བཀའ་གནང་ཡོད། བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་ཀྱང་བསླབ་པ་མཐར་སོན་པའི་སློབ་མ་རྣམས་ལ་༸གོང་ས་མཆོག་གི་དགོངས་གཞི་ལྟར་གཞུང་ཆེན་ཐོག་ལ་རིགས་གཅིག་རྐང་འཛིན་དང་ཉམས་ཞིབ་གནང་གལ་སྐོར་དང་། བར་ལམ་ནས་བོད་མིའི་ཚོའི་སྤྱོད་ལམ་སྡུག་ཏུ་སོང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷ་དགོངས་འཁྲུག་ཡོད་པའི་སྐོར་ལ་གསུངས་ནས་རིག་གནས་ཤེས་ཚད་དང་མཉམ་དུ་ཀུན་སྤྱོད་ཀྱང་གལ་ཆེ་ཆགས་ཀྱི་ཡོད་པ་གསུངས་སོང་། ད་དུང་ཆོས་རིག་བཀའ་བློན་མཆོག་གིས་རིགས་སློབ་འདི་ནས་མཐར་སོན་པ་རྣམས་ནས་ལྟེ་གནས་ཁང་འདི་ཐོག་མ་བཙུགས་གནང་སྐབས་༸གོང་ས་མཆོག་གིས་བཀའ་སློབ་དམིགས་བསལ་བ་ཞིག་བསྩལ་ཡོད་པ་ཁག་རྗེས་དྲན་ཞུ་རྒྱུ་དང་། དེ་བཞིན་རིགས་སློབ་དེ་བཙུགས་གནང་མཁན་རྒན་བློ་བཟང་རྒྱ་མཚོ་ལགས་དམ་པ་དེ་ཉིད་བོད་བསྟན་སྲིད་སྤྱིའི་སླད་དུ་སྐུ་སྲོག་ཤོར་ཡོད་སྟབས། ཁོང་གིས་དོལ་རྒྱལ་སོགས་ཀྱི་ཐད་ལ་ལམ་སྟོན་མཛད་ཡོད་པ་ཁག་རང་ངོས་ནས་སྤང་བླང་འཇུག་ལྡོག་མ་ནོར་བ་དང་། དེ་མཚུངས་གཞན་ལའང་ལམ་སྟོན་བྱ་རྒྱུའི་འགན་ཡོད་པ་སོགས་གསུངས་ཡོད། གཞི་རྩའི་ཕྱི་ལོ་ ༡༩༧༣ ལོ་གསར་བཙུགས་གནང་པའི་དྷ་ས་རིགས་ལམ་སློབ་གཉེར་ཁང་དེ་དེ་རིང་སང་ཉིན་ནང་པའི་གཞུང་ཆེན་ཀ་པོད་ལྔ་གཙོས་པའི་ཆོས་ལུགས་རིས་མེད་ཀྱི་གཞུང་ཆེན་ཁག་ལ་སློབ་གཉེར་གནང་ཡུལ་ལྟེ་གནས་ཁང་ཞིག་ཆགས་ཡོད་པ་དང་། དེ་མཚུངས་ཕྱི་ལོ་ ༡༩༩༡ ལོར་གསར་བཙུགས་གནང་པའི་ས་རཱ་བོད་ཀྱི་མཐོ་སློབ་ཏུ་དེ་རིང་སང་ཕྱི་ནང་གཉིས་ནས་མཐོ་རིམ་རིག་གནས་རབ་འབྱམས་གཙོ་བོར་གྱུར་པའི་ནང་དོན་རིག་པ་དང་། ཕྱི་རྒྱལ་སྐད་ཡིག་འཛིན་གྲྭ་སོགས་བཙན་བྱོལ་ནང་བོད་ཀྱི་བརྡ་སྤྲོད་རིག་གནས་སློབ་གཉེར་བྱ་ཡུལ་མཐོ་སློབ་གཙོ་བོ་ཆགས་ཡོད་པ་རེད།

སྨན་པ་མཁས་གྲུབ་ལགས་འཛིན་བཟུང་དང་ཚེ་སྒྲུབ་སྐྱིད་ལགས་བཙོན་གྲོལ་ཐོབ་འདུག

བོད་ནང་གི་གནས་ཚུལ་ཁག་ཅིག་འདི་གར་འབྱོར་བར་གཞིགས་ན།  བོད་མདོ་སྨད་རྨ་ཆུ་རྫོང་མུ་ར་དགོན་པའི་སྨན་ཁང་གི་དབུ་འཛིན་སྨན་པ་མཁས་གྲུབ་ལགས་རྒྱ་ནག་གཞུང་ཉེན་རྟོག་པས་འཛིན་བཟུང་ཐེངས་གཉིས་པ་དེ་བྱས་འདུག་པ་དང། དེ་བཞིན་ཕྱི་ལོ་ ༢༠༡༢ ལོར་རྒྱ་གཞུང་གིས་འཛིན་བཟུང་འོག་ལོ་བཞིའི་རིང་གར་སོང་ཆ་མེད་དུ་གྱུར་པའི་བེུད་ཚེ་སྒྲུབ་སྐྱིད་ལགས་ཉེ་ཆར་གློད་བཀྲོལ་ཐོབ་འདུག བོད་མི་ཞིག་གིས་བོད་མདོ་སྨད་རྨ་ཆུ་ནང་གི་གནས་ཚུལ་འགྲེལ་བརྗོད་གནང་པར་སྨན་པ་མཁས་གྲུབ་ལགས་དེ་སྔོན་ ༢༠༡༦ ལོའི་ཟླ་ ༡༢ ནང་རྒྱ་གཞུང་གིས་རྒྱུ་མཚན་གང་ཡིན་གསལ་ཁ་མེད་པར་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང། སྐབས་དེར་རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཡོད་པ་ངོས་ལེན་མ་བྱས་སྟབས། མུ་ར་དགོན་པའི་དོ་དམ་པ་དང་སྨན་ཁང་གི་སྨན་པ་གཅིག་བཅས་ཁོང་གཉིས་ཀྱིས་མི་བརླག་པའི་གསལ་བསྒྲགས་སྤེལ་ནས་མི་མང་ཡོངས་ནས་འཚོལ་ཞིབ་བྱ་རྒྱུ་ཡིན་ལུགས་བརྗོད་པས་ཉེན་རྟོག་པ་ཞེད་ནས་ཁོང་འཛིན་བཟུང་བྱས་ཡོད་པ་ངོས་ལེན་གྱིས་མཐར་འདི་ལོའི་དཔྱིད་གསར་དུས་ཆེན་སྐབས་གློད་བཀྲོལ་བཏང་པ་ཞིག་ཡིན་པ་གསུངས་སོང་། འོན་ཀྱང་རྫོང་ཉེན་རྟོག་པས་དེ་སྔོན་མཁས་གྲུབ་ལགས་འཛིན་བཟུང་གིས་བཀག་ཉར་སྐབས་བཙན་འཕྲོག་བྱས་པའི་ཅ་དངོས་རྣམས་ལེན་དུ་ཤོག་ཅེས་བརྗོད་ནས་ཁོང་སླར་ཡང་འཛིན་བཟུང་ཐེངས་གཉིས་པ་དེ་བྱས་ཡོད་པ་རེད་འདུག ཡང་དེའི་བར་ན་ཨོ་སི་ཊོ་ལི་ཡར་བཞུགས་པའི་རྨེའུ་དཀོན་རྒྱམ་ལགས་ཀྱིས་དེ་སྔོན་མགོ་ལོག་པདྨ་རྫོང་སེ་ལེ་ཐང་ཡུལ་ཚོ་ནས་ཡིན་པའི་གྲྭ་བློ་བཟང་དགེ་འདུན་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༣ ཉིན་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྐབས་ཚེ་སྒྲུབ་སྐྱིད་ལགས་ཀྱིས་ཁོང་གི་སྐུ་ཕུང་ལ་བཟུང་ནས་བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་ཞེས་སྐད་འབོད་གནང་སྟབས་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་པ་མ་ཟད། ད་བར་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཉེ་ཆར་ཟླ་འདིའི་ཚེས་ ༥ ཉིན་བཙོན་གྲོལ་ཐོབ་བཏང་ཡོད་པ་རེད་འདུག ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༥ ཉིན་རྒྱ་གཞུང་གི་ཁྲིམས་ཁང་ནས་ཁོང་ལ་ལོ་ངོ་ ༤ རིང་ལ་བཙོན་འཇུག་ཁྲིམས་ཐག་བཅད་ནས་མེ་ཡན་བཙོན་ཁང་ནང་བཅུག་ཡོད་པ་དང་། ཁོང་བཙོན་ཁང་ནང་དུ་བཞུགས་སྐབས་གཟུགས་གཞི་བདེ་མིན་རྐྱེན་པས་ལོ་གཅིག་ལྷག་བཙོན་པའི་སྨན་ཁང་དུ་བཞུགས་དགོས་བྱུང་འདུག ཉེ་ཆར་ཁོང་བཙོན་གྲོལ་གཏང་ལ་ཉེ་བའི་མཚམས་དེར་རྒྱ་གཞུང་གིས་ཁོང་ལ་ཁྱེད་རང་གི་སྨན་ཡོན་ལ་རྒྱ་སྒོར་ཁྲི་བཅུ་གསུམ་སོང་ཟིན་སྟབས། དངུལ་ཚབ་སྤྲོད་དགོས་ཟེར་ནས་དཀའ་ངལ་མང་དག་འཕྲད་ཡོད་པ་ཤེས་རྟོགས་བྱུང་འདུག རྩ་བའི་ཚེ་སྒྲུབ་སྐྱིད་ལགས་ཟླ་འདིའི་ཚེས་ ༥ ཉིན་བཙོན་གྲོལ་ཐོབ་ནས་རང་ཁྱིམ་དུ་འབྱོར་སྐབས་ས་གནས་ཡུལ་མི་ ༢༠༠ ལྷག་གིས་ཕེབས་བསུ་གཟབ་རྒྱས་ཞུས་འདུག གཞན་ཡང་སྔ་ལོ་ཨ་མདོ་ཨ་མཆོག་ནས་གཏེར་ཁ་སྔོག་འདོན་གྱི་ལས་གཞིར་ཞུ་གཏུག་གི་ལས་འགུལ་སྤེལ་བ་དང་འབྲེལ་འཛིན་བཟུང་གིས་བློ་རིག་མི་གསལ་བ་བཟོས་ནས་རང་ཁྱིམ་དུ་བཏང་བའི་ཚེ་དབང་སྐྱབས་ལགས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག དེའང་སྔ་ལོའི་ཕྱི་ཟླ་ ༥ པའི་ནང་བོད་མདོ་སྨད་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོའི་བོད་མི་རྣམས་ཀྱིས་ ་གོང་སྔོན་བླ་རིའི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་མཚམས་འཇོག་དགོས་པའི་ལས་འགུལ་སྤེལ་བཞིན་པའི་ཁྲོད། ཚེ་དབང་སྐྱབས་ལགས་ནས་ལས་གཞི་དེ་མཚམས་འཇོག་དགོས་པའི་གཏམ་བཤད་བྱས་ཡོད་པ་དང་། དེའི་བརྙན་པར་ཞིག་བརྒྱུད་ལམ་ཐོག་ཕྱིར་འགྱར་བྱུང་བས་ཁོང་དང་བོད་མི་གཞན་ལྔ་དྲུག་ཙམ་ཞིག་འཛིན་བཟུང་བྱས་ཡོད་པ་རེད། སུད་སིར་བཅའ་བཞུགས་ལྷ་སྲས་བསོད་ནམས་ལགས་ཀྱིས་གནས་ཚུལ་གནང་འབྱོར་བྱུང་བར་གཞིགས་ན། ཚེ་དབང་སྐྱབས་ལགས་ལ་ནད་གཞི་ལྕི་མོ་ཞིག་བྱུང་ནས་རྫོང་དང་ཁུལ་སྨན་ཁང་སོགས་སུ་འགྲོ་སོང་ཆེན་པོ་བཏང་ནས་སྨན་བཅོས་ཞུས་ཀྱང་ཕན་འབྲས་མ་བྱུང་ནས་མཐར་ཟླ་ ༤ ཚེས་ ༢༥ ཕྱི་དྲོ་ཚོུད་ ༡༡།༡༥ སྟེང་སྐུ་འདས་གྲོངས་སུ་གྱུར་ཡོད་པ་རེད་འདུག

Latest news