Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་ལ་དྭགས་ཀྱི་༸དཔལ་ས་སྐྱའི་མང་སྤྲོ་དགོན་དུ་ཆིབས་སྒྱུར་བཀྲིན་བསྐྱངས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་ཚེས་ ༡༩ ཉིན་སྔ་ཐོག་ཟངས་དཀར་ནས་ལ་དྭགས་ཀྱི་རྒྱལ་ས་གླེར་༸ཞབས་སོར་བདེ་བར་འཁོད་ཡོད་པ་ལྟར། དེ་རིང་ཟླ་ ༧ ཚེས་ ༢༠ ཉིན་སྔ་དྲོ་༸གོང་ས་མཆོག་རྒྱལ་ས་གླེ་ནས་རྒྱང་ཐག་སྤྱི་ལེ་ ༣༠ ཙམ་གྱི་སར་ཆགས་པ་ཁུལ་དེའི་ནང་གི་༸དཔལ་ས་སྐྱ་མང་སྤྲོ་དགོན་ཐུབ་བསྟན་ཤྭ་གླིང་ཆོས་འཁོར་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཡོད་པ་རེད། རྩ་བའི་མང་སྤྲོ་དགོན་པ་དེ་ནི་ལོ་ངོ་ ༦༠༠ ལྷག་སོང་བའི་ལོ་རྒྱུས་ཡོད་པའི་ལ་དྭགས་ནང་གི་༸དཔལ་ས་སྐྱའི་དགོན་པ་ཆེ་ཤོས་ཤིག་ཡིན་པ་དང་། ད་རེས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགོན་པ་དེར་ཆིབས་སྒྱུར་མཛད་པ་ཐེངས་ ༣ དེ་ཆགས་ཀྱི་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་མང་སྤྲོ་དགོན་པའི་སློབ་དཔོན་འཇམ་དབྱངས་ཀརྨ་ལགས་སུ་དེ་རིང་སྔ་དྲོའི་༸གོང་ས་མཆོག་གི་ཆིབས་སྒྱུར་དང་འབྲེལ་བའི་སྐོར་བཅར་འདྲི་ཁག་ཅིག་ཞུས་ཡོད།

༸གོང་ས་མཆོག་ཟངས་དཀར་ཁུལ་གྱི་མཛད་འཕྲིན་ལེགས་གྲུབ་ཀྱིས་རྒྱལ་ས་སླེར་ཆིབས་༸ཞལ་བསྒྱུར་གནང་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚེས་༡༦ནས་ཁ་སང་ཕྱི་ཚེས་༡༨ བར་ཉིན་གྲངས་གསུམ་རིང་རྒྱ་གར་བྱང་ཕྱོགས་ལ་དྭགས་ཟངས་དཀར་དུ་ས་གནས་མང་ཚོགས་ལ་ཆོས་འབྲེལ་དང་། སྨན་ཁང་གསར་པ་དབུ་འབྱེད་རབ་གནས་དང་། དེ་བཞིན་ས་གནས་ཀྱི་ཁ་ཆེ་མང་ཚོགས་ཚོར་བཀའ་སློབ་བཅས་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་བསྟུན། དེ་རིང་སྔ་དྲོ་མགོན་པོ་མཆོག་ལ་དྭགས་ཟངས་དཀར་ནས་ཐད་འཕུར་གནམ་གྲུ་བརྒྱུད་རྒྱལ་ས་སླེ་ཕྱོགས་སུ་ཆིབས་༸ཞལ་བསྒྱུར་གནང་སོང་། རྩ་བའི་དེ་རིང་སྔ་དྲོ་མགོན་པོ་མཆོག་ཟངས་དཀར་ནས་རྒྱལ་ས་སླེ་ཕྱོགས་སུ་ཆིབས་བསྒྱུར་མ་མཛད་གོང་སྟེ། ཁ་སང་ཉིན་རྒྱབ་ཏུ་ཟངས་དཀར་ Padum ས་གནས་སུ་ཡོད་པའི་ཁ་ཆེ་མང་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར།༸གོང་ས་མཆོག་གིས་ཁ་ཆེའི་སློབ་གྲྭར་ཆིབས་སྒྱུར་གྱིས་ཁ་ཆེ་མང་ཚོགས་དང་དགེ་ལས་སློབ་མ་ཚོར་བཀའ་སློབ་བཀྲིན་བསྩལ་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་འཛམ་གླིང་ཐོག་ཡོད་པའི་ཆོས་ལུགས་དང་ལྟ་གྲུབ་མི་འདྲ་བ་ཡོད་པ་དེ་དག་འགྲོ་བ་མི་སྤྱིར་ཕན་གྱི་ཡོད་སྟབས། ད་བར་ཆོས་ལུགས་དེ་དག་ལོ་ངོ་སྟོང་ཕྲག་ལྷག་རིང་གནས་ཡོད་པ་དང་། འགྲོ་བ་མི་ཚོ་ཁམས་དང་མོས་པ་མི་འདྲ་བ་ཡོད་པར་བརྟེན། ཆོས་ལུགས་དང་ལྟ་གྲུབ་མི་འདྲ་ཡང་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་པ་མ་ཟད། དེ་དག་ཚང་མའི་དམིགས་ཡུལ་ནི་འགྲོ་བ་མིའི་རྒྱུད་ལ་བྱམས་བརྩེའི་རིན་ཐང་གོང་འཕེལ་གཏོང་མཁན་གཅིག་མཚུངས་ཞིག་ཆགས་ཡོད་པས་ཆོས་ལུགས་ཕན་ཚུན་དབར་གཅིག་གིས་གཅིག་ལ་གུས་བརྩི་ཞུ་དགོས་ཞེས་བཀའ་བསྩལ་སོང་། དེ་བཞིན་དེ་སྔ་༸གོང་ས་ལྔ་པ་ཆེན་པོའི་སྐབས་ལ་དྭགས་ནས་ལྷ་སར་སླེབས་པའི་ཁ་ཆེ་ཚོར་ཁེ་ཆེའི་ལྷ་ཁང་གསར་རྒྱག་གྱི་ས་ཆ་གནང་པ་དང་། དེ་བཞིན་༸གོང་ས་མཆོག་དེ་སྔ་བོད་ལ་བཞུགས་པའི་སྐབས་སུ་བོད་གཞུང་གི་མཛད་སྒོའི་ཐོག་ཁ་ཆེའི་སྐུ་ཚབ་གདན་ཞུ་བྱེད་ཀྱི་ཡོད་པ་དང་། དེ་དེ་བཞིན་སྤྱི་ཚོགས་ཁྲོད་ལ་བོད་པ་དང་བོད་པའི་ཁ་ཆེ་ཕན་ཚུན་དབར་ཆོས་ཕྱོགས་ཀྱི་ཐོག་ནས་མི་འདྲ་བ་ཡོད་ཀྱང་། ཕན་ཚུན་དབར་ལ་གུས་བརྩི་དང་འཆམ་མཐུན་ངང་གནས་ཀྱི་ཡོད་པ་སོགས་གསུངས་ཡོད་པ་རེད། ཁ་ཆེ་དང་ནང་པ་གཉིས་པོ་ཆོས་ཕྱོགས་ཀྱི་ཆ་ནས་སྐྱེ་འགྲོ་སྤྱིར་ཕན་པའི་བྱམས་བརྩེའི་བསམ་བློ་ཡོད་པ་གཅིག་མཚུངས་ཡིན་ནའང་། རང་ཉིད་སོ་སོའི་ཁམས་མོས་ལྟར་ཆོས་ལུགས་ཀྱི་ཞེན་ཁོག་དང་བསམ་བློ་གུ་དོག་པོའི་དབང་གིས་སྤྱིར་ཆོས་ལུགས་ནང་ཁུལ་དང་ཆོས་བརྒྱུད་ཕན་ཚུན་དབར་ལ་འཐེན་འཁྱེར་གྱིས་འཁྲུགས་འཛིན་རིགས་ཡོང་གི་ཡོད་པ་བཀའ་བསྩལ་བ་དང་འབྲེལ། ད་ལྟའི་ཆར་ང་ཚོ་ཚང་མ་དུས་རབས་ ༢༡ ནང་སླེབས་ཡོད་པས་ཆོས་ལུགས་མི་འདྲ་བ་འཛིན་ཚོ་ཕན་ཚུན་དབར་ལ་བསམ་བློ་གུ་ཡངས་ཐོག་ནས་ཆོས་གྲོགས་ཀྱི་མཛའ་བཤེས་ལྟ་བུའི་འདུ་ཤེས་འཛིན་དགོས་ཞེས་ལམ་སྟོན་བཀའ་སློབ་བསྩལ་སོང་། ༸གོང་ས་མཆོག་གིས་སྐབས་དེར་ཁ་ཆེའི་དགེ་ལས་སློབ་མ་དང་མང་ཚོགས་ཚོར་སྐར་མ་༢༠ལྷག་རིང་བཀའ་སློབ་སྩལ་མཐར་ལོ་ཤས་ནང་ལ་དྭགས་ཟངས་དཀར་ Padumས་གནས་ཀྱི་ཁ་ཆེ་དང་ནང་པའི་དབར་དཀའ་ངལ་ཕྲན་བུ་བྱུང་ཡོད་ཀྱང་། རྒྱ་ཆེ་ས་ནས་འཛམ་གླིང་ཐོག་ཡོད་པའི་འགྲོ་བ་མི་སྤྱིའི་བདེ་དོན་ལ་བསམ་བློ་བཏང་ནས་ཕན་ཚུན་དབར་ལ་འཆམ་མཐུན་དང་གོ་ལ་སྤྱིར་དམིགས་དཔེ་སྟོན་ཐུབ་པ་ཞིག་ཡོང་བར་ཡིད་ཆེས་དང་རེ་བ་ཡོད་ཅེས་བཀའ་བསྩལ་ཡོད་པ་རེད། མཛད་འཆར་སྔོན་སྒྲིག་ལྟར་ན། ༸གོང་ས་མཆོག་གིས་ཚེས་ ༢༨ ནས་ ༣༠ བར་ལ་དྭགས་སླེ་ཞི་བའི་ཚལ་གསུང་ཆོས་ར་བར་མང་ཚོགས་ལ་བཀའ་ཆོས་བསྩལ་རྒྱུ་དང་། དེ་རྗེས་ཟླ་ ༨ ཚེས་ ༢ ཉིན་མགོན་པོ་མཆོག་རྒྱལ་ས་སླེ་ནས་ལྡི་ལིར་ཆིབས་༸ཞལ་བསྒྱུར་གནང་གི་ཡོད་པ་རེད།

༸གོང་ས་མཆོག་གིས་ལ་དྭགས་ཟངས་དཀར་ཁུལ་དུ་ཆོས་འབྲེལ་ལེགས་གྲུབ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་པོ་མཆོག་གིས་དེ་རིང་ཟླ་ ༧ ཚེས་ ༡༨ ཉིན་སྔ་དྲོ་ལ་དྭགས་ཟངས་དཀར་རྒྱལ་བའི་ཕོ་བྲང་གི་ཆོས་རར་ཆེད་དུ་བྱ་བའི་གདུལ་བྱ་ཟངས་དཀར་སེར་སྐྱ་མང་ཚོགས་ཚོ་གཙོ་བོར་གྱུར་པའི་ཉེ་འཁོར་ནས་བཅར་བའི་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་སྨན་ལྷའི་རྗེས་སྣང་དང། གྲུབ་ཆེན་མི་ཏྲ་ཛོ་ཀིས་མཛད་པའི་སྙིང་པོ་དོན་གསུམ་གྱི་བཀའ་ཁྲིད་གནང་པ་དང་འབྲེལ་ཏེ་ཐེངས་འདིའི་ཆོས་འབྲེལ་ལེགས་གྲུབ་མཛད་སོང་། ༸གོང་ས་མཆོག་ནས་ཐོག་མར་སྨན་ལྷའི་རྗེས་སྣང་དང་སྙིང་པོ་དོན་གསུམ་གྱི་བཀའ་ཁྲིད་མ་སྩལ་གོང་དུ་གསུང་ཆོས་ར་བའི་ནང་ས་གནས་ཀྱི་སློབ་གྲྭའི་སློབ་མ་ཚོས་མགོན་པོ་༸གང་ཉིད་མཆོག་ལ་རྟགས་གསལ་གཟིགས་འབུལ་ཞུས་ཡོད་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་སློབ་མ་རྣམས་ཀྱིས་གཙོས་པའི་མང་ཚོགས་ཚོར་གང་བློ་མའི་ལྗགས་ལུང་བཀྲིན་སྩལ་བ་དང་འབྲེལ། དེ་སྔ་བོད་ལ་ཆ་མཚོན་ན་མཚན་ཉིད་ཐོག་སློབ་གཉེར་བྱ་རྒྱུ་ཟེར་བ་དེ་ནི་བཤད་གྲྭ་ཆེན་མོ་ཁག་ཏུ་གནང་རྒྱུ་ཡོད་པ་ལས་གཞན་མེད་པའི་བསམ་བློ་འཛིན་པ་དེ་ནི་ཆེས་རྗེས་ལུས་དང་ནོར་འཁྲུལ་ཅན་ཞིག་རེད་ཅེས་བཀའ་ནན་སྩལ་སོང་། ལྷག་དོན་ལ་དྭགས་ཟངས་དཀར་ཁུལ་གྱི་སེར་སྐྱ་མང་ཚོགས་ཚོས་སྐྱ་སེར་དང་རྒན་གཞོན་ཁྱད་མེད་ཀྱིས་རིགས་ལམ་རྟགས་གསལ་ལ་དོ་སྣང་གནང་དགོས་གལ་ཡིན་པའི་ལམ་སྟོན་མཛད་ཡོད་པ་རེད། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ད་བར་བོད་པ་ཚོས་བདག་པོ་རྒྱག་པའི་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོའི་རིགས་ལམ་ཐོག་བརྟག་དཔྱད་གནང་རྒྱུ་ཡོད་པ་འདི་རིམ་བཞིན་འཛམ་གླིང་ཐོག་ལ་ཞབས་འདེགས་རླབས་ཆེན་ཞུ་རྒྱུའི་ནུས་པ་ཡོད་པ་རེད་ཅེས་བཀའ་སློབ་ཕེབས་ཡོད་པ་རེད། ༸གོང་ས་མཆོག་གིས་སྔ་ལོར་དགེ་བཤེས་མའི་སློབ་ཐོན་སྐབས་སུ་དགེ་བཤེས་མའི་ཕྱག་འཁྱེར་བཞེས་པའི་བཙུན་མ་ཞིག་གཟིགས་པ་དང་འབྲེལ། བཙུན་མ་ཚོས་ནང་པའི་གཞུང་ཆེན་དག་ལ་སློབ་གཉེར་གནང་མཐར་དགེ་བཤེས་མ་སློབ་ཐོན་ཁོངས་ནས་འདི་ག་ལ་དྭགས་ཟངས་དཀར་ལུང་ཁུག་ནས་ཡིན་པའི་བཙུན་མ་གསུམ་དགེ་བཤེས་མའི་སློབ་མཐར་སོན་པར་ཐུགས་རྗེ་ཆེ་ཞེས་དང་། དེ་ལྟར་སློབ་གཉེར་གང་ལེགས་གནང་པར་བསྔགས་བརྗོད་ཀྱང་མཛད་སོང་བ་མ་ཟད། སླད་མར་དེ་ལྟར་ཐོན་ཐུབ་ཚེ་བསྟན་པ་དང་ཡུལ། དེ་བཞིན་རང་ཉིད་སྒེར་ལའང་ཕན་ཐོགས་ཡོང་གི་རེད་ཅེས་ལམ་སྟོན་མཛད་ཡོད་པ་རེད། ༸གོང་ས་མཆོག་གིས་ཉིན་མཐའ་མའི་ཆོས་འབྲེལ་ཐོག་དད་ལྡན་ཆོས་ཞུ་བ་རྣམས་ལ་སྨན་ལྷའི་རྗེས་སྣང་དང་གྲུབ་ཆེན་མི་ཏྲ་ཛོ་ཀིས་མཛད་པའི་སྙིང་པོ་དོན་གསུམ་གྱི་བཀའ་ཁྲིད་སྩལ་ཏེ་ཆོས་འབྲེལ་རེ་ཞིག་ལེགས་གྲུབ་མཛད་སོང་།  ལ་དྭགས་ཟངས་དཀར་ནང་ཚོགས་དང་དགོན་ཚོགས་ཀྱི་གོ་སྒྲིག་འོག་ལ་དྭགས་ཟང་དཀར་ས་གནས་མང་ཚོགས་བཅས་ཟུང་འབྲེལ་གྱིས་༸གོང་ས་མཆོག་ལ་བཀྲིས་མཆོད་རྫས་སྣ་ཚོགས་འདེགས་འབུལ་གྱི་སྒོ་ནས་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་མི་འཇིགས་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། རྩ་བའི་༸གོང་ས་མཆོག་གིས་ལ་དྭགས་ཟངས་དཀར་ཁུལ་གྱི་ཆོས་འབྲེལ་ཁག་ལེགས་པར་གྲུབ་རྗེས། ཉིན་རྒྱབ་ཏུ་ Padum ས་གནས་སུ་རྟེན་གཞི་བྱས་པའི་ཁ་ཆེ་སློབ་གྲྭ་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། ཁ་ཆེ་སློབ་གྲྭར་ཆིབས་སྒྱུར་གྱིས་དགེ་ལས་སློབ་མ་ཚོར་བླང་དོར་གྱི་བཀའ་སློབ་བཀྲིན་སྩལ་ཡོད་པ་རེད། མཛད་འཆར་ལྟར་ན། སང་ཉིན་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཟངས་དཀར་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་བསྟུན། ལ་དྭགས་ཀྱི་རྒྱལ་ས་སླེ་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་གི་ཡོད་པ་རེད།

༸གོང་ས་མཆོག་གིས་ནང་པས་རིགས་རུས་དབྱེ་འབྱེད་བྱེད་ན་སངས་རྒྱས་ཀྱི་ཞབས་འདྲེན་རེད་ཅེས་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་ཟངས་དཀར་རྒྱལ་བའི་ཕོ་བྲང་གི་ཆོས་རར་ཆེད་དུ་བྱ་བའི་གདུལ་བྱ་ཟངས་དཀར་སེར་སྐྱ་མང་ཚོགས་གཙོ་བོར་གྱུར་པའི་ཉེ་འཁོར་ནས་བཅར་བའི་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་འཕགས་པ་ཐུགས་རྗེ་ཆེན་པའི་བཀའ་དབང་བཀྲིན་སྩལ་བ་དང་འབྲེལ། ནང་པ་ཚོས་རིགས་རུས་དབྱེ་འབྱེད་བྱེད་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞབས་འདྲེན་རེད་ཅེས་བཀའ་སྩལ་སོང་། དེ་རིང་ཟླ་ ༧ ཚེས་ ༡༧ ཉིན་སྔ་དྲོ་༸གོང་ས་མཆོག་གིས་འཕགས་པ་ཐུགས་རྗེ་ཆེན་པོའི་བཀའ་དབང་གྲུབ་མཚམས་སུ་ཟངས་དཀར་ཁུལ་གྱི་རིགས་རུས་དམན་པའི་མང་ཚོགས་ནས་མགོན་པོ་མཆོག་ལ་ཞལ་བག་དང་གསོལ་ཇ་འདེགས་འབུལ་ཞུས་བསྟུན། ༸གོང་ས་མཆོག་གིས་ངོས་ལ་ད་ལན་ཞལ་བག་དང་གསོལ་ཇ་ཞུ་མཁན་ཟངས་དཀར་ཁུལ་གྱི་རོལ་མོ་མཁན་མང་ཚོགས་རྣམས་ལ་རིགས་རུས་དམན་པར་ངོས་འཛིན་གྱི་ཡོད་པ་བཀའ་སྩལ་དང་ཆབས་ཅིག སངས་རྒྱས་བཅོམ་ལྡན་འདས་ཀྱིས་རིགས་རུས་མཐོ་དམན་ཐོག་ལ་མཐའ་གཅིག་ཏུ་དགག་པ་མཛད་ཡོད་ཅེས་བཀའ་སྩལ་སོང་། ལྷག་དོན་དེང་གི་མང་གཙོའི་ལམ་ལུགས་ནང་ཞིང་བྲན་ལམ་ལུགས་དང་འབྲེལ་བའི་གོམས་གཤིས། ལུགས་སྲོལ་ངན་པ་རིགས། དེ་བཞིན་ཆོས་ཕྱོགས་ཀྱི་མིང་སྤྱོད་པའི་དུས་ཚོད་ཡོལ་ཟིན་པར་བརྟེན་ངེས་པར་དུ་བཅོས་བསྒྱུར་ཞིག་གཏོང་དགོས་གལ་ཡིན་པའི་ལམ་སྟོན་མཛད་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་གིས་ཁྱད་པར་དུ་ནང་པ་ཚོས་རིགས་རུས་དབྱེ་འབྱེད་གནང་ཚེ་སངས་རྒྱས་ཀྱི་བསྟན་པར་གནོད་ངེས་ཡིན་པ་མ་ཟད། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞབས་འདྲེན་རེད་ཅེས་བཀའ་ནན་སྩལ་སོང་། ད་དུང་མགོན་པོ་༸གང་ཉིད་མཆོག་གིས་ཟངས་དཀར་ Padum ཁུལ་དུ་ཡོད་པའི་རིགས་རུས་དམན་པའི་མང་ཚོགས་ཚོར་ནང་པ་ཚོས་མཐོང་ཆུང་དང་ཁྱད་གསོད་སོགས་བྱས་པར་བརྟེན།  རིགས་དམན་པའི་མང་ཚོགས་ཚོ་ཁ་ཆེ་ཆོས་ལུགས་ལ་འགྱུར་བ་དང་། དེ་བཞིན་ས་གནས་ནང་པ་ཚོས་ཁ་ཆེའི་ཚོང་ཁང་ལ་འགྲོ་རྒྱུ་མཚ མས་འཇོག་བྱས་སྐོར་གྱི་གནས་ཚུལ་གོ་ཐོས་བྱུང་ཞེས་བཀའ་སྩལ་བ་དང་འབྲེལ། ཟངས་དཀར་ནང་གི་མིང་གྲགས་ཡོད་པའི་དགེ་བཤེས་ཚོས་དེ་དག་ཐོག་འགན་འཁུར་གཙོ་བཞེས་གནང་དགོས་པར་ལམ་སྟོན་མཛད་ཡོད་པ་རེད། གཞན་ཡང་༸གོང་ས་མཆོག་གིས་ཆོས་ལུགས་ནང་ཁུལ་དབར་མཐུན་སྒྲིལ་གནང་གལ་ཡིན་པའི་ཐོག་ལ་བཀའ་སྩལ་བ་དང་སྦྲགས་ཏེ་འཛམ་གླིང་ཐོག་ཡོད་པའི་ཆོས་ལུགས་ཚང་མས་འགྲོ་བ་མིའི་སྤྱིའི་དོན་ལ་བསམ་བློ་དང་འགན་འཁུར་བླངས་ནས་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐུབ་པ་བྱེད་དགོས་ཞེས་སོགས་བཀའ་སྩལ་ཡོད། རྩ་བའི་དེ་རིང་སྔ་དྲོ་མགོན་པོ་མཆོག་གིས་ཆོས་ཞུ་བ་ཚོར་པཎ་གྲུབ་ ༡༧ གྱི་གསོལ་འདེབས་བཀའ་ཁྲིད་དང་། འཕགས་པ་ཐུགས་རྗེ་ཆེན་པོའི་བཀའ་དབང་བཀྲིན་བསྩལ་ཡོད་པ་རེད། སང་ཉིན་ཆོས་འབྲེལ་ཉིན་མཐའ་མའི་སྐབས་མགོན་པོ་མཆོག་གིས་ཆོས་ཞུ་བར་སྙིང་པོ་དོན་གསུམ་གྱི་བཀའ་ཁྲིད་དང་། སྨན་ལྷའི་རྗེས་སྣང་བསྩལ་རྒྱུ་ཡིན་པ་མ་ཟད། ཟངས་དཀར་ནང་ཚོགས་དང་དགོན་ཚོགས། དེ་བཞིན་ས་གནས་སུ་ཡོད་པའི་ Royal Club ཞེས་པའི་གཞོན་སྐྱེས་རུ་ཁག་ཚོས་མགོན་པོ་༸གང་ཉིད་མཆོག་ལ་༸སྐུ་ཚེ་མི་འཇིགས་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུ་གནང་གི་ཡོད་པ་རེད།

༸གོང་ས་མཆོག་ཟངས་དཀར་ནང་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཟླ་ ༧ ཚེས་ ༡༦ ཉིན་སྔ་དྲོ་ཚོུད་ ༧།༠༠ སྟེང་རྒྱ་གར་ཕྱོགས་ལ་དྭགས་རྒྱལ་ས་སླེ་ནས་ཐད་འཕུར་གནམ་གྲུ་བརྒྱུད་ཟངས་དཀར་དུ་སྔ་དྲོ་ཚོུད་ ༨།༠༠ མ་ཟིན་ཙམ་ལ་༸ཞབས་སོར་བདེ་བར་འཁོད་གནང་སོང་། ཐད་འཕུར་གནམ་ཐང་དུ་ཀརགྷིལ་ས་གནས་རྫོང་དཔོན་དང་ཟངས་དཀར་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ། དེ་བཞིན་ཟངས་དཀར་དགོན་ཚོགས་དང་ནང་ཚོགས་ཀྱི་ཚོགས་གཙོ་བཅས་ཕེབས་བསུར་ཆེད་བཅར་ཞུས་འདུག་པ་མ་ཟད། དེ་བཞིན་ Padum ཐད་འཕུར་གནམ་ཐང་ནས་ཕོ་བྲང་བར་དུ་ཕེབས་ལམ་གྱི་གཡས་གཡོན་ཕྱོགས་གང་སར་ས་གནས་ཀྱི་སེར་སྐྱ་མི་མང་རྒན་བྱིས་དར་གསུམ་ནས་ཡུལ་ལུང་དེའི་ཁྱད་ཆོས་ལྡན་པའི་ཆས་གོས་སྤྲས་པ་དང་། ཕྱག་ཏུ་དཀར་གཙང་གི་མཇལ་དར་དང་མེ་ཏོག་བཅས་བསྣམས་ཏེ་མགོན་པོ་༸གང་ཉིད་མཆོག་ལ་དགའ་དད་སྤྲོ་གསུམ་ངང་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟངས་དཀར་དུ་༸ཞབས་སོར་བདེ་བར་འཁོད་བསྟུན། དེ་རིང་སྔ་དྲོ་ཐད་འཕུར་གནམ་ཐང་ནས་ཐད་ཀར་ཟངས་དཀར་ས་གནས་སུ་གསར་བཞེངས་ལེགས་གྲུབ་བྱུང་བའི་བོད་ཀྱི་གསོ་བ་རིག་པ་དང་ཕྱི་ལུགས་སྨན་ཁང་གསར་པ་དབུ་འབྱེད་རབ་གནས་བཀྲིན་བསྐྱངས་པ་དང་། དེ་བཞིན་སྨན་ཁང་གི་ཕྱི་ནང་བཀོད་པར་ཐུགས་ཞིབ་ཀྱང་མཛད་ཡོད་པ་རེད། རྩ་བའི་ད་རེས་ཟངས་དཀར་ཁུལ་དུ་གསར་བཞེངས་ལེགས་གྲུབ་བྱུང་བའི་འཕྲོད་བསྟེན་སྨན་ཁང་ནི། ཕྱི་ལོ་ ༢༠༡༢ ལོར་༸གོང་ས་མཆོག་ཟངས་དཀར་ཁུལ་དུ་ཆིབས་སྒྱུར་སྐབས་མགོན་པོ་༸གང་ཉིད་མཆོག་ནས་ཐུགས་ཚོར་ཆེན་པོས་ས་ཁུག་ཐག་རིང་དུ་ཆགས་པའི་ཟངས་དཀར་མང་ཚོགས་ཀྱི་འཕྲེད་བསྟེན་ཆེད་སྨན་ཁང་ཞིག་གསར་བསྐྲུན་དགོས་གལ་ཡིན་པའི་ལམ་སྟོན་བཀའ་སློབ་སྩལ་དོན་ལྟར། དཔལ་ལྡན་དགའ་ལྡན་ཕོ་བྲང་གིས་གཙོ་བོ་དཔལ་འབྱོར་མཐུན་འགྱུར་གནང་པའི་འོག་ཆེད་བཙུགས་གནང་པ་ཞིག་ཡིན་པ་རེད། ༸གོང་ས་མཆོག་གིས་དབུ་འབྱེད་རབ་གནས་ཀྱི་མཛད་སྒོར་དེ་སྔོན་ངོས་ནས་རེ་འདུན་ཞུས་པ་བཞིན་ཚང་མས་འཕྱར་གྲུ་མཉམ་འདེགས་གནང་སྟེ་ཟངས་དཀར་ས་གནས་སུ་ཕྱི་ལུགས་དང་བོད་ལུགས་ཀྱི་གསོ་རིག་སྨན་ཁང་གསར་བཞེངས་བྱུང་བ་ལ་དབུ་འབྱེད་བྱེད་རྒྱུ་བྱུང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་དང་འབྲེལ། དེ་སྔ་བོད་ལ་ཡོད་པའི་ནང་དོན་རིག་པ་དང་གསོ་བ་རིག་པ། དེ་བཞིན་ཚད་མ་རིག་སོགས་རིག་གནས་ཆེ་བ་ལྔ་པོ་དེ་དག་དེ་སྔ་ནས་འཆད་ཁྲིད་བྱས་པ་ཙམ་མིན་པར་དེང་གི་དུས་ཚོད་ལའང་འབྲེལ་བ་དང་ཕན་ཐོགས་ཆེན་པོ་ཡོད་པ་སོགས་བཀའ་སྩལ་བ་མ་ཟད། ལྷག་པར་མགོན་པོ་མཆོག་གིས་ད་རེས་དབུ་འབྱེད་མཛད་པའི་སྨན་ཁང་འདི་ནས་འཕྲལ་དུ་ས་གནས་ཀྱི་ནད་པ་ཚོར་རོགས་རམས་བྱ་རྒྱུ་ཙམ་མ་ཡིན་པར། རིམ་བཞིན་སྨན་ཁང་འདི་ཆེ་ཆུང་ལ་མ་ལྟོས་པར་བོད་ཀྱི་གསོ་བ་རིག་པ་སློབ་གཉེར་བྱ་ཡུལ་གྱི་ལྟེ་གནས་ཤིག་བསྐྲུན་ཐུབ་རྒྱུར་ཐུགས་རེ་གནང་བཞིན་ཡོད་སྐོར་སོགས་བཀའ་བསྩལ་སོང་། སྐབས་དེར་གསར་འགོད་པས་སྨན་ཁང་གསར་བསྐྲུན་གྱི་ལས་འཆར་ཆེད་ཐུགས་འགན་བཞེས་མཁན་བླ་མ་ཆོས་འཕེལ་བཟོད་པ་ལགས་སུ་དེ་འབྲེལ་བཅར་འདྲི་ཁག་ཅིག་ཞུས་ཡོད། གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟངས་དཀར་ཡུལ་དུ་ད་ལན་ཆིབས་སྒྱུར་བཀྲིན་བསྐྱང་པ་འདི་ཐེངས་བདུན་པ་ཆགས་ཀྱི་ཡོད་པ་དང་། མགོན་པོ་མཆོག་གིས་ཐེངས་འདིའི་ཆིབས་སྒྱུར་ཁྲོད་ཟླ་ ༧ ཚེས་ ༡༦ ནས་ ༡༨ བར་ཉིན་གསུམ་རིང་ལ་ཆོས་འབྲེལ་སོགས་ཀྱི་མཛད་འཕྲིན་ཁག་ཅིག་བཀྲིན་བསྐྱང་རྒྱུ་ཡིན་པ་རེད།

བྷོ་ཙ་ཝ་ནའི་སྲིད་འཛིན་མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུ་ཡིན་པ་གསུངས་འདུག

དེ་ཡང་ AFP གསར་ཁང་དང་དེ་བཞིན་ News24 སོགས་ཀྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་ཚེས་ ༡༢ རེས་གཟའ་ལྷག་པའི་ཉིན་བྷོ་ཙ་ཝ་ན་གཞུང་གིས་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བའི་བརྒྱུད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཟླ་ ༨ པའི་ནང་ Africa ཁུལ་གྱི་བྷོ་ཙ་ཝ་ནའི་རྒྱལ་ས་ Gaborone ནང་དུ་ཆིབས་བསྒྱུར་གནང་གཏན་འཁེལ་བ་དང་བསྟུན། ཡུལ་དེའི་སྲིད་འཛིན་སྐུ་ཞབས་ Ian Khama མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུ་ཡིན་པ་གསུངས་འདུག རྩ་བའི་བྷོ་ཙ་ཝ་ནའི་ཁྱིམ་མཚེས་རྒྱལ་ཁབ་ལྷོ་ཨ་ཕི་རི་ཀའི་ངོས་ནས་རྒྱ་ནག་གཞུང་དང་འབྲེལ་ལམ་ལ་དོ་ཕོག་འགྲོ་སྲིད་པར་དོགས་ཏེ་དེ་སྔ་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་༸གོང་ས་མཆོག་ཡུལ་དེའི་ནང་ཕེབས་པར་མཐོང་མཆན་ཐེངས་གསུམ་མ་སྤྲད་པའི་གནས་ཚུལ་བྱུང་ཡོད་སྟབས། ད་ལན་བྷོ་ཙ་ཝ་ན་གཞུང་ནས་གནང་ཕྱོགས་དེས་བྷོ་ཙ་ཝ་ན་དང་རྒྱ་ནག་གཞུང་དབར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་སྲིད་པ་བརྗོད་མཁན་མང་པོ་ཡོད་པ་རེད་འདུག འོན་ཀྱང་བྷོ་ཙ་ཝ་ན་གཞུང་གི་མགྲིན་ཚབ་པས་ད་ལན་གྱི་གནད་དོན་དེའི་རྐྱེན་པས་ རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་དང་མི་འགྲོའི་ལན་འདེབས་གང་ཡང་གནང་མེད་པ་མ་ཟད། ཡུལ་དེའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་ངོས་ནས་ཀྱང་ད་ལྟའི་ཆར་གནད་དོན་དེ་དང་འབྲེལ་བའི་འགྲེལ་བརྗོད་གནང་མེད་པ་རེད། རྩ་བའི་༸གོང་ས་མཆོག་ Botswana ཡི་རྒྱལ་ས་ Gaborone ནང་དུ་རྟེན་གཞི་བྱས་པའི་གཙུག་ལག་སློབ་གཉེར་ཁང་གི་ནང་དུ་ཟླ་ ༨ ཚེས་ ༡༧ ནས་ ༡༩ བར་ཉིན་གྲངས་ ༣ རིང་ལུས་སེམས་སྲོག་གི་ལྷན་ཚོགས་ཤིག་ཚོགས་གཏན་འཁེལ་བའི་ཐོག Africa གླིང་ཆེན་ནང་གི་ཆོས་ཕྱོགས་དང་མང་ཚོགས་ཀྱི་དབུ་ཁྲིད། ཚན་རིག་པ་དང་ཤེས་ལྡན་མི་སྣ། སྨན་པ་སོགས་མང་དག་ཞིག་ལྷན་འཛོམས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང། དབང་རྩའི་རིག་པའི་ཚན་རིག་པ་རྣམ་པའི་དབར་ Botho/Ubuntu ཞེས་པའི་ Africa འི་གདོད་མའི་མི་རིགས་རྣམས་ཀྱི་ཁྲོད་གནའ་སྔ་མོ་ནས་ཡོད་པའི་བསམ་བློའི་རིག་གཞུང་ཐོག་གོ་བསྡུར་སྦྱང་བཤད་གནང་རྒྱུ་རེད་འདུག  

༸གོང་ས་མཆོག་གིས་ནུབ་ར་བདེ་སྐྱིད་ས་གནས་སུ་ཆོས་འབྲེལ་ལེགས་གྲུབ་མཛད་པ།

 བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཚེས་ ༡༣ སྔ་དྲོ་ལ་དྭགས་ནུབ་ར་བདེ་སྐྱིད་ས་གནས་ཀྱི་མི་མང་ཕོ་བྲང་གི་གསུང་ཆོས་ར་བར་ཆེད་དུ་བྱ་བའི་གདུལ་བྱ་ས་གནས་ཀྱི་སེར་སྐྱ་མང་ཚོགས་གཙོས་པའི་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེག་སོ་བདུན་མའི་བཀའ་ཆོས་བཀྲིན་སྩལ་བ་དང་འབྲེལ། ལ་དྭགས་ཀྱི་ཡུལ་བ་ཚོས་དུས་རྒྱུན་དུ་ཡུལ་ལྷ་གཞི་བདག་ལ་གསོལ་ཁ་བྱེད་ན་འགྲིག་གི་ཡོད་ཀྱང། དེ་དག་ལ་སྐྱབས་ཡུལ་མཐར་ཐུག་ལ་རྩིས་ཏེ་སྐྱབས་སུ་སོང་ན། སངས་རྒྱས་པའི་སྐྱབས་འགྲོའི་བསླབ་བྱ་དང་འགལ་གྱི་ཡོད་ཅེས་བཀའ་སྩལ་སོང། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་འཇིག་རྟེན་དྲེགས་པའི་ལྷ་བསྟེན་སྲོལ་སྐོར་ལམ་སྟོན་གནང་པ་དང་སྦྲགས་ཏེ་བར་སྐབས་ཤིག་སྤྱི་ཚོགས་ཁྲོད་ལ་དོལ་རྒྱལ་བསྟེན་སྲོལ་དར་བ་དང། དེ་བཞིན་དོལ་རྒྱལ་སྐོར་གྱི་ལོ་རྒྱུས་རྒྱབ་ལྗོངས་དང། དེ་སྔ་མགོན་པོ་༸གང་ཉིད་མཆོག་གི་བསྟེན་གནང་ཡོད་ཀྱང་། ཕྱིས་སུ་དོལ་རྒྱལ་སྐོར་ཞིབ་འཇུག་ནན་གཏན་གནང་མཐར་དེ་ལྟར་གནང་རྒྱུ་སྤངས་རིམ་ཞིབ་རྒྱས་ངོ་སྤྲོད་མཛད་པ་དང་འབྲེལ། ༸གང་ཉིད་མཆོག་གིས་བར་སྐབས་ཤིག་ནས་དེར་བསྟེན་སྲོལ་ཐད་དམ་དྲག་གནང་པ་དང་དུས་མཚུངས་ལ་དྭགས་ཁུལ་དང་རྒྱ་གར་གྱི་ས་གནས་ཁག་ཅིག་ནས་ལྷ་བསམ་རྣམ་དག་དང་མགོན་པོ་༸གང་ཉིད་ལ་ཡིད་ཆེས་བློ་སྐྱེལ་གྱིས་ལག་ལག་ལེན་དུ་འཁེལ་ཡོད་པ་རེད། འོན་ཀྱང་དོལ་རྒྱལ་བསྟེན་མཁན་ཁག་ཅིག་གིས་ཆོས་དད་རང་དབང་སྤྲད་ཀྱི་མི་འདུག་ཅེས་སྐད་རྒྱག་ཡོད། ངོས་ནས་དེར་བསྟེན་པའི་སྐྱོན་ཡོད་ཚུལ་བཤད་པ་ལས་བཀག་འགོག་བྱེད་མེད་པས་ཆོས་དད་རང་དབང་སྤྲོད་ཡོད་ཅེས་བཀའ་སྩལ་ཡོད་པ་རེད། གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་གིས་སྔ་དྲོ་ཆོས་ཞུ་བ་ཚོར་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་སྩལ་བ་ལས། སྐྱེས་བུ་ཆེན་པོ་བྱང་ཆུབ་སེམས་ཀྱི་སྐོར་བཀའ་འགྲེལ་མཛད་སྐབས་སེམས་བཟང་པོ་བྱ་རྒྱུ་ཟེར་བ་དེ་ལ་སེམས་ཅན་དུད་འགྲོ་ཚོའང་དགའ་པོ་བྱེད་ཡུལ་ཞིག་ཆགས་ཡོད། དེར་བརྟེན་སྲོག་ཆགས་སུ་འདྲ་ཞིག་ཡིན་ཀྱང་རང་ཉིད་ལྟར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པའི་འདུ་ཤེས་འཛིན་ནས་བརྩེ་བ་བྱེད་དགོས་ཞེས་སོགས་བཀའ་སྩལ་བ་མ་ཟད། ལྷག་དོན་སེམས་པ་བཟང་པོ་དང་གཞན་ལ་ཕན་བདེ་སྒྲུབ་རྒྱུ་དེ་མི་ཚེ་སྐྱིད་པོ་ཡོང་རྒྱུའི་ཆ་རྐྱེན་རེད་ཅེས་བཀའ་ནན་སྩལ་ཡོད་པ་རེད། རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་ ༡༡ ནས་དབུ་འཛུགས་ཀྱིས་ལ་དྭགས་ནུབ་ར་བདེ་སྐྱིད་ས་གནས་སུ་ཆེད་དུ་བྱ་བའི་གདུལ་བྱ་ས་གནས་ཀྱི་སེར་སྐྱ་མང་ཚོགས་གཙོས་པའི་ཕྱི་ནང་གྱི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་སྒོམ་རིབ་བར་པ་དང། སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་སྣང་བཅས་བཀྲིན་བསྩལ་ཡོད་པ་དང།  དེ་རིང་ཉིན་མཐའ་མའི་ཆོས་འབྲེལ་ཐོག་ལག་ལེན་སོ་བདུན་མ་དང། སྙིང་པོ་དོན་གསུམ་གྱི་བཀའ་ཆོས།  དེ་བཞིན་སྒྲོལ་དཀར་ཡེ་ཤེས་འཁོར་ལོའི་ཚེ་དབང་བཅས་བཀྲིན་བསྩལ་ཡོད་པ་རེད། མཛད་འཆར་སྔོན་སྒྲིག་ལྟར་ན། ༸གོང་ས་མཆོག་ནས་སང་ཉིན་ཚེས་ ༡༤ ཉིན་སྐུལ་ངལ་གསོལ་བཞུགས་མཛད་རྒྱུ་དང། དེ་ནས་ཚེས་ ༡༥ ཉིན་ནུབ་ར་བདེ་སྐྱིད་ས་གནས་ནས་རྒྱང་ཐག་སྤྱི་ལེ་ ༣༠ སར་ཡོད་པའི་བསམ་གཏན་གླིང་དགོན་པར་ཆིབས་སྒྱུར་གྱིས་བཀའ་ཆོས་སྩལ་རྒྱུར་ཐུགས་གཏན་འཁེལ་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མགོན་པོ་༸གང་ཉིད་མཆོག་གིས་ཉིན་གཅིག་གི་མཛད་འཆར་སྔར་སྣུར་གྱིས་དེ་རིང་ཕྱི་དྲོ་ནུབ་ར་བདེ་སྐྱིད་ས་གནས་ནས་བསམ་གཏན་གླིང་དགོན་པར་ཆིབས་ཞལ་བསྒྱུར་གནང་གིས་སང་ཚེས་ ༡༤ ཉིན་༸གོང་ས་མཆོག་ནས་ཁུལ་དེར་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་བཀྲིན་བསྩལ་རྒྱུ་དང། དེ་ནས་ཚེས་ ༡༥ ཉིན་ནུབ་ར་བདེ་སྐྱིད་ས་གནས་ནས་རྒྱལ་ས་སླེ་ལ་ཕེབས་ཐོན་མཛད་ཀྱི་ཡོད་པ་རེད། ཚེས་ ༡༦ ཉིན་༸གོང་ས་མཆོག་ལ་དྭགས་ཟངས་དཀར་ཕྱོགས་སུ་མཛད་འཆར་བསྐྱང་སླད་ཆིབས་བསྒྱུར་གནང་གི་འདུག

ལ་དྭགས་པའི་སློབ་ཕྲུག་ཚོས་བོད་ཡིག་ལ་དོ་སྣང་ཤུགས་ཆེ་བྱེད་དགོས་ཞེས་བཀའ་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཚེས་ ༡༡ ཉིན་སྔ་དྲོ་ལ་དྭགས་ནུབ་ར་ལྡུམ་རྭ་བདེ་དགོན་དགའ་ལྡན་བཀྲིས་ཆོས་གླིང་དུ་ཉིན་དང་པོའི་བཀའ་ཆོས་སྩལ་གྲུབ་རྗེས། ཉིན་རྒྱབ་ཏུ་ནུབ་ར་ཉེ་འཁོར་གྱི་ལ་དྭགས་སློབ་གྲྭ་ཁག་གི་སློབ་མ་ཚོ་དང། དབྱར་ཆོས་ཆེན་མོའི་ཐོག་མཉམ་ཞུགས་གནང་མཁན་གྱི་དགེ་བཙུན་ཚོ་ལ་ནང་ཆོས་དང་འབྲེལ་བའི་ཐོག་དམིགས་བསལ་བཀའ་འདྲི་དགོངས་བསྐོར་ཞུ་རྒྱུའི་ལས་རིམ་ཞིག་ཚོགས་གནང་སོང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་ཕྲུག་ཚོའི་ངོས་ནས་དོན་གཉེར་ཆེན་པོས་དྲི་བ་དྲིས་པར་མགོན་པོ་༸གང་ཉིད་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སོང་ཞེས་བཀའ་སྩལ་བ་དང་འབྲེལ། སྤྱིར་སློབ་ཕྲུག་ཚོའི་ངོས་ནས་ཤེས་ཡོན་ཐོག་སློབ་གཉེར་བྱེད་པ་དང་ཆབས་ཅིག་ཏུ་རྒྱ་གར་མཁས་པའི་ལྟ་གྲུབ་མི་འདྲ་བ་དེ་དག་ཐོག་སློབ་གཉེར་བྱེད་ཐུབ་ན་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་པ་དང། དེ་བཞིན་ནང་པའི་གཞུང་ནས་གསུང་པའི་ཚད་མ་རིག་པ་དང་སེམས་ཁམས་རིག་པ་དེ་ཚོ་ཐུན་མོང་མ་ཡིན་པ་ཞིག་ཡིན་སྟབས། ཁ་ཆེ་སློབ་མ་དང་ཆོས་གྲོགས་ཚོས་ཀྱང་དེ་དག་ཐོག་སློབ་གཉེར་བྱེད་ཐུབ་ན་ཕན་ཐོགས་ཧ་ཅང་ཡོད་ཅེས་བཀའ་སྩལ་སོང་། ལྷག་དོན་ལ་དྭགས་པའི་སློབ་ཕྲུག་ཚོས་བོད་ཡིག་ལ་དོ་སྣང་ཤུགས་ཆེ་བྱེད་དགོས་ཞེས་བཀའ་ནན་སྩལ་ཡོད་པ་རེད། ལ་དྭགས་དགོན་པའི་སློབ་ཕྲུག་དགེ་འདུན་པ་ཞིག་ནས་རྣམ་ཀུན་དུ་མགོན་པོ་༸གང་ཉིད་མཆོག་ནས་རིའི་རྒྱལ་པོ་རི་རབ་མེད་ཅེས་གསུང་དོན་གང་ཡིན་ཞེས་བཀའ་འདྲི་ཞུས་པར་མགོན་པོ་མཆོག་གིས་སངས་རྒྱས་པའི་ཆོས་ཀྱི་གཞི་རྩ་གཙོ་བོ་དེ་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་རེད། དེ་ལོ་ངོ་བརྒྱ་ཕྱིན་ནའང་སུ་གཅིག་གིས་གཡོ་འགུལ་གཏང་ཐུབ་ཀྱི་མ་རེད། མ་འོངས་པར་ཚན་རིག་པ་ཡར་རྒྱས་ག་ཚོད་ཕྱིན་ཀྱང་དེར་ངོ་མཚར་སྐྱེས་དགོས་པ་ཞིག་ལས་གང་ཟག་སུ་གཅིག་གིས་དགག་པ་བརྒྱབ་ཐུབ་ཀྱི་མ་རེད་ཅེས་བཀའ་ལན་སྩལ་སོང་། དེ་བཞིན་སློབ་ཕྲུག་བེུད་ཅིག་གིས་ནང་པའི་ཆོས་ལས་རིགས་རུས་དབྱེ་བ་མེད་ནའང་དགེ་ཚུལ་སྒྲུབ་སྐབས་སུ་རིགས་རུས་དབྱེ་བ་ཡོད་པ་དེ་གང་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར། མགོན་པོ་མཆོག་གིས་རིགས་རུས་ཟེར་བ་དེ་སྔར་རྒྱ་གར་ནང་ཞིང་བྲན་ལམ་ལུགས་ཀྱི་བག་ཆགས་ལས་བྱུང་བ་ཞིག་ཡིན་པ་དང། ནང་པ་སངས་རྒྱས་པའི་ཆོས་ནང་འགྲོ་བ་མི་ཚང་མ་གཅིག་འགྱུར་གྱི་འདུ་ཤེས་འཛིན་པ་ལས་རིགས་རུས་ཀྱི་དབྱེ་འབྱེད་རྩ་བ་ནས་གནང་གི་མེད་ཅེས་བཀའ་ལན་སྩལ་ཡོད། ༸གོང་ས་མཆོག་གིས་མུ་མཐུད་གསུངས་པར་གསར་བརྗེ་པ་དང་མང་ཚོགས་ནས་ཆོས་ལ་ངོ་རྒོལ་གནང་དོན་ནི། ཆོས་ལུགས་ཀྱི་སྒྲིག་འཛུགས་ཁག་ནས་ཞིང་བྲན་ལམ་ལུགས་ལ་རྒྱབ་སྐྱོར་བྱས་པས་དེ་ལྟར་ཡོང་བ་ལས་ཆོས་རང་གི་ངོ་བོ་ནི་བྱམས་པ་དང་། སྙིང་རྗེ་ཡིན་པས་དེ་འདྲ་ཞིག་ཡོང་མི་སྲིད་པ་རེད་ཅེས་བཀའ་ནན་སྩལ་སོང་། རྩ་བའི་ཁ་སང་ནང་ཆོས་དང་འབྲེལ་བའི་བཀའ་འདྲིའི་ལས་རིམ་ཐོག་སློབ་མ་ཚོའི་ངོས་ནས་༸གོང་ས་མཆོག་ལ་འཛམ་གླིང་ཆགས་ཚུལ་དང་། རྡུལ་ཕྲ་རགས། འགྲོ་རིགས་དྲུག་སོགས་ཀྱི་བརྗོད་གཞི་ཁག་འདྲ་མིན་ཐད་ལ་བཀའ་འདྲི་ཞུས་པར་མགོན་པོ་མཆོག་ནས་ཐུགས་བརྩེ་བ་ཆེན་པོས་བཀའ་ལན་མཛད་སོང་།

དེ་སྔ་བོད་ཀྱི་ནང་པའི་ཆོས་བརྒྱུད་ཁག་གིས་བསྟན་པ་སྤྱི་མཚན་ཐོག་འཐུས་ཤོར་བཏང་འདུག་ཅེས་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། མགོན་པོ་༸གང་ཉིད་མཆོག་གིས་དེ་རིང་ཟླ་ ༧ ཚེས་ ༡༡ ཉིན་སྔ་དྲོ་ལ་དྭགས་ལྡུམ་རྭ་བདེ་དགོན་དགའ་ལྡན་བཀྲིས་ཆོས་གླིང་གི་ཆོས་རར་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་ལྷག་ལ་སློབ་དཔོན་ཀཱ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་དབུ་འཛུགས་དང་འབྲེལ། དེ་སྔ་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་བརྒྱུད་ཁག་གིས་གང་ཟག་དགོས་མཚན་དུ་འཛིན་ནས་བསྟན་པ་སྤྱི་མཚན་ཐོག་འཐུས་ཤོར་བཏང་འདུག་ཅེས་བཀའ་སྩལ་སོང་། དེ་བཞིན་མགོན་པོ་མཆོག་གིས་དུས་རབས་ ༢༡ པའི་འཛམ་བུ་གླིང་འཁྲུག་ཆ་དོད་པོ་ཡོད་པའི་དུས་སྐབས་འདིར་སངས་རྒྱས་པའི་ཆོས་འདི་རི་ཁྲོད་པས་ཉམས་ལེན་གནང་རྒྱུ་གཅིག་དང་། བསྟན་པ་སྤྱི་མཚན་ཕར་བཞག་ནས་གང་ཟག་དགོས་མཚན་ཐོག་གནང་པ་དེས་འདངས་ངེས་མི་འདུག་ཅེས་བཀའ་སྩལ་བ་དང་། རྣམ་ཀུན་སངས་རྒྱས་པའི་ཆོས་དེ་ངོ་སྤྲོད་བྱེད་སྐབས་བསྟན་པ་སྤྱི་མཚན་ཐོག་བྱེད་དགོས་པ་མ་ཟད། མདོར་ན་བཀའ་འགྱུར་དང་བསྟན་འགྱུར་པུ་ཏི་ ༣༠༠ ཡོད་པ་དེ་དག་གི་དོན་ཚུར་སྡོམ་ནས་སངས་རྒྱས་པའི་ཆོས་ངོ་སྤྲོད་བྱེད་དགོས་ཀྱི་འདུག་ཅེས་བཀའ་ནན་སྩལ་སོང་། ལྷག་པར་མགོན་པོ་མཆོག་གིས་དེ་སྔ་བོད་ཀྱི་ནང་པའི་ཆོས་བརྒྱུད་ཁག་གིས་གང་ཟག་དགོས་མཚན་དུ་གཙོ་བོར་འཛིན་ནས་འཐུས་ཤོར་ཕྱིན་པ་དེ་ཤེས་ཐོག་ཕྱིན་ཆད་ལེགས་བཅོས་གཏང་དགོས་གལ་ཡིན་པ་དང་། དེ་ལྟར་བྱུང་ཐུབ་ན་ཆོས་བརྒྱུད་ཕན་ཚུན་དབར་ལ་འཐེན་འཁྱེར་ཡོང་གི་མ་རེད་ཅེས་བཀའ་བསྩལ་ཡོད་པ་རེད། ནང་པའི་དད་ལྡན་པ་ཚོའི་ངོས་ནས་བཀའ་འགྱུར་བསྟན་འགྱུར་པུ་ཏི་ ༣༠༠ ཡོད་པ་དེ་དག་དཔང་པོ་བཞག་ནས་ཆོས་འཆད་ཉན་གནང་སྟེ་ཤེས་པ་བྱེད་དགོས་ཞེས་དང་། དེ་བཞིན་པཎ་གྲུབ་ ༡༧ རྣམས་ནི་དེ་སྔ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་རིམ་པ་གསུམ་བཀའ་བསྩལ་བ་དེ་དག་གི་དགོངས་དོན་འགྲེལ་གནང་མཁན་གྱི་སློབ་དཔོན་འབའ་ཞིག་ཆགས་ཡོད་སྟབས། ཁྱེད་རང་ཚོའི་ངོས་ནས་ནང་སངས་རྒྱས་པའི་ཆོས་གང་འདྲ་ཡིན་མིན་ཤེས་དགོས་ན། ངེས་པར་དུ་པཎ་གྲུབ་ ༡༧ གྱི་གསུང་དེ་དག་ལ་སློབ་གཉེར་དཔྱིས་ཕྱིན་བྱེད་དགོས་ཞེས་བཀའ་སྩལ་ཡོད། དེ་རིང་སྔ་དྲོ་སྔོན་འགྲོའི་གསུང་ཆོས་གྲུབ་མཚམས་སུ་མགོན་པོ་༸གང་ཉིད་མཆོག་གིས་སྒོམ་རིམ་བར་པ་བཀའ་ཆོས་དབུ་འཛུགས་གནང་ཡོད་པ་དང་། ནུབ་ར་བདེ་དགོན་གྱི་བཀའ་ཆོས་ཐོག་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་གིས་གཙོས། བདེ་སྐྱིད་དགོན་གྱི་དགོན་བདག་ཁྲིག་སེ་རིན་པོ་མཆོག རྒྱ་གར་གྲོས་ཚོགས་འཐུས་མི་ཐུབ་བསྟན་ཚེ་དབང་མཆོག ནུབ་ར་བདེ་སྐྱིད་གྲོང་སྡེ་ཡུལ་མི་གཙོ་བོར་གྱུར་པའི་ཉེ་འཁོར་ས་གནས་ཡུལ་མི་དང་བོད་མི། དེ་བཞིན་རྒྱ་རིགས་དང་སིངྒ་པུར། ཡུ་རོབ་སོགས་ནས་ཆོས་ཞུ་བ་ཆེད་བཅར་གནང་འདུག ཉིན་རྒྱབ་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉེ་འཁོར་ཡུལ་མིའི་སློབ་གྲྭ་ཁག་གི་སློབ་མ་ཚོ་ལ་ནང་ཆོས་ངོ་སྤྲོད་བསྩལ་རྒྱུ་དང་། སློབ་མའི་ཁྲོད་ནས་དོགས་འདྲི་ཞུ་ཁག་ལ་བཀའ་ལན་མཛད་རྒྱུའི་ལས་རིམ་ཞིག་ཀྱང་ཡོད་པ་རེད།

Latest news