Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

རྒྱ་གར་གྱི་དཔོན་རིགས་ཚོར་༸གོང་ས་མཆོག་བཙན་བྱོལ་དུ་ཕེབས་ནས་མི་ལོ་ ༦༠ འཁོར་བའི་མཛད་སྒོའི་ཐོག་མཉམ་ཞུགས་གནང་རྒྱུ་མེད་པའི་བརྡ་ཁྱབ་བཏང་བ།

རྒྱ་དཀར་ནག་གཉིས་ཀྱི་དབར་ཚོར་བ་རྣོ་བའི་འབྲེལ་ལམ་རྒྱུ་མཚན་དུ་བཀོད་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་ནས་མི་ལོ་ ༦༠ འཁོར་བའི་མཛད་སྒོའི་ཐོག་རྒྱ་གར་གྱི་དཔོན་རིགས་རྣམས་མཉམ་ཞུགས་གནང་རྒྱུ་མེད་པའི་ལམ་སྟོན་གནང་འདུག དེའང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཆེ་གྲས་ཁག་ཅིག་གི་ཐོག་གནས་ཚུལ་ཐོན་པར་གཞིགས་ན། ཉེ་ཆར་ཕྱི་ཟླ་ ༢ ཚེས་ ༢༢ ཉིན་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ Vijay Gokhale ལགས་ཀྱིས་དབུས་གཞུང་གི་འཛིན་སྐྱོང་དྲུང་ཆེ་ PKSinha ལགས་སུ་ཞུ་སྐུལ་གནང་བ་ལྟར་སྐུ་ཞབས་ Sinha ལགས་ཀྱིས་དེ་རྗེས་རྒྱ་གར་དབུས་གཞུང་དང་མངའ་སྡེ་སོ་སོའི་དཔོན་རིགས་མཐོ་གྲས་དང་འབྲེལ་ཡོད་ལས་བྱེད་རྣམས་ལ་ནང་ཁུལ་བཀོད་ཁྱབ་ཞིག་གནང་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་ནས་མི་ལོ་ ༦༠ འཁོར་བའི་རྗེས་དྲན་གྱི་མཛད་སྒོའི་ལས་རིམ་ཁག་ལ་མཉམ་ཞུགས་གནང་རྒྱུ་མེད་པའི་ལམ་སྟོན་གནང་འདུག སྐུ་ཞབས་ Sinha ལགས་ཀྱིས་བརྡ་ཁྱབ་དེའི་ནང་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ Gokhale ལགས་ཀྱིས་གནང་བའི་བཀའ་མོལ་ཁག་ཅིག་ལུང་འདྲེན་དང་སྦྲགས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་༸གོང་ས་མཆོག་བཙན་བྱོལ་དུ་ཕེབས་ནས་མི་ལོ་ ༦༠ འཁོར་བའི་རྗེས་དྲན་དང་འབྲེལ་ཕྱི་ཟླ་ ༤ ཚེས་ ༡ ཉིན་རྒྱལ་ས་ལྡི་ལིར་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཆེ་གྲས་ཤིག་གོ་སྒྲིག་གནང་གི་ཡོད་པ་དང། དེའི་ཐོག་རྒྱ་གར་གཞུང་གི་དཔོན་རིགས་མཐོ་གྲས་ཁག་ཅིག་གདན་འདྲེན་ཞུ་འཆར་ཡོད་པ་མ་ཟད། དེ་བཞིན་རིམ་པས་རྒྱལ་ས་ལྡི་ལི་དང་མངའ་སྡེ་གཞན་ཁག་གི་ནང་དུ་དེ་འབྲེལ་ལས་རིམ་ཚོགས་ཀྱི་ཡོད་པ་རེད། དུས་སྐབས་དེ་ནི་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཐད་ལ་ཆེས་ཚོར་བ་རྣོ་བའི་དུས་ཚིགས་ཤིག་ཆགས་ཀྱི་ཡོད་སྟབས་རྒྱ་གར་དབུས་གཞུང་དང་མངའ་སྡེ་སོ་སོའི་དཔོན་རིགས་མཐོ་གྲས་རྣམས་ནས་ལས་རིམ་དེ་དག་ཐོག་མཉམ་ཞུགས་གནང་ན་འོས་འཚམས་མེད་པ་དང། དེ་ལྟར་གནང་རྒྱུ་མེད་པར་ཞུ་སྐུལ་གནང་དགོས་ཀྱི་རེད་ཅེས་བཀོད་འདུག རྒྱ་གར་དབུས་གཞུང་གི་འཛིན་སྐྱོང་དྲུང་ཆེ་ PKSinha ལགས་ཀྱིས་བཏང་བའི་བརྡ་ཁྱབ་དེའི་སྐོར་གྱི་གནས་ཚུལ་ཕྱིར་འགྱར་བྱུང་མ་ཐག་རྒྱ་གར་གྱི་བརྒྱུད་ལམ་ཁག་ཅིག་ནས་དབུས་གཞུང་ལ་གནད་དོན་དེའི་སྐོར་འདྲི་རྩད་གནང་བ་ལྟར། དེ་རིང་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱིས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་རྒྱ་གར་གཞུང་གི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐོག་འཛིན་པའི་བཞེངས་ཕྱོགས་ལ་འགྱུར་བ་གང་ཡང་མེད་པ་ཁ་གསལ་ཡིན་པ་དང། ༸གོང་ས་མཆོག་ནི་རྒྱ་གར་མི་མང་གི་གུས་བརྩི་ཆེན་པོ་ཞུ་བཞིན་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཞིག་ཡིན་པ་ལྟར། ༸གོང་ས་མཆོག་ལ་རྒྱ་གར་གྱི་ས་གནས་གང་ཞིག་ཏུ་ཆོས་ཕྱོགས་ཀྱི་གནང་སྒོ་སྤེལ་རྒྱུའི་ཁེ་དབང་ཡོངས་རྫོགས་ཕུལ་ཡོད་སྐོར་འགྲེལ་བརྗོད་དང་ལྷན་ཅིག་ཏུ་རྒྱ་གར་གཞུང་ནས་༸གོང་ས་མཆོག་གི་ཐོག་འཛིན་པའི་བཞེངས་ཕྱོགས་ལ་འགྱུར་བ་རྩ་བ་ནས་མེད་པར་འགྲེལ་བརྗོད་གནང་བ་དེ་ལྟར་ཡང། རྒྱ་གར་གྱི་དཔོན་རིགས་ཚོར་གནང་བའི་བརྡ་ཁྱབ་སྐོར་ལ་འགྲེལ་བརྗོད་གང་ཡང་གནང་མི་འདུག གཞི་རྩའི་འདི་ལོ་ཕྱི་ལོ་ ༢༡༠༨ ཟླ་ ༣ ཚེས་ ༣༡ ཉིན་མོ་དེ་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་རྣམས་བཙན་བྱོལ་རྒྱ་གར་དུ་འབྱོར་ནས་མི་ལོ་ ༦༠ ཧྲིལ་པོ་འཁོར་བའི་དུས་ཚིགས་འཁེལ་གྱི་ཡོད་པ་ལྟར། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་པའི་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་རྣམ་པ་གཉིས་བཅས་ལྷན་ཞུགས་ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Press Club of India ནང་གསར་འགོད་ལྷན་ཚོགས་གནང་བ་དང་འབྲེལ། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་ཕྱི་ཟླ་ ༣ ཚེས་ ༣༡ དང་ཕྱི་ཟླ་ ༤ ཚེས་ ༡ བཅས་ཉིན་གྲངས་གཉིས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱ་གར་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ། གཞུང་འབྲེལ་གནད་ཡོད་མི་སྣ་སོགས་གདན་ཞུ་ཐོག་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་གཞི་རྒྱ་ཆེ་བ་ཞིག་ཚོགས་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༨ ལོ་འཁོར་མོ་ནང་བོད་མི་གནས་ཡུལ་རྒྱ་གར་གི་ས་ཁུལ་གང་སར་གཞུང་འབྲེལ་གྱི་ཐོག་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཞུའི་ལས་འགུལ་འདྲ་མིན་སྤེལ་འཆར་ཡོད་སྐོར་གསུངས་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ནས་བོད་མིའི་སྒྲིགས་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་གནད་དོན་དེ་འབྲེལ་བཀའ་འདྲི་ཞུས་པར་ཁོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ད་ལྟའི་ཆར་གནད་དོན་དེའི་ཐད་ལ་ལན་འདེབས་གང་ཡང་གནང་རྒྱུ་མེད་ཅེས་གསུངས་ཡོད།

༸གོང་ས་མཆོག་གིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཚན་ཉིད་ཚང་བའི་ཐོག་ནས་གནང་དགོས་གལ་ཡིན་པའི་ལམ་སྟོན་མཛད་པ།

བཙན་བྱོལ་ནང་གི་རིས་སུ་མ་ཆད་པའི་བཙུན་དགོན་ཁག་ནས་བོད་མའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀྲིན་རྗེས་དྲན་གྱི་བརྟན་བཞུགས་བསྟར་འབུལ་ཞུས་པའི་ཐོག་༸གོང་ས་མཆོག་གིས་བཙུན་མ་རྣམས་ནས་གཞུང་ཆེན་ཐོག་སློབ་གཉེར་རྒྱག་བཞིན་པ་ཐུགས་དགྱེས་ཚོར་ཆེན་པོས་རྗེས་སུ་ཡི་རང་བཀའ་བསྩལ་བ་དང་སྦྲགས། སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཚན་ཉིད་ཚང་བའི་ཐོག་ནས་གནང་དགོས་གལ་ཡིན་པ་ལམ་སྟོབ་རྒྱ་ཆེ་མཛད་སོང་། དེ་རིང་ཕྱི་ཟླ་ ༣ ཚེས་ ༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་ཀྱི་མཛད་སྒོའི་ཐོག་འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་མཆོག་གིས་དབུས་པའི་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་སྐུ་ཚབ་ཁག་ཅིག་དང་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིན་དང་གཡུང་དྲུང་བོན་བཅས་ཀྱི་བཙུན་དགོན་ ༤༠ འི་སྐུ་ཚབ་བཙུན་པ་ ༩༠༠ ཙམ་ཆེད་ཕེབས་གནང་བ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམས་པ་སོགས་ཆིབས་སྒྱུར་བསྐྱངས་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིས་སུ་མ་ཆད་པའི་བཙུན་དགོན་ཁག་ནས་ཕེབས་པའི་བཙུན་མ་རྣམས་པ་དང་ཕྱི་ནང་གི་སེར་སྐྱ་མང་ཚོགས་སྟོང་ཚོ་ཁ་ཤས་ཡོད་པ་རྣམས་ལ་ད་རེས་བཙན་བྱོལ་ནང་གི་ས་དགེ་བཀའ་རྙིང་བོན་དང་བཅས་པ་རིས་སུ་ཆད་པའི་བཙུན་དགོན་ཁག་ནས་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པར་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་སོང་བ་དང་། ཁྱད་པར་དུ་མགོན་པོ་༸གང་ཉིད་མཆོག་གི་དགོངས་པ་བཞིན་བཙན་བྱོལ་དུ་འབྱོར་རྗེས་བཙུན་མ་རྣམས་ནས་སྔར་ལམ་ལྟར་མ་ཡིན་པར་སངས་རྒྱས་ཀྱི་བསྟན་པ་མི་ཉམས་རྒྱུན་འཛིན་སླད་གཞུང་ཆེན་ཁག་ལ་བསླབ་པ་སློབ་གཉེར་འགོ་འཛུགས་དང་ད་ཆ་དགེ་བཤེས་མ་ཐོན་མཁན་བྱུང་ཡོད་སྟབས། རྗེས་སུ་ཡི་རང་དང་ད་དུངཡང་འཛམ་གླིང་ལ་ངོམས་ཆོག་པ་བོད་ཀྱི་ཆོས་རིག་སྤྱི་དང་ཁྱད་པར་དུ་བོད་བརྒྱུད་ནང་བསྟན་དེ་རྩ་ཆེན་པོ་ཡིན་ལུགས་སློབ་གཉེར་བྱེད་ནས་ཤེས་ཐོག་གཞན་ལ་འགྲེལ་བརྗོད་གནང་ཐུབ་དགོས་གལ་ཡིན་པ་ལམ་སྟོན་མཛད་ཡོད། ༸གོང་ས་མཆོག་གིས་ད་དུང་ཡང་བོད་ཀྱི་ས་དགེ་བཀའ་རྙིང་བོན་དང་བཅས་པའི་བཙུན་མ་རྣམས་དུས་གཅིག་ལ་འདུས་ཡོད་པ་དང་འབྲེལ་ནས་ཆོས་བརྒྱུད་ཕན་ཚུན་བསྟན་འཛིན་ཕུ་ནུ་བཞིན་དུ་ཐུགས་མཐུན་ཁྲིམས་གཙང་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེ་ཡིན་པ་དང་། ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་བོད་རྒྱལ་ཁབ་ཀྱི་བསྟན་སྲིད་སྤྱིའི་སླད་དུ་དད་དམ་དང་ལྷག་བསམ་གཡོ་མེད་གནས་ཐུབ་ན་བརྟན་བཞུགས་ངོ་དེ་ཡིན་ཞེས་བཀའ་ནན་བསྩལ་སོང་། ཐེངས་འདིའི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བཙུན་པ་བློ་བཟང་བདེ་ཆེན་ལགས་ཀྱིས་ ༸རྒྱལ་བའི་བཀྲིན་རྗེས་དྲན་གྱི་བརྟན་བཞུགས་ཀྱི་བྱུང་རིམ་དང་ཁྱད་པར་དུ་དེ་རིང་གི་དུས་ཚིགས་འདིའི་ཐོག་ནས་ཁས་ལེན་དམ་བཅའ་ཁག་ཅིག་ཞུས་ཡོད་སྐོར་ངོ་སྤྲོད་གནང་ཡོད།

རིས་མེད་བཙུན་མ་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བཙུན་མ་ཐུན་མོང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཕྱི་ཟླ་ ༣ ཚེས་ ༡ ཉིན་སྔ་དྲོ་ཚོུད་ ༨།༣༠ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུ་རེད་འདུག དེའང་ཐེངས་འདིའི་བརྟན་བཞུགས་དེ་གཙོ་བོ་ད་བར་༸རྒྱལ་མཆོག་༸སྐུ་འཕྲེང་རིམ་བྱོན་རྣམས་ནས་བོད་ཀྱི་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་གི་བཙུན་མ་རྣམས་ལ་ཐུགས་རྗེ་ཆེན་པོས་རྗེས་སུ་འཛིན་པ། ལྷག་པར་དུ་༸རྒྱལ་དབང་༸སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བཙུན་མའི་བསླབ་པ་སློབ་གཉེར་ཐོག་ལམ་བསྟོན་བཀའ་སློབ་དང་མཐུན་འགྱུར་སོགས་གནང་བར་བཀའ་དྲིན་རྗེས་དྲན་མཚོན་ཆེད་དང་། རང་ཅག་ཁ་བ་གངས་ཅན་པ་རྣམས་ཀྱི་ཚེ་རབས་ཐོག་མེད་ནས་བསགས་པའི་ལས་སྨོན་གྱི་རྟེན་འབྲེལ་གོང་འཕེལ། ཁྱད་པར་དུ་མགོན་པོ་༸གང་ཉིད་མཆོག་བསྟན་འགྲོ་ཡོངས་ཀྱི་སླད་དུ་༸སྐུ་ཚེ་མི་འཇིག་རྡོ་རྗེ་ཁམས་སུ་བརྟན་ཅིང་རླབས་ཆེན་གྱི་ཐུགས་བཞེད་མཐའ་དག་ལྷུན་གྱིས་གྲུབ་པ་སོགས་ལ་དམིགས་ཏེ་ཕུལ་བ་ཞིག་ཡིན་པ་རེད་འདུག ཐེངས་འདིའི་བརྟན་བཞུགས་དང་འབྲེལ་དེ་རིང་སྔ་ཐོག་གཙུག་ལག་ཁང་དུ་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བརྟན་བཞུགས་ཀྱི་སྒྲུབ་བཤག་ཆོ་ག་དབུ་འཛུགས་གནང་ཡོད་པ་དང་། བོད་ཚེས་ ༡༤ ཉིན་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་དང་སྐུ་ཚབ་བཅས་ཆེད་ཕེབས་གནང་གི་ཡོད་པ་དང་།  བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་བཅས་ནས་མཉམ་ཞུགས་གནང་གི་འདུག ཤེས་རྟོགས་བྱུང་བར་བོད་ཀྱི་ཆོས་བརྒྱུད་རིས་མེད་ཁག་གི་བཙུན་མ་ཐུན་མོང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དེ་ནི་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་རེད།

༸གོང་ས་མཆོག་ནས་ཨ་རིའི་བྱམས་བརྩེའི་གྲོང་ཁྱེར་གཉིས་ཀྱི་སྤྱི་ཁྱབ་དང་མཇལ་མོལ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་ཨ་རིའི་ Kentucky མངའ་སྡེའི་བྱམས་བརྩེ་གྲོང་ཁྱེར་ Louisville སྤྱི་ཁྱབ་སྐུ་ཞབས་ Greg Fischer མཆོག་དང་ཨ་རིའི་ California མངའ་སྡེའི་སྙིང་རྗེ་གྲོང་ཁྱེར་ Anaheim སྤྱི་ཁྱབ་སྐུ་ཞབས་ Tom tait མཆོག་རྣམ་གཉིས་དང་མཇལ་མོལ་མཛད་ཡོད་པ་རེད། དེའང་གྲོང་ཁྱེར་གྱི་སྤྱི་ཁྱབ་སྐུ་ཞབས་རྣམ་གཉིས་ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་ཞུས་སྐབས་གྲོང་ཁྱེར་སོ་སོ་ནང་གི་བྱམས་བརྩེ་དང་སྙིང་རྗེ་འབྲེལ་བའི་ལས་གཞི་ཁྱབ་སྤེལ་དང་འཛུགས་སྐྲུན་ཞུ་སྒོ་ཁག་སྙན་གསེང་ཞིབ་རྒྱས་ཞུས་འདུག་པ་དང། སྤྱི་ཁྱབ་སྐུ་ཞབས་ Greg Fischer  མཆོག་སྐུ་སྒེར་གྱི་འཕྲུལ་བྱའི་སྟེང་དུ་སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ Louisville གྲེང་ཁྱོར་ནས་ཡིན་པའི་འཛམ་གླིང་ཐོག་ཁུ་ཚུར་རྩལ་འགྲན་པ་གྲགས་ཅན་སྐུ་གཤེགས་དམ་པ་ Muhammad Ali མཆོག་གི་མཚན་འཁོད་དབུ་ཞྭ་བཞེས་ཡོད་པ་མངོན་རྒྱུ་འདུག གཞི་རྩའི་ Louisville གྲོང་ཁྱེར་གྱི་སྤྱི་ཁྱབ་སྐུ་ཞབས་ Greg Fischer མཆོག་ནས་དེ་སྔ་ཕྱི་ལོ་ ༢༠༡༣ ལོར་༸གོང་ས་མཆོག་གྲོང་ཁྱེར་དེའི་ནང་ཆེས་ཐོག་མར་ཆིབས་བསྒྱུར་མཛད་སྐབས་གྲོང་ཁྱེར་དེ་བྱམས་བརྩེ་ལྡན་པའི་གྲོང་ཁྱེར་ཞིག་ཏུ་བསྐྲུན་རྒྱུའི་ལས་གཞི་ཁག་སྙན་གསེང་ཞུས་པ་ལྟར། ༸གོང་ས་མཆོག་ནས་སྐབས་དེར་ཁོང་གི་ལས་གཞི་དེར་རྒྱབ་སྐྱོར་དང་ཡི་རངས་བསྔགས་བརྗོད་ཆེན་པོ་མཛད་ཡོད་པ་རེད། ལྷག་པར་དུ་སྔ་ལོ་གྲོང་ཁྱེར་དེའི་ནང་ཚོགས་པའི་ Festival of Faith ཞེས་ཆོས་ལུག་མཐུན་སྒྲིལ་གྱི་དུས་སྟོན་དབུ་འབྱེད་མཛད་སྒོའི་ཐོག་༸གང་ཉིད་མཆོག་ཆིབས་བསྒྱུར་བསྐྱང་གཏན་འཁེལ་ཡོད་ཀྱང། ༸སྐུའི་འཕྲོད་བཞེས་རྐྱེན་པས་མཛད་རིམ་དེས་གཙོས་པའི་ཨ་རི་ནང་གི་མཛད་འཆར་ཁག་གཅིག་ཕྱིར་འཐེན་གནང་དགོས་བྱུང་ཡོད་པ་རེད། དེ་བཞིན་ Anaheim སྤྱི་ཁྱབ་སྐུ་ཞབས་ Tom tait མཆོག་ནས་ཀྱང་གྲོང་ཁྱེར་དེའི་མང་ཚོགས་ཁྲོད་སྙིང་རྗེ་གོང་འཕེལ་དང་འབྲེལ་བའི་ལས་གཞི་མང་དག་ཞིག་སྤེལ་ཏེ་གྲོང་ཁྱེར་དེ་ city of kindness ཞེས་སྙིང་རྗེ་ལྡན་པའི་གྲོང་ཁྱེར་ཞིག་ཏུ་བསྐྲུན་རྒྱུའི་ལས་གཞི་ཁྲོད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྲོང་ཁྱེར་དེར་ཚོགས་པའི་རྒྱལ་སྤྱིའི་བྱམས་བརྩེའི་ལྷན་ཚོགས་ཐོག་གདན་འདྲེན་ཞུས་པ་མ་ཟད། Indianapolis ནང་ཚོགས་པའི་ཨ་རིའི་གྲོང་ཁྱེར་སྤྱི་ཁྱབ་རྣམ་པའི་ལྷན་ཚོགས་ཐོག་ཏུའང་༸གང་ཉིད་མཆོག་སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུས་ཡོད་པ་རེད། ད་ལན་གྲོང་ཁྱེར་སྤྱི་ཁྱབ་རྣམས་གཉིས་རྒྱ་གར་དུ་ཉིནགྲངས་བཅུའི་རིང་འཚམས་གཟིགས་ལ་ཕེབས་པ་དེ་ནི་ཨ་རིའི་གཞུང་ཚབ་ཁང་གི་མཐུན་འགྱུར་འོག་འཛམ་གླིང་གྲོང་ཁྱེར་སྤྱི་ཁྱབ་འབྲེལ་མཐུད་ཚོགས་པས་རྐང་འགན་བཞེས་ཐོག་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང། ཁོང་རྣམ་གཉིས་ནས་འཚམས་གཟིགས་དེའི་ཁྲོད་བཞུགས་སྒར་དྷ་རྨ་ས་ལར་ཆེད་ཕེབས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་ཞུས་པ་མ་ཟད་རྒྱ་གར་གྱི་གྲོང་ཁྱེར་མུམ་བའེ་དང་རྒྱལ་ས་དི་ལླཱིའི་སྤྱི་ཁྱབ་པ་གཙོས་པའི་གཞུང་གི་དབུ་ཁྲིད་དང་། གནད་ཡོད་མི་སྣ། ཚོང་གཉེར་བ་། དེ་བཞིན་སློབ་ཕྲུག་སོགས་ལ་བྱམས་བརྩེ་གྲོང་ཁྱེར་སྐོར་ཁྱབ་སྤེལ་དང་ལས་གཞི་ངོ་སྤྲོད་སོགས་གནང་འདུག  

༸གོང་ས་མཆོག་དང་བོད་གཞུང་མང་གཉིས་ནས་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་གསར་པ་སྐུ་ཞབས་སཡི་རིལ་རྭ་མ་ཧྥོ་ས་མཆོག་ལ་འཚམས་འདྲི་གནང་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ལྷོ་ཨ་ཕི་རི་ཀའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་སྐུ་ཞབས་ Cyril Ramaphosa མཆོག་ལ་རྒྱལ་ཁ་ཐོབ་ནས་སྲིད་འཛིན་དུ་འོས་འདེམས་བྱུང་བར་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག མགོན་པོ་མཆོག་གིས་འཚམས་འཕྲིན་དེའི་ནང་སྲིད་འཛིན་མཆོག་ལ་ཞི་བདེ་ལྷིང་འཇགས་ངང་ནས་སྲིད་དབང་རྩིས་སྤྲོད་གནང་བ་དེས་ཨ་ཕི་རི་ཀ་རྒྱལ་ཁབ་དེའི་ནང་མང་གཙོའི་རྩ་བ་སྲ་བརྟན་ཡོད་པ་མངོན་ཡོད་པ་དང་། ཁྱད་པར་དུ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་དང་ཞི་བདེ་དེད་དཔོན་དམ་པ་སྐུ་ཞབས་ Nelson Mandela མཆོག་གིས་དྲང་བདེན་དང་འགྲིགས་འཇགས་ཐོག་ཞི་བདེ་དང་མང་གཙོ། འདྲ་མཉམ་བཅས་ཡང་དག་པའི་དབུ་ཁྲིད་ལམ་སྟོན་གནང་ཡོད་པ་སོགས་ལ་ཡི་རང་བསྔགས་བརྗོད་མཛད་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ཨ་ཕི་རི་ཀའི་རྒྱལ་ཁབ་དེ་ཡར་རྒྱས་དང་གོང་འཕེལ་གྱི་ཕྱོགས་སུ་བསྐྱོད་རྒྱུའི་ནུས་པ་ལྡན་ཡོད་པ་དང་། ལྷག་པར་དུ་༸གང་ཉིད་མཆོག་གིས་སྲིད་འཛིན་སྐུ་ཞབས་ Cyril Ramaphosa མཆོག་ནས་དབུ་ཁྲིད་འོག་ལྷོ་ཨ་ཕི་རི་ཀའི་རྒྱལ་ཁབ་དེ་མུ་མཐུད་ནས་ཡར་རྒྱས་དང་གོང་འཕེལ་གྱི་ཕྱོགས་སུ་མདུན་བསྐྱོད་ཐུབ་པ་མ་ཟད། སྤྱི་ཚོགས་ཁྲོད་ཀྱི་ཆེས་ཉམ་ཐག་ཚོའང་སྣེ་ཁྲིད་གནང་ཐུབ་པར་ཐུགས་རེ་གནང་བཞིན་ཡོད་པ་བཀའ་སྩལ་དང་ཆབས་ཅིག མང་ཚོགས་ཀྱི་ངོས་ནས་ཕུགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་བའི་རེ་བ་དང་ཡིད་ཆེས་འཕེལ་བ་ཞིག་ཐུབ་པ་དང་། ལྷག་པར་དུ་རྒྱལ་ཁབ་གཞན་ཚོས་ཀྱང་དམིགས་དཔེ་བྱ་འོས་པ་ཞིག་གནང་དགོས་གལ་ཡིན་པ་ལམ་སྟོན་བསྩལ་ཡོད་པ་རེད། མགོན་པོ་མཆོག་གི་སྲིད་འཛིན་མཆོག་ལ་སྩལ་བའི་གསུང་འཕྲིན་དེའི་མཐའ་མཇུག་ཏུ། ཁོང་གིས་དབུ་ཁྲིད་འོག་གཞུང་འཛིན་ལས་ཡུན་རིང་ལ་ལས་དོན་གང་ཅིའི་ཐོག་གདོང་ལེན་གྱིས་རྒྱལ་ཁབ་ཀྱི་མི་མང་ཚོའི་ཐུགས་རེ་དང་མངོན་འདོད་ལྟར་ལམ་ལྷོང་ཡོང་བའི་སྨོན་འདུན་ཡོད་པ་བཀའ་གནང་འདུག གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཐེངས་འདིར་སྐུ་ཞབས་སཡི་རིལ་རཱ་མ་ཧྥོ་ས་མཆོག་ལྷོ་ཨ་ཕི་རི་ཁའི་སྲིད་འཛིན་དུ་བསྐོ་གཞག་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་པ་དང་འབྲེལ་ཁོང་གི་གཞུང་འཛིན་ལས་དོན་མཐའ་དག་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུས་འདུག་པ་མ་ཟད། ལྷོ་ཨ་ཕི་རི་ཀའི་ནང་ཞི་བའི་ཐབས་ལམ་ལམ་ལྷོངས་བྱུང་ཡོད་པ་ལྟར་བོད་ཀྱི་གནད་དོན་དེ་ཡང་ཞི་བའི་ཐོག་ནས་གསལ་ཐུབ་པར་ཡིད་ཆེས་ཡོད་པ་སོགས་གསུངས་འདུག

འདས་ལོའི་ནང་༸གོང་ས་མཆོག་གི་མཛད་འཕྲིན་ཕྱོགས་སྒྲིག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་མེ་བྱ་ལོ་དེའི་ནང་སྔར་དང་མི་འདྲ་བར་ཕྱིའི་རྒྱལ་ཁབ་ཨ་རི་དང་ཡོ་རོབ་ཁུལ་དུ་ཆིབས་བསྒྱུར་ཐེངས་གཅིག་བསྐྱངས་ཡོད་པ་དང་། རྒྱ་གར་ནང་འཛད་འཕྲིན་སླད་ཆིབས་བསྒྱུར་མང་བ་མཛད་ཡོད་པ་རེད། རྩ་བའི་མགོན་པོ་༸གང་ཉིད་མཆོག་འདི་ལོ་བོད་ལུགས་ལྟར་དགུང་གྲངས་ ༨༣ ལ་ཕེབས་ཡོད་ཀྱང་། ༸གང་ཉིད་མཆོག་གིས་འདས་པའི་མེ་བྱ་ལོ་འཁོར་མོའི་ནང་ཉིན་གྲངས་ ༣༦༥ ཡོད་པ་ནས་ཁྱོན་ཉིན་གྲངས་ ༡༣༠ ལྷག་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གཙོ་བོར་གྱུར་པའི་མངའ་སྡེའི་འདྲ་མིན་ ༡༡ ལྷག་ནང་ཆིབས་བསྒྱུར་གནང་སྟེ་གཙོ་བོ་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་པ་སྟེ་རྒྱ་གར་གྱི་གནའ་བོའི་རིག་གནས་བསྐྱར་གསོ་གནང་རྒྱུ་དང་འབྲེལ། རྒྱ་གར་བ་ཚོའི་ངོས་ནས་རང་རྒྱལ་ཁབ་ཀྱི་ཐུན་མོང་མ་ཡིན་པའི་གནའ་བོའི་རིག་གནས་དང་དེང་གི་ཤེས་ཡོན་གཉིས་ཟུང་སྦྲེལ་ཐོག་འཛམ་གླིང་སྤྱི་ལ་སྨན་པའི་ཞབས་འདེགས་ཞུ་རྒྱུའི་ནུས་པ་ཁྱད་པར་བ་ལྡན་ཡོད་སྐོར་བཀའ་སྩལ་བ་དང་། ལྷག་པར་དུ་རྒྱ་གར་གྱི་གཞོན་སྐྱེས་ཚོས་རྒྱལ་ཁབ་ཀྱི་གནའ་བོའི་སྲོལ་རྒྱུན་དང་རིག་གནས་ལ་དོ་སྣང་མང་ཙམ་བྱ་དགོས་གལ་ཡིན་པའི་ལམ་སྟོན་རྒྱ་ཆེ་མཛད་ཡོད།

ཏཱ་ལའི་རུ་ཚོགས་དང་འབྲེལ་ཡོད་ལས་གཞི་ཁག་གཞུང་ལ་རྩིས་སྤྲོད་བྱེད་དགོས།

ཁ་སང་ Global Times ཞེས་པའི་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བར་ཉེ་ཆར་ཕྱི་ཟླ་ ༡ ཚེས་ ༡༡ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་སྤྱི་བདེ་ལས་ཁུངས་ནས་ངན་སྐུལ་གྱིས་ཁྲིམས་འགལ་བྱ་སྤྱོད་ལ་དམ་དྲག་དང་གཙང་བཟོའི་ལས་གཞི་ཟེར་བའི་ལམ་སྟོན་ཡིག་ཆ་ཞིག་འདོན་སྤེལ་བརྒྱུད། ས་གནས་མང་ཚོགས་ནས་ཏཱ་ལའི་རུ་ཚོགས་ཀྱིས་བརྒྱུད་སྐུལ་བྱས་པའི་ཁྲིམས་འགལ་ལས་དོན་རིགས་སོགས་ཀྱི་སྐོར་འབྲེལ་ཡོད་ལས་ཁུངས་སུ་སྐབས་ཐོག་བརྡ་ལན་སྤྲོད་དགོས་པའི་འབོད་སྐུལ་བྱས་འདུག དེའང་སྤྱི་བདེ་ལས་ཁུངས་ཀྱི་ཡིག་ཆའི་ནང་ཕུགས་རྒྱང་རིང་པོའི་སྤྱི་ཚོགས་བརྟན་ལྷིང་དང་མང་ཚོགས་ཁྲོད་འཆམ་མཐུན་དང་བདེ་སྐྱིད་བསྐྲུན་ཆེད། དོན་ཚན་ ༢༢ ཅན་གྱི་ལམ་སྟོན་ཁག་ཅིག་སྟོན་པ་ལས་ཉུང་མཐར་དོན་ཚན་གསུམ་ཙམ་ཞིག་ཏཱ་ལའི་རུ་ཚོགས་ཟེར་བ་དང་ཐད་ཀར་འབྲེལ་བ་བཏགས་འདུག དེའི་ཁོངས་སུ་ཏཱ་ལའི་ཁ་བྲལ་རུ་ཚོགས་ཀྱིས་བརྒྱུད་སྐུལ་འོག་ས་གནས་སུ་བརྟན་ལྷིང་དཀྲུག་པ་དང་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བ། དེ་བཞིན་དཔལ་འབྱོར་དང་ཁོར་ཡུག ཤེས་ཡོན། རིག་གཞུང་སོགས་ཀྱི་གནད་དོན་ཐོག་མང་ཚོགས་ཀྱི་མགྲིན་ཚབ་པ་ཡིན་ཁུལ་བྱས་ནས་ཏཱ་ལའི་རུ་ཚོགས་ཀྱི་མགྲིན་ཚབ་པ་ཡིན་པའི་ཁྲིམས་འགལ་གྱི་རུ་ཁག གཞན་ཡང་ཁྲིམས་མཐུན་མིན་པའི་ལམ་ཐོག་ནས་མང་ཚོགས་ཁྲོད་དང་བླངས་དང་བཙན་དབང་གཉིས་ཀའི་ཐོག་ནས་དངུལ་གྱི་ཞལ་འདེབས་བསྡུ་རུབ་ཀྱིས་ཏཱ་ལའི་རུ་ཚོགས་ཀྱི་ལས་དོན་ལ་མཐུན་འགྱུར་སྦྱར་བའི་ལས་དོན་སོགས་འཁོད་འདུག

གཞིས་ལུས་རྒྱ་ཆེའི་མི་མང་དེ་དག་ངོས་ཀྱིས་ནམ་ཡང་བརྗེད་ཀྱི་མ་རེད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ ཟླ་ ༢ ཚེས་ ༨ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་དབུ་གཡབ་ཏུ་བོད་དང་ལ་དྭགས་ནས་ཕེབས་པའི་མི་གྲངས་བརྒྱ་ཕྲག་ཁ་ཤས་གཙོ་གྱུར་དད་ལྡན་ཁག་ཅིག་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་སྐབས་མགོན་པོ་༸གང་ཉིད་མཆོག་གིས་གཞིས་ལུས་རྒྱ་ཆེའི་མི་མང་དེ་དག་ངོས་ཀྱིས་ནམ་ཡང་བརྗེད་ཀྱི་མ་རེད་ཅེས་བཀའ་བསྩལ་འདུག དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་གནས་ཐོག་བཀའ་སློབ་སྤེལ་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸གང་ཉིད་མཆོག་གིས་དེ་སྔ་ཆོས་རྒྱལ་ཚོའི་སྐུ་དུས་ནས་ང་ཚོ་བོད་གངས་ཅན་པ་ཞེས་མདོ་དབུས་ཁམས་གསུམ་གྱི་ཆིག་སྒྲིལ་གནས་ཡོད་པ་དང། གླང་དར་རྗེས་སུ་བོད་སིལ་བུར་ཆགས་ནས་གཅིག་སྒྲིལ་མེད་པར་ཁ་འཐོར་དུ་ཕྱིན་ཡོད་པ་རེད། འོན་ཀྱང་དེ་རིང་ཁ་སང་ཕྱོགས་གཅིག་ནས་བསམ་བློ་བཏང་ན་རྐྱེན་ངན་གྲོགས་ལ་ཤར་བ་ལྟར། རྒྱ་གུང་ཁྲན་གྱིས་བོད་རིགས་ཡོངས་རྫོགས་ལ་བོད་ཀྱི་སྐད་ཡིག་དང་། བོད་ཀྱི་ཆོས་དང་རིག་གཞུང་སོགས་ལ་དམ་དྲག་ཤུགས་ཆེན་པོ་བྱེད་སྐབས་ཆོལ་ཁ་གསུམ་གྱི་བོད་རིགས་ཡོངས་རྫོགས་རྡོག་ལ་དྲིལ་ནས་གནས་ཡོད་པ་རེད། དེར་བརྟེན་མདོ་སྨད་ཁུལ་ནས་ཡིན་ནའང་རེད། མདོ་སྟོད་ཁུལ་ནས་ཡིན་ནའང་རེད། དབུས་གཙང་ཁུལ་ནས་ཡིན་ནའང་རེད། གང་ལྟར་ང་ཚོ་བོད་རིགས་གཅིག་པའི་འདུ་ཤེས་འཛིན་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་ལམ་སྟོན་མཛད་འདུག ད་དུང་༸གོང་ས་མཆོག་གིས་དུས་ད་ལྟར་བར་འཛམ་གླིང་འདིར་བོད་ཅེས་བོད་ཀྱི་གནད་དོན་ཞིག་ཡོང་བསྡད་པ་དེ་དང་། ལྷགས་ཡོད་པ་ནི་བོད་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དང་སེམས་ཤུགས་གཉིས་པོ་དེ་ཡིན་སྟབས། གཞིས་ལུས་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དང་ལྷག་བསམ་འགྱུར་བ་མེད་པར་བསྡད་པ་དེ་ངོ་མཚར་སྐྱེས་དགོས་པ་ཞིག་རེད། དེས་ན་གཞིས་ལུས་རྒྱ་ཆེ་མི་མང་ལ་ཐུགས་རྗེ་ཆེ་ཞུ་གནང་བ་དང་ཆབས་ཅིག གཞིས་ལུས་རྒྱ་ཆེ་མི་མང་གི་ངོས་ནས་སྔར་བཞིན་དུ་སེམས་ཤུགས་བསྐྱེད་པའི་ཐོག་ལ་ཤེས་ཡོན་ལྡན་པ་ཞིག་གི་ཐོག་ནས་སེམས་ཤུགས་མུ་མཐུད་ནས་གནས་ཐུབ་པ་ཞིག་ལ་བསམ་བློ་གཏོང་དགོས་ཞེས་བཀའ་བསྩལ་ཡོད། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གིས་ཁྱོད་རང་ཚོས་ངོས་ལ་ཕ་ཡུལ་དུ་ཡོང་རོགས་ཟེར་གྱི་འདུག ལས་སླ་བོ་བྱས་ཏེ་ཕ་ཡུལ་དུ་ཡོང་ཐབས་ཡོད་པ་མ་རེད། རྒྱ་ནག་གཞུང་གི་བཀའ་འཁྲོལ་མེད་ན་ངོས་རང་ག་འདྲ་ཞིག་ཡོང་དགོས་པ་རེད། འོན་ཀྱང་གཞིས་ལུས་རྒྱ་ཆེའི་མི་མང་དེ་དག་ངོས་ཀྱིས་ནམ་ཡང་བརྗེད་མི་ཡོང་། ངོས་རང་ལོ་ ༨༢ ལ་སླེབས་ཡོད་པ་དང་ ༨༣ ཟིན་གྲབས་ཡོད་པ་རེད། སྤྱིར་བཏང་ངོས་ཀྱི་གཟུགས་པོ་ཧ་ཅང་བདེ་བོ་ཡིན། རྒྱ་ནག་རང་གི་སྲིད་བྱུས་ལ་ག་ལེར་འགྱུར་བ་འགྲོ་བའི་རེ་བ་ཡོད་བསྡད་པ་ཞིག་རེད། ཁྱོད་རང་ཚོ་ཚང་མ་བློ་བདེ་བོ་དང་སེམས་སྐྱིད་པོ་བྱོས་ཞེས་བཀའ་བསྩལ་ཡོད། དེ་བཞིན་༸གོང་ས་མཆོག་གིས་རྡ་རམ་ས་ལར་ཁྱོད་རང་ཚོ་ངོས་ལ་ཐུག་ཏུ་ཡོང་ནས་༸རྒྱལ་བ་རིན་པོ་ཆེའི་ཞལ་མཇལ་སོང་། ཕྱག་དབང་རེག་སོང་ཞེས་པ་ཙམ་ལ་ཆོག་ཤེས་མ་བྱས་པར་ངོས་ནས་བརྗོད་པ་ལྟར། དངོས་ནས་མ་འོངས་པར་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་མཁན་ཞིག་ཡིན་ཚེ་བོད་ཀྱི་སྐད་ཡིག་ལ་མ་བསླབ་པར་ཐབས་མེད་པ་ལྟ་བུ་ཕལ་ཆེར་ཆགས་ཀྱི་ཡོད་པས་སོ་སོའི་སྐད་ཡིག་ལ་དོ་སྣང་བྱེད་དགོས་པ་དང་། སྐད་ཡིག་ཤེས་པ་ཙམ་གྱིས་མི་ཆོག་པར་སྐད་ཡིག་ནང་དུ་ཡོད་པའི་སངས་རྒྱས་པའི་ལྟ་གྲུབ་དང་ཚད་མ་རིག་པ་སོགས་ལ་ག་ཚོད་ཐུབ་ཐུབ་ཀྱིས་དོ་སྣང་དང་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་རེད། ཁྱོད་རང་ཚོའི་ཕྲུ་གུ་ཚོ་ཡང་དེང་དུས་ཀྱི་ཤེས་ཡོན་ཡོད་པ་དང་ཆབས་ཅིག་ང་རང་ཚོའི་མི་རིགས་རང་ཉིད་ལ་སྔ་མོ་ནས་ཡོད་པའི་ལུང་སྡེ་སྣོད་གསུམ་གྱི་དོན་དག་ལ་སློབ་སྦྱོང་བྱེད་ཐུབ་པ་ཞིག་བྱོས་ལམ་སྟོན་བཀའ་སློབ་བཀྲིན་ཆེ་བསྩལ་ཡོད། ༸གོང་ས་མཆོག་ནས་ལམ་སྟོན་གྱི་བཀའ་སློབ་སྩལ་རྗེས་སངས་རྒྱས་ཆོས་ཚོགས་མ་དང་། མ་ཎི་ཡིག་དྲུག་མ། ཐུབ་པའི་གཟུངས་སྔགས། སྒྲོལ་མའི་གཟུངས་སྔགས་སོགས་ཀྱི་ལུང་གནང་སྟེ་ཆོས་འབྲེལ་བཀའ་དྲིན་བསྩལ་འདུག

༸གོང་ས་མཆོག་གིས་ཐེ་ཝན་མང་ཚོགས་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཟླ་ ༢ ཚེས་ ༦ རེས་གཟའ་མིག་དམར་མཚན་མོར་ཐེ་ཝན་གྱི་ཤར་ཕྱོགས་སུ་ཡོད་པའི་ Hualien city གྲོང་ཁྱེར་ཁུལ་དུ་ས་འགུལ་གྱི་འཇིག་པའི་འོག་མང་ཚོགས་ལ་རྨས་སྐྱོན་དང་ཚེ་སྲོག་ཤོར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་ཐུགས་གསོ་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་དེ་ནི་ཐེ་ཝན་གྱི་སྲིད་འཛིན་ལྕམ་སྐུ་ Tsai Ing-wen མཆོག་གི་མཚན་ཐོག་ཏུ་བསྩལ་བ་དང་སྦྲགས། Hualien གྲོང་ཁྱེར་ཁུལ་དུ་ས་ཡོམ་གྱི་འཇིག་པའི་འོག་རྐྱེན་ལམ་དུ་འགྱུར་བ་དང་རྨས་སྐྱོན་ཕོག་མཁན་རྣམས་ལ་ཐུགས་སྨོན་དང་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོ་མཛད་འདུག ད་བར་གསར་འགྱུར་ཐོན་རིམ་ལྟར་ན། Hualien གྲོང་ཁྱེར་ནང་ས་འགུལ་ཤུགས་ཚད་ ༦༌༤ ཅན་གྱི་འཇིག་པའི་གོད་ཆག་ཁྲོད་ཁུལ་དེའི་མི་མང་ ༡༠ འདས་གྲོངས་སུ་གྱུར་ཡོད་པ་དང་། མི་མང་ ༢༦༠ ལྷག་ལ་རྨས་སྐྱོན་ཕོག་པ་མ་ཟད། མི་མང་ ༦༠ ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད་འདུག

Latest news