བཙན་བྱོལ།
ཨོསྟྲེ་ལི་ཡཱ་གཞུང་ནས་མ་འོངས་བོད་བརྒྱུད་ནང་བསྟན་གྱི་ལམ་ལུགས་བརྒྱུད་༸རྒྱལ་བའི་ཡང་སྲིད་ངོས་འཛིན་བྱེད་པ་ལ་རྒྱབ་སྐྱོར་བྱ་རྒྱུའི་བསྒྲགས་གཏམ་སྤེལ་དགོས་པའི་ཞུ་སྐུལ།
ཨོསྟྲེ་ལི་ཡཱ་བོད་དོན་ལྷན་ཚོགས་དང་ཁེན་བྷེ་ར་བོད་རིགས་མཐུན་ཚོགས་ཀྱིས་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་ ཨོསྟྲེ་ལི་ཡཱ་གཞུང་ལ་དེ་འབྲེལ་བསྒྲགས་གཏམ་སྤེལ་དགོས་པའི་ཞུ་སྐུལ་གནང་འདུག
དེ་ཡང་ཟླ་བ་འདིའི་ཚེས་ ༡ ཉིན་ Australia Tibet Council (ATC) འམ་ཨོསྟྲེ་ལི་ཡཱ་བོད་དོན་ལྷན་ཚོགས་འཛིན་སྐྱོང་འགན་འཛིན་ Dr Zoe Bedford ལགས་དང་། ཚོགས་མི་བསོད་ནམས་རྒྱལ་མཚན་ལགས། དེ་བཞིན་ཁེན་བྷེ་རའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཞོན་བསྟན་འཛིན་ཆོས་དབྱངས་ལགས་བཅས་ནས་ཡུལ་དེ་གའི་གྲོས་ཚོགས་འཐུས་མི་དང་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་མཇལ་འཕྲད་ཀྱིས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ནས། ཨོསྟྲེ་ལི་ཡཱ་གཞུང་ནས་མ་འོངས་པར་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་བརྒྱུད་༸རྒྱལ་བའི་ཡང་སྲིད་ངོས་འཛིན་ལ་རྒྱབ་སྐྱོར་དང་། གནད་དོན་དེར་རྒྱ་ནག་གཞུང་གི་ཐེ་བྱུས་ལ་འགག་པ་ཡོད་པའི་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་སྐྱོང་ཡོང་བའི་ཞུ་སྐུལ་གནང་འདུག
འདི་ག་རླུང་འཕྲིན་ཁང་ནས་གནད་དོན་དེའི་ཐོག་ཨོསྟྲེ་ལི་ཡཱ་ཁེན་བྷེ་རའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཞོན་བསྟན་འཛིན་ཆོས་དབྱངས་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ད་རེས་ཞུ་སྐུལ་གྱི་ནང་དོན་གཙོ་བོ་དེ་༸རྒྱལ་བའི་ཡང་སྲིད་ཐད་རྒྱ་ནག་གཞུང་གི་ཐེ་བྱུས་བྱེད་ཆོག་གི་མེད་ཅེས་ཨོསྟྲེ་ལི་ཡཱ་གཞུང་ནས་ལངས་ཕྱོགས་ཤུགས་ཆེ་པོའི་ཐོག་ནས་བསྒྲགས་གཏམ་སྤེལ་དགོས་པའི་འབོད་སྐུལ་དང་ལྷན་དུ། ཡུལ་དེ་གའི་ཕྱི་སྲིད་བློན་ཆེན་ Penny Wong པེ་ནི་ཝོང་མཆོག་ནས་ཀྱང་དེ་འབྲེལ་གསུང་གནང་ཡོང་བའི་འབོད་སྐུལ་ཞུ་ཡོད་པ་གསུངས་སོང་། མ་ཟད་ཉེ་ཆར་མཇུག་སྒྲིལ་ཟིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༡ པའི་ཐོག་ཨོསྟྲེ་ལི་ཡའི་སྐུ་ཚབ་ནས་༸རྒྱལ་བའི་ཡང་སྲིད་ལ་རྒྱ་ནག་གཞུང་གི་ཐེ་བྱུས་བྱེད་ཆོག་གི་མེད་ཅེས་ནན་བརྗོད་གནང་བ་དང་། ཟླ་བ་དེའི་ཚེས་ ༡༧ ཉིན་ཨོསྟྲེ་ལི་ཡཱ་དང་ནིའུ་ཛི་ལེནྜ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དང་བདེ་སྲུང་བློན་ཆེན་ཐུན་མོང་གིས་ད་ལྟ་བོད་ནང་གི་ཆོས་དང་རིག་གཞུང་། ཤེས་ཡོན། དེ་བཞིན་སྐད་ཡིག་བཅས་ཀྱི་ཐོབ་ཐང་དང་རང་དབང་ཉམས་རྒུད་དུ་འགྲོ་བཞིན་པར་སེམས་འཚབ་གྱི་རྣམ་པ་བསྟན་པའི་ཟུང་སྦྲེལ་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུ་ཡོད་པ་འགྲེལ་བརྗོད་གནང་སོང་།
མ་ཟད་དེ་འབྲེལ་གཞུང་ངོས་ནས་གྲོས་ཆོད་གཏན་འབེབས་ཡོང་བ་དང་། རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་གདོང་ལེན་གྱི་བོད་མིར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག
རྩ་བའི་ཟླ་བ་སྔོན་མའི་ཕྱི་ཟླ་ ༣ ཚེས་ ༡༠ སྟེ། བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༧ ཉིན་མོར། ཨོསྟྲེ་ལི་ཡའི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་ཨོསྟྲེ་ལི་ཡའི་གྲོས་ཚོགས་གོང་འོག་གཉིས་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་མཛད་འཕྲིན་ལ་ཆེ་བསྟོད་དང་། རྒྱ་ནག་གིས་༸སྐུའི་ཡང་སྲིད་ངོས་འཛིན་གྱི་ཆོས་ཕྱོགས་ཀྱི་བྱ་རིམ་ལ་ཡོངས་སུ་དབང་སྒྱུར་བྱས་པ་དང་བོད་ས་ཡོངས་སུ་སྲིད་བྱུས་འདྲ་མིན་བརྒྱུད་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གཙོས་བོད་ཀྱི་སྐད་ཡིག་དང་ཆོས་རིག་སོགས་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ཅེས་འཁོད་པའི་གྲོས་ཆོད་དོན་ཚན་བཞི་ཅན་ཞིག་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་རེད།
ཡང་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༣ ནས་ཕྱི་ཟླ་ ༣ ཚེས་ ༣༡ བར་ཚོགས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༡ པའི་ཐོག་ཨོ་གླིང་སྐུ་ཚབ་ནས་ཐེངས་གཉིས་ཙམ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བློ་འཚབ་ཀྱི་རྣམ་པ་གསལ་སྟོན་གནང་ཡོད་པ་མ་ཟད། ཧྥིན་ལེནྜ་དང་ཨ་ཡར་ལེནྜ། འཇར་མ་ནི་སོགས་ནས་ཀྱང་བོད་ནང་གི་ཛ་དྲག་གནས་སྟངས་ལ་བློ་འཚབ་ཀྱིས། རྒྱ་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་མཚམས་འཇོག་དགོས་པ་ནན་བརྗོད་གནང་འདུག
གཞི་རྩའི་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་རྒྱུའི་ལས་དོན་རྒྱ་ཆེར་སྤེལ་དང་སྤེལ་བཞིན་ཡོད་པ་དང་། ༸རྒྱལ་བའི་ཡང་སྲིད་གཙོས་པའི་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་བྱེད་སྒོ་མཐའ་དག་རྒྱ་ནག་དམར་གཞུང་གི་ཁྲིམས་གཞི་ལྟར་འགྲོ་དགོས་ལུགས་དང་། གནད་དོན་དེར་ཕྱིའི་ཐེ་བྱུས་དང་གནོན་ཤུགས་རིགས་ངོས་འཛིན་པའི་ཐོག་གདོང་ལེན་ནན་པོ་བྱ་དགོས་པ་སོགས་བཤད་ཀྱི་ཡོད་པ་མ་ཟད། ༸པཎ་ཆེན་རིན་པོ་ཆེར་གྲགས་པ་བོད་རིགས་རྒྱལ་མཚན་ནོར་བུ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བསྟན་མཐུན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོ་བཞག་བྱས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་རྒྱུ་མཚོན་པས་༸རྒྱལ་བའི་ཡང་སྲིད་ངོས་འཛིན་ཐད་ལག་ཆ་ལྟ་བུར་བེད་སྤྱོད་བྱེད་བཞིན་པ་རེད། དེའི་ཁྲོད་སྔ་ལོའི་ཕྱི་ཟླ་ ༡༢ ནང་བོད་གཞིས་ཀ་རྩེ་གྲོང་ཁྱེར་ནང་དུ་འཚོགས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམ་པའི་ལྷན་ཚོགས་ཞིག་གི་ཐོག་རྒྱལ་མཚན་ནོར་བུས་བླ་སྤྲུལ་ཡང་སྲིད་རྣམས་རྒྱ་ནག་གཞུང་གིས་ངོས་འཛིན་དང་རྒྱབ་སྐྱོར་ཐོག་ནས་འགྲོ་དགོས་པ་དང་། དེའང་ཕྱི་ཕྱོགས་ཀྱི་གང་ཟག་དང་ཚོགས་པ་སྒྲིག་འཛུགས་སུ་ཞིག་གི་ཤུགས་རྐྱེན་མེད་པ། དེ་བཞིན་བླ་སྤྲུལ་ངོས་འཛིན་གྱི་བརྒྱུད་རིམ་དེ་ཡང་རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་དམར་ཤོག་ཚོགས་པར་བློ་གཏད་ཡོད་པའི་ཐོག་ནས་བྱ་དགོས་ལུགས་སོགས་བཤད་ཡོད།
ཧྥ་རན་སི་ནང་བོད་མི་བསོད་ནམས་དོན་གྲུབ་ལགས་ཀྱིས་བོད་དོན་དྲིལ་བསྒྲགས་ཆེད་རྐང་འཁོར་སྐོར་སྐྱོད་འགོ་འཛུགས་གནང་འདུག
ཧྥ་རན་སི་ནང་གནས་སྡོད་གནང་མཁན་བོད་དོན་ལས་འགུལ་བ་བོད་མི་བསོད་ནམས་དོན་གྲུབ་ལགས་ཀྱིས་ཕྱི་ཟླ་ ༤ ཚེས་ ༡ སྟེ་ཁ་སང་ནས་འགོ་འཛུགས་ཀྱིས་ཟླ་བ་བཞི་ཙམ་རིང་བོད་དོན་དྲིལ་བསྒྲགས་ཆེད་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ་རེད་འདུག
དེ་ཡང་བསོད་ནམས་དོན་གྲུབ་ལགས་ཀྱིས་རང་གི་སྤྱི་ཚོགས་དྲྭ་གནས་ཐོག སྤྱིར་རང་ངོས་ནས་ལོ་ཤས་སྔོན་ལས་འགུལ་དེ་ལྟར་སྤེལ་འཆར་ཡོད་ཀྱང་དངོས་སུ་ལམ་ལྷོང་བྱུང་མེད་པ་གསལ་སྟོན་གནང་ཏེ། སྔ་ལོ་ནས་སླར་ཡང་འཆར་གཞི་དེ་ལྟར་བཏིང་པ་དང་གྲ་སྒྲིག་ཆ་ཚང་ལེགས་གྲུབ་ཟིན་པ་འགྲེལ་བརྗོད་གནང་བ་དང་འབྲེལ། ཁ་སང་ཧྥ་རན་སིའི་བྱང་ཕྱོགས་མངའ་སྡེ་ Grenoble ནས་འགོ་འཛུགས་ཀྱིས་ཁུལ་དེའི་གྲོང་ཁྱེར་ཆེ་ཁག་ ༢༧ ཙམ་བརྒྱུད་མཐར་ས་གནས་དེ་རང་བར་ཁྱོན་ཟླ་བ་བཞི་ཙམ་རིང་སྐོར་སྐྱོད་གནང་འཆར་ཡོད་པ་གསུངས་འདུག
ཐེངས་འདིའི་ལས་འགུལ་དེའི་ཐོག་གི་དྲིལ་བསྒྲགས་ནང་དོན་གཙོ་བོ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་གདུག་རྩུབ་ཀྱི་བྱ་སྤྱོད་ཡོངས་གྲགས་ཡིན་པ་དང་། ཁོ་ཚོས་གསར་བརྗེའི་མིང་ཐོག་ནས་མི་གསོད་ཁྲག་སྦྱོར་གྱི་བྱ་སྤྱོད་སྤེལ་ཏེ་ ༡༩༥༩ ལོར་བོད་མགོ་སྐོར་དང་གདུག་རྩུབ་ཀྱི་བཙན་གནོན་ལ་བརྟེན་ནས་བཟུང་ཡིན་པ། ཁྲིམས་འགལ་གྱི་བཙན་ཁྲིད་བྱས་པའི་ཆུང་སྲིད་༸པཎ་ཆེན་རིན་པོ་ཆེ་མཆོག་གི་འདས་སོན་གྱི་གནས་ཚུལ་ཁ་གསལ་གྱིས་གཞན་བླ་སྤུལ་རྣམས་དང་། ཉེས་མེད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་པ་སོགས་ཀྱི་བོད་ནང་ཀྱི་ད་ལྟའི་དངོས་ཡོད་ཛ་དྲག་གནས་སྟངས་དོན་ཚན་བཅུ་དང་། ཧྥ་རན་སི་ནང་བོད་དང་འབྲེལ་བའི་གནས་ཚུལ་བཅས་དོན་ཚན་ ༡༣ ཐོག་དྲིལ་བསྒྲགས་གནང་གི་ཡོད་པ་རེད།
འདི་ག་རླུང་འཕྲིན་ཁང་གིས་གནད་དོན་དེ་འབྲེལ་བོད་མི་བསོད་ནམས་དོན་གྲུབ་ལགས་སུ་བཀའ་འདྲི་ཞུ་སྐབས་ཁོང་གིས། ཁ་སང་ནས་འགོ་འཛུགས་ཀྱིས་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་དེ་བཞིན་སྤེལ་བ་འགྲེལ་བརྗོད་གནང་ཐོག ཉིན་དང་པོར་སྤྱེ་ལེ་ ༦༧ གནང་རྒྱུ་བྱུང་བ་དང་དེ་རིང་ས་གནས་ Valence ནང་སྤྱི་ལེ་ ༥༥ ཙམ་ཕེབས་ཡིན་པ་འགྲེལ་བརྗོད་གནང་བ་དང་འབྲེལ། ལས་འགུལ་དེའི་བརྒྱུད་ད་ལྟ་སེམས་ཤུགས་ཡོད་པའི་སྐབས་སུ་བོད་ནས་ཕེབས་མཁན་རྣམ་པས་བཙན་བྱོལ་དུ་སྐྱེས་པའི་བོད་ཕྲུག་རྣམས་ལ་སེམས་ཤུགས་སྦྱིན་ནས་ལས་འགུལ་དེ་ལྟར་མཉམ་དུ་སྤེལ་རྒྱུའི་དུས་ལ་བབས་ཡོད་པ་སོགས་འགྲེལ་བརྗོད་གནང་སོང་།
རྩ་བའི་བསོད་ནམས་དོན་གྲུབ་ལགས་ཀྱིས་བོད་དོན་དྲིལ་བསྒྲགས་ལས་འགུལ་དེ་བཞིན་སྤེལ་བ་ཐེངས་དང་པོ་མིན་པར་ཧྥ་རན་སི་ནང་ལོ་ལྟར་སྲུང་བརྩི་ཞུ་བཞིན་པའི་འཛམ་གླིང་རྒྱལ་དར་ཉིན་མོར་ལོ་བཞི་ཙམ་མཉམ་ཞུགས་གནང་མྱོང་མཁན་ཞིག་ཡིན་པ་དང་། གཞན་ཡང་བོད་དོན་དྲིལ་བསྒྲགས་ཆེད་ཞི་བའི་གོམ་བགྲོད་སོགས་ཀྱི་ལས་འགུལ་ལའང་མཉམ་ཞུགས་གནང་མཁན་ཞིག་ཡིན་པ་རེད།
དཔེ་སྟོན་སློབ་གྲྭར་བོད་ཀྱི་སྐད་ཡིག་ཁང་དབུ་འབྱེད།
དེ་རིང་རྡ་ས་དབུས་སྣེ་ལེན་ཁང་གི་ཉེ་འདབས་སུ་རྟེན་གཞི་བྱས་པའི་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་ནང་བོད་ཀྱི་སྐད་ཡིག་ཁང་གསར་པ་ཞིག་དབུ་འབྱེད་གནང་སོང་བ་དང་འབྲེལ། ཤེས་རིག་བཀའ་བློན་མཆོག་གིས་བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་སྲོག་རྩ་ཡིན་ཞིང་། དགེ་ལས་སློབ་ཕྲུག་ཕ་མ་རྣམས་ནས་བོད་ནང་གི་གནས་སྟངས་ལ་གཞིགས་ཏེ། བཙན་བྱོལ་ནང་དུ་བོད་ཀྱི་སྐད་ཡིག་བདག་སྲུང་ཆེད་རང་འགན་རང་འཁུར་གྱི་ལས་དོན་རྒྱ་ཆེར་གནང་དགོས་པའི་ལམ་སྟོན་གནང་སོང་།
https://youtu.be/QGwE0SA2AaQ?si=3lMXZNauIzz3-jqK
དེ་ཡང་དེ་རིང་བོད་ཀྱི་སྐད་ཡིག་ཁང་དབུ་འབྱེད་དེ་བཞིན་བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་གནང་ཡོད་ཅིང་། ལས་གཞི་དེ་ནི་ UTAH བོད་ཀྱི་ཐེབས་རྩས་མཐུན་འགྱུར་གནང་བ་ཞིག་ཡིན་པ་དང་། དེ་ནི་ད་ཡོད་བཙན་བྱོལ་སློབ་གྲྭ་ཁག་གི་ནང་དུ་མཐུན་རྐྱེན་འཛོམས་པའི་བོད་ཀྱི་སྐད་ཡིག་ཁང་ཐེངས་དང་པོ་དེ་ཆགས་ཀྱི་འདུག
དབུ་འབྱེད་གྲུབ་མཚམས་ཤེས་རིག་བཀའ་བློན་མཆོག་གིས་སློབ་ཕྲུག་རྣམས་ལ་བླང་དོར་ལམ་སྟོན་གནང་བའི་ཁྲོད། བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་སྲོག་རྩ་ཡིན་པ་དང་། བོད་ནང་རྒྱ་དམར་གུང་ཁྲན་ཏང་གི་ཁྲིམས་སྒྲིག་སྲིད་བྱུས་འོག་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་བཞིན་ཡོད་སྟབས། སློབ་ཕྲུག་རྣམས་ནས་རང་ཉིད་གང་ནས་ཡིན་པའི་ཕ་ཡུལ་བོད་དེ་ནམ་ཡང་དྲན་པ་བརྗེད་རྒྱུ་མེད་པ་མ་ཟད། གཞིས་བཞུགས་བོད་མིའི་མངོན་འདོད་དང་༸རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་བཞིན་མ་འོངས་པར་རང་རེ་སྤྱི་ཚོགས་ནང་ཕན་པའི་ལས་དོན་གྲུབ་ཆེད་ད་ལྟ་ཉིད་ནས་སློབ་སྦྱོང་ཡག་པོ་སྦྱང་དགོས་གལ་ཡིན་པ་ནན་བརྗོད་གནང་སོང་།
ད་དུང་སློབ་སྦྱོང་དང་མཉམ་དུ་སྒྲིག་གཞི་ཡག་པོ་འཁུར་དགོས་པ་དང་། གཞན་ལ་མཐོང་ཆུང་དང་ང་རྒྱལ་བྱ་རྒྱུ་མེད་པ། ལྷག་པར་སློབ་སྦྱོང་སྦྱང་བའི་སྐབས་སུ་སྐྱིད་སྣང་ལྡན་པའི་ཐོག་ནས་སྦྱང་དགོས་པ། སོ་སོའི་ནུས་པ་ལས་དཔག་པའི་དམིགས་ཡུལ་བཟུང་དགོས་པ། དགེ་རྒན་ལ་གུས་བརྩི་ཞུ་དགོས་པ། མ་འོངས་པའི་འགོ་ཁྲིད་ནི་སློབ་ཕྲུག་གི་ཁྲོད་ནས་ཡོང་དགོས་ཀྱི་ཡོད་སྟབས། བཟང་སྤྱོད་དང་དྲང་བདེན་དགོས་པ་མ་ཟད། སོ་སོའི་སློབ་སྦྱོང་ཤེས་པ་དེ་དག་དྲན་པར་བྱེད་དེ་རིམ་པས་ལག་ལེན་དུ་འཁྱོལ་བར་བྱ་ནས་བོད་མི་ཚད་ལྡན་ཞིག་བྱ་དགོས་པའི་ལམ་སྟོན་གནང་སོང་།
དེ་བཞིན་ཤེས་རིག་བཀའ་བློན་མཆོག་གིས་ཉིན་རྒྱབ་དགེ་རྒན་ལས་བྱེད་རྣམས་ལ་བླང་དོར་ལམ་སྟོན་གྱི་བཀའ་སློབ་གནང་ཡོད་པ་དང་། སྐབས་དེར་བཀའ་བློན་མཆོག་གིས་བཙན་བྱོལ་ནང་གི་སློབ་གྲྭའི་སློབ་སྤྱི་གཙོས་པའི་དགེ་རྒན་ལས་བྱེད་ཡོངས་ལ་སོ་སོ་རང་ཉིད་ཀྱི་རྣམ་དཔྱོད་བེད་སྤྱོད་བྱེད་པའི་ཐོག་ནས་དྲང་པོ་བྱ་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། སློབ་ཕྲུག་གི་མི་ཚེ་འདུན་ལམ་བཟོ་མཁན་ཞིག་ཡིན་སྟབས། སློབ་ཕྲུག་ལ་དབྱེ་བ་མེད་པར་དུས་དང་མཚམས་པའི་སློབ་ཁྲིད་དང་སློབ་གསོའི་ཐབས་ལམ་ལག་བསྟར་བྱ་དགོས་པ་གསུངས་སོང་། མ་ཟད་སློབ་གྲྭའི་ལས་དོན་ནི་སློབ་སྤྱི་དང་དགེ་རྒན་ལས་བྱེད་ཕ་མ་ཚང་མས་མཉམ་རུབ་གནང་དགོས་པ་མ་ཟད། དགེ་རྒན་གྱི་ངོས་ནས་སོ་སོས་གང་ཤེས་པ་རྣམས་སློབ་ཕྲུག་གི་ཤེས་པ་བཟོ་དགོས་རྒྱུ་དང་ལྷག་པར་སློབ་སྦྱོང་སྦྱང་སྟངས་ངེས་པར་དུ་བསླབ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དྲན་སྐུལ་གནང་སོང་།
མ་ཟད་སློབ་ཕྲུག་གི་གདེང་ཚོད་དང་ནུས་པ་སྐྱེད་སྲིང་ཆེད་དུ་སྐབས་འགར་སློབ་ཕྲུག་ལ་བསྟུན་དགོས་པ་དང་། ཕ་མའི་ངོས་ནས་བུ་ཕྲུག་གི་ཕྱོགས་གཏོགས་བྱ་རྒྱུ་མེད་ཅིང་། བུ་ཕྲུག་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ན་ཆུང་དུས་ནས་བོད་བསྟན་སྲིད་མི་རིགས་སྤྱི་ལ་སྐུ་ལས་བསྐྱོན་པ་རྣམས་གོ་རྟོགས་སྤེལ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་ནན་བརྗོད་གནང་སོང་།
འདི་ག་རླུང་འཕྲིན་ཁང་ནས་དེ་རིང་བོད་ཀྱི་སྐད་ཡིག་ཁང་དབུ་འབྱེད་དང་འབྲེལ་ནས་ལས་གཞི་དེར་འགན་འཁུར་གཙོ་བོ་བཞེས་མཁན་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་བོད་སྐད་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། ད་ལྟའི་ཆར་བོད་ནང་གཞོན་སྐྱེས་དང་བྱིས་པ་རྣམས་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྦྱོང་སྤྱོད་ཀྱི་ཁོར་ཡུག་ཇེ་ཞན་དུ་གཏོང་ཐབས་སུ་རྒྱ་གཞུང་གིས་གུ་དོག་གི་སྲིད་བྱུས་འདྲ་མིན་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་དེ་ལྟར་ཡང་། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་དུ་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་བྱ་རྒྱུར་རང་དབང་ཆ་ཚང་ཡོད་པར་བརྟེན། བོད་མི་རིགས་ཀྱི་སྲོག་རྩ་ལྟ་བུའི་སྐད་ཡིག་དང་རིག་གཞུང་སྔར་ལྷག་སྦྱོང་སྤྱོད་བྱེད་པའི་ཁོར་ཡུག་དང་མཐུན་རྐྱེན་ཇེ་བཟང་དུ་གཏོང་རྒྱུ་གལ་གནད་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། དེ་སྔོན་ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་གྲོས་ཆོད་ནང་། སྐད་ཡིག་གི་རྩལ་བཞི་ཡར་རྒྱས་གཏོང་ཆེད་འཛིན་སྐྱོང་ནས་སྐད་ཡིག་ཁང་སོགས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་དགོས་རྒྱུ་ཞེས་འཁོད་པ་དང་། གཞན་ཡང་སཾ་བྷོ་ཊའི་ལོ་འཁོར་འགན་འཛིན་ཚོགས་འདུ་ཐེངས་བཅུ་བདུན་པའི་གྲོས་ཆོད་ནང་དུའང་གཞི་རིམ་བར་མའི་སློབ་ཕྲུག་གི་བོད་ཡིག་གནས་ཚད་ཡར་རྒྱས་སླད་འཛིན་གྲྭའི་དཔེ་མཛོད་ཀྱི་མཐུན་རྐྱེན་དགོས་གལ་ཞེས་གསལ་ཡོད་པ། ལྷག་པར་དུས་ཡུན་རིང་པོ་ཞིག་ནས་བོད་ཡིག་དགེ་རྒན་མང་དག་ཅིག་ལ་སློབ་གྲྭ་སོ་སོར་བོད་ཀྱི་སྐད་ཡིག་ཁང་དགོས་མཁོ་ཆེ་བའི་བསམ་ཚུལ་ཤུགས་ཆེར་ཡོང་བཞིན་པའི་གནད་དོན་བཅས་ལ་གཞིགས་ཏེ། ཐེངས་འདིའི་བོད་ཀྱི་སྐད་ཡིག་ཁང་གསར་འཛུགས་སླད་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་ནས་སྔ་རྗེས་བཀའ་སློབ་ལམ་སྟོན་དང་། ཨ་རིར་གནས་བཞུགས་སྤྱི་ཟུར་པདྨ་ཕྱག་མཛོད་ཚང་བརྒྱུད་ཡུ་ཊ་བོད་ཀྱི་ཐེབས་རྩ་ནས་རོགས་དུངལ་འཚོལ་གནང་དགོས་ངེས་ཀྱི་ཆ་རྐྱེན་ཡོངས་རྫོགས་ཚང་བའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་བོད་ཀྱི་སྐད་ཡིག་ཁང་དང་པོ་དེ་ཆགས་ཡོད་པ་འགྲེལ་བརྗོད་གནང་སོང་།
གཞི་རྩའི་ལས་གཞི་འདི་ནི་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་བོད་ཡིག་དགེ་རྒན་རྣམས་ལ་སློབ་ཕྲུག་ཚོར་སྐད་ཡིག་གི་རྩལ་བཞི་སྦྱོང་བརྡར་སྤྲོད་ཆེད་དཔེ་གསར་བརྙན་འཕྲིན་འཕྲུལ་ཆས་ཆེ་བ་དང་། བོད་ཕྱི་ནང་ནས་ཐོན་པའི་བོད་ཡིག་གི་བྱིས་སྒྲུང་དང་དཔེ་དེབ་སྣ་ཚོགས། ནག་པང་དང་སྦྱར་པང་། དགེ་རྒན་ལ་ཀམ་པུ་ཊར་དང་ཚོན་ལྡན་པར་སྐྲུན་འཕྲུལ་འཁོར། སྒྲ་སྒམ་སོགས་ཀྱི་མཐུན་རྐྱེན་ཡོད་པ་རེད་འདུག མ་ཟད་དེ་རིང་བོད་ཀྱི་སྐད་ཡིག་ཁང་དབུ་འབྱེད་དང་ལྷན་དུ་རྩིས་རིག་ཁང་གསར་པ་ཞིག་ཀྱང་དབུ་འབྱེད་གནང་སོང་།
མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་སྤྱི་ལེགས་བཤད་ཉི་མ་ལགས་དང་། གཞི་རིམ་འོག་མའི་བོད་ཡིག་དགེ་རྒན་བསྟན་འཛིན་སྒྲོལ་མ་ལགས་སུ་བཅར་འདྲི་ཞུས་ཡོད་པས་གོང་གི་སྒྲ་སྒམ་ནས་གསན་ཐུབ།
རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་ངོ་རྒོལ་གྱིས་ཞ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་འགོ་འཛུགས་གནང་སོང་།
རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་ངོ་རྒོལ་གྱིས་ཞ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་འགོ་འཛུགས་གནང་སོང་།
ཐེ་ཝན་ནས་རྒྱ་ཡིག་དགེ་རྒན་ཆེད་གཏོང་བྱ་རྒྱུའི་གན་རྒྱ་བཞག་འདུག
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Taipei Economic and Cultural Center ཐའེ་པེ་ཚོང་ལས་དང་རིག་གཞུང་བསྟི་གནས་ཁང་དང་། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གཉིས་དབར་གན་རྒྱ་བཞག་སྟེ་ཐེ་ཝན་ནས་རྒྱ་གར་དུ་རྒྱ་ཡིག་སློབ་ཁྲིད་ཆེད་དགེ་རྒན་གཏོང་རྒྱུ་རེད་འདུག
དེ་ཡང་ཁ་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Taipei Economic and Cultural Center ཐའེ་པེ་ཚོང་ལས་དང་རིག་གཞུང་བསྟི་གནས་ཁང་དུ། ཐའེ་པེ་ཚོང་ལས་དང་རིག་གཞུང་བསྟི་གནས་ཁང་གི་སྐུ་ཚབ་འབུམ་རམས་པ་ Mu-min Chen ལགས་དང་། ཤེས་ཡོན་འགན་འཛིན་ Jill Lai ལགས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་འབུམ་རམས་པ་པ་སངས་ལགས། དེ་བཞིན་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱི་དྲུང་ཆེ་བཀྲ་ཤིས་བདེ་སྐྱིད་ལགས། ལྷོ་སྤྱི་འཇིགས་མེད་འབྱུང་གནས་ལགས་བཅས་མཉམ་ཞུགས་ཀྱིས། ཤེས་ཡོན་འགན་འཛིན་ Jill Lai ལགས་དང་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་འབུམ་རམས་པ་པ་སངས་ལགས་གཉིས་ཀྱིས་གན་རྒྱ་ལ་མཚན་རྟགས་བཀོད་ཡོད་པ་རེད།
གན་རྒྱ་དང་འབྲེལ་ཐའེ་པེ་ཚོང་ལས་དང་རིག་གཞུང་བསྟི་གནས་ཁང་གི་སྐུ་ཚབ་འབུམ་རམས་པ་ Mu min Chen ལགས་ཀྱིས། Taiwan Education Center TEC འམ་ཐེ་ཝན་ཤེས་ཡོན་བསྟི་གནས་ཁང་ནི་ཐེ་ཝན་དང་རྒྱ་གར་དབར་མཐོ་རིམ་ཤེས་ཡོན་མཉམ་ལས་ཀྱི་ལས་གཞི་ལ་གལ་གནད་ཆེན་པོ་ཞིག་ཆགས་ཀྱི་ཡོད་ཅིང་། དེའི་བརྒྱུད་ནས་ཐེ་ཝན་དང་བོད་གཉིས་བར་གྱི་འབྲེལ་བ་ལའང་རྒྱ་སྐྱེད་གཏོང་ཆེད་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་པ་གསུངས་བ་མ་ཟད། ཐེ་ཝན་གྱི་དམངས་གཙོ་དང་འཕྲུལ་རིག་གི་ལག་རྩལ། དེ་བཞིན་མཐོ་རིམ་ཤེས་ཡོན་བཅས་ཀྱི་འཕེལ་རྒྱས་འགྲོ་བཞིན་པ་བརྟེན་བོད་མི་ཚོར་སྐུལ་མ་ཐེབས་སྲིད་པ་དང་ཕན་ཚུན་གོ་རྟོགས་གོང་འཕེལ་གཏོང་ཐུབ་ཀྱི་རེད་ཅེས་གསུངས་འདུག
ཕྱོགས་མཚུངས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་འབུམ་རམས་པ་པ་སངས་ལགས་ཀྱིས། རྩ་བའི་ ༢༠༠༨ ལོར་མཐོ་སློབ་གསར་འཛུགས་གནང་བ་ནས་བཟུང་རྒྱ་ཡིག་སློབ་ཚན་ཡོད་ནའང་ད་ལྟའི་གན་རྒྱ་བཞག་པའི་བརྒྱུད་སྔར་ལས་ལྷག་ཕན་ཐོགས་ཡོང་རྒྱུ་ཡིན་པ་མ་ཟད། དེ་སྔ་རྒྱ་ཡིག་སློབ་ཁྲིད་བྱེད་མཁན་རྣམས་བོད་མི་ཤ་སྟག་ཡིན་པར་བརྟེན་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། ད་ལྟ་གན་རྒྱ་དེའི་བརྒྱུད་ཐེ་ཝན་ནས་རྒྱ་ཡིག་དགེ་རྒན་དངོས་སུ་མཉམ་ཞུགས་གནང་གི་ཡོད་པར་བརྟེན་སློབ་ཁྲིད་ལ་ནུས་པ་ལྡན་པ་ཞིག་ཡོང་ངེས་ཡིན་པ་དང་ཕན་ཐོགས་ཆེན་པོ་ཡོང་བར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་འདུག
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས། གན་རྒྱ་དེ་ནི་གོམ་པ་གསར་པ་ཞིག་ཡིན་པ་དང་འབྲེལ། ཤེས་ཡོན་གྱིས་མི་སྤྱི་སྒེར་ཚང་མར་བསྒྱུར་བ་གཏོང་བའི་ནུས་པ་ཡོད་པ་དང་ཤེས་ཡོན་ལ་ས་མཚམས་ཀྱང་མེད་ཅེས་བརྗོད་འདུག་པ་མ་ཟད། ད་ལན་གྱི་གན་རྒྱ་དེའི་བརྒྱུད་ཐེ་ཝན་ནས་དངོས་སུ་རྒྱ་ཡིག་དགེ་རྒན་བསྐོ་བཞག་གནང་བ་དེས་བོད་མི་གཞོན་སྐྱེས་རྣམས་ལ་རྒྱ་ཡིག་ཐད་གོ་རྟོགས་བཟང་པོ་ཡོང་རྒྱུ་དང་སེམས་འགུལ་ཐེབས་ངེས་ཡིན་པ་གསུངས་འདུག
དེ་བཞིན་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་བཀྲིས་བདེ་སྐྱིད་ལགས་ཀྱིས། གན་རྒྱ་དེ་ནི་དམིགས་བསལ་ཞིག་ཡིན་པ་དང་རྒྱ་སྐད་ཤེས་པའི་བརྒྱུད་བོད་མི་གཞོན་སྐྱེས་རྣམས་ལ་ལས་ཀའི་གོ་སྐབས་མང་པོ་ཐོབ་སྲིད་པ་མ་ཟད། རང་གི་བསམ་ཚུལ་སོགས་རྒྱ་སྐད་ནས་བཤད་ཐུབ་པ་དང་བོད་ཀྱི་འཐབ་རྩོད་ཀྱི་ཆེད་དུ་ཕན་ཐོགས་ཆེན་པོ་ཡོང་གི་རེད་ཅེས་གསུངས་འདུག
བོད་མི་བསྟན་འཛིན་གསལ་སྒྲོན་ལགས་ལ་ ༢༠༢༦ ལོའི་ Los Angeles Times Finance Visionary ཡི་ཆེ་བསྟོད་ཐོབ་པ།
ཨ་རིར་གནས་བཞུགས་བོད་མི་བསྟན་འཛིན་གསལ་སྒྲོན་ལགས་ལ་ Los Angeles Times གསར་ཤོག་གི་ཕྱི་ལོ་ ༢༠༢༦ ལོའི་ Finance Visionary ཞེས་དངུལ་ཁང་དང་དངུལ་རྩིས་ལས་དོན་གྱི་མཁས་པའི་ཆེ་བསྟོད་ཐོབ་འདུག
དེའང་ Los Angeles Times གསར་ཤོག་གི་ཚོང་ལས་སྡེ་ཚན་གྱིས་ལོ་ལྟར་དངུལ་ཁང་དང་དངུལ་རྩིའི་ལས་རིགས་ནང་གི་ཆེད་ལས་མི་སྣ་གྲགས་ཅན་རྣམས་མངོན་པར་གནང་གི་ཡོད་པ་ལྟར། འདི་ལོའི་ཐོ་གཞུང་ནང་བོད་པའི་བུད་མེད་བསྟན་འཛིན་གསལ་སྒྲོན་ལགས་མཚན་འདོན་གནང་བ་དང་། ཁོང་ནི་ ༢༠༢༢ ལོར་འགོ་འཛུགས་བྱེད་པའི་ Pulse Fund ཞེས་ཁེ་ལས་མ་རྩའི་ལས་ཁུངས་འགོ་འཛུགས་གནང་མཁན་དང་དོ་དམ་མཉམ་ལས་རོགས་ཟླ་ཡིན་པ་རེད་འདུག
Los Angeles Times དྲྭ་གནས་ཐོག་གསལ་སྒྲོན་ལགས་ཀྱིས་ ༢༠༢༥ ལོར་ཐབས་བྱུས་ལྡན་པའི་མ་རྩ་འཛུགས་འཇོག་གི་ལས་གཞི་བཞི་དངོས་སུ་འཚོལ་སྒྲུབ་གནང་ཡོད་པ་སྟེ། ནགས་ཚལ་བསྐྱར་གསོའི་ལས་གཞི་ Mast Reforestation ལ་ཨ་སྒོར་ས་ཡ་ ༢༥ ཡི་ Series B མ་རྩ་བསྡུ་རུབ་ནང་མཉམ་འབྲེལ་འགོ་ཁྲིད་གནང་བ་དང་། གློག་ཤུགས་འཕྲུལ་ཆས་མཁོ་སྤྲོད་བྱེད་མཁན་ Endera ལ་ཨ་སྒོར་ས་ཡ་ ༤༩ ཡི་མ་རྩ་བསྡུ་རུབ་ནང་མཉམ་ཞུགས་གནང་ཡོད་པ། Marathon Digital Holdings ཞེས་པའི་འཕྲུལ་རིག་ཚོང་ལས་ཁང་དང་ Stanford University ཞེས་གཙུག་ལག་སློབ་གཉེར་ཁང་གི་ Human-Centered AI འམ་མི་ལ་གཞི་བཅོལ་བའི་རིག་ནུས་ལས་གཞིའི་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་མིའི་འགན་བཞེས་བཞིན་པ་མ་ཟད། Twelve དང་ BlocPower སོགས་ཁེ་ལས་མ་འཛུགས་ལས་ཁུངས་ཀྱི་འགན་འཛིན་ཡང་གནང་བཞིན་ཡོད་པ་འཁོད་འདུག
གནད་དོན་དེ་འབྲེལ་ཉེ་ལམ་ཁོང་སྒེར་གྱི་སྤྱི་ཚོགས་དྲྭ་གནས་ཐོག་རང་ཉིད་ ༢༠༢༦ ལོའི་ Los Angeles Times Finance Visionary ཆེ་བསྟོད་ཐོབ་པར་དགའ་སྤོབས་ཆེན་པོ་བྱུང་བ་དང་འབྲེལ། མི་ཚོས་ Finance Visionary འམ་དངུལ་རྩིའི་འཆར་གཞི་ཞེས་ཐོས་སྐབས་རྒྱུན་དུ་ལོ་ ༣༠ སོན་པའི་བུད་མེད་ཅིག་གིས་དེ་ལྟར་བྱེད་བཞིན་པར་ཡིད་ཆེས་བྱེད་ཀྱི་མེད་པ་དང་། ངོས་འཛིན་དེ་ནི་ཁོང་ཚོའི་རུ་ཁག་གིས་ལོ་མང་རིང་བརྩོན་པ་ཆེན་པོ་དང་། ཡིད་ཆེས་བརྟན་པོ། དཀའ་ལས་བསྐྱོན་པའི་འབྲས་བུ་ཞིག་མཚོན་གྱི་ཡོད་སྐོར་འཁོད་འདུག
དེ་བཞིན་ཁོ་མོར་ཆ་མཚོན་ན། གལ་འགངས་ཆེ་ཤོས་ཤིག་ནི་སྐབས་རེ་མཚན་མོ་ཆུ་ཚོད་ ༢ ཙམ་དུའང་ Pulse Fund ཁེ་ལས་མ་རྩའི་ལས་ཁུངས་འགོ་འཛུགས་གནང་མཁན་དང་ལྷན་དུ་ཁ་པར་བརྒྱུད་བགྲོ་གླེང་སོགས་གྲུབ་འབྲས་དེའི་རྒྱབ་ངོས་ཀྱི་དཀའ་སྡུག་དག་ཡིན་ཞིང་། ཁོ་མོ་ལམ་བུ་འདིའི་ཐོག་བསྐྱོད་ཐུབ་པ་ནི་གཟི་བརྗིད་ཆེ་བ་ཞིག་དང་། ལམ་འདིའི་ཐོག་མདུན་སྐྱོད་བྱེད་མཁན་གྱི་མཐོང་རྒྱ་ཡངས་པའི་འཛུགས་སྐྲུན་པ་རྣམས་དང་ལྷན་དུ་བསྐྱོད་རྒྱུ་བྱུང་བ་ནི་དེ་བས་ཆེ་བསྟོད་གནང་བ་ཞིག་ཡིན་པ་གསུངས་འདུག
གཞི་རྩའི་བསྟན་འཛིན་གསལ་སྒྲོན་ལགས་ནི་དེ་སྔ་ཕྱི་ལོ་ ༢༠༡༧ ལོའི་ནང་རྒྱལ་སྤྱིའི་ཐོག་སྙན་གྲགས་ཡོད་པའི་ Forbes དུས་དེབ་ཐོག་ཨ་རིའི་ནང་ལོ་ངོ་སུམ་ཅུ་མན་གྱི་ན་གཞོན་ཁྲོད་ནས་རང་ཉིད་ཀྱིས་གསར་གཏོད་ལམ་ནས་ཡར་ཐོན་ཚོང་ལས་རིགས་གསར་འཛུགས་གནང་སྟེ་སྤྱི་ཚོགས་ལ་ཕན་པའི་ལས་དོན་གཉེར་བཞིན་པའི་མི་སྣ་ ༦༠༠ དང་། དེ་དག་ལས་མ་འོངས་པར་ཁོང་རྣམ་པའི་ལས་གཞི་དེའི་བརྒྱུད་སྤྱི་ཚོགས་ཁྱོན་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐུབ་པ་འདུག་སྙམ་པའི་ཆེས་དྲག་གྲས་ན་གཞོན་སུམ་ཅུའི་མིང་ཐོ་དང་ལོ་རྒྱུས་བཅས་པ་འདོན་སྤེལ་གནང་ཡོད་པའི་ནང་མཚན་ཐོན་གནང་མྱོང་ཡོད་ཅིང་། དེའང་ཁོང་གིས་ལོ་གཅིག་ཙམ་གོང་ལ་གསར་འཛུགས་གནང་བའི་ཡར་ཐོན་ཚོང་ལས་ཁང་ KINSTEP ཞེས་པ་དེ་མ་འོངས་པར་སྤྱི་ཚོགས་ཁྱོན་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐུབ་པ་འདུག་སྙམ་པའི་ཆེས་དྲག་གྲས་ཚོང་ལས་པ་སུམ་ཅུའི་ཁྲོད་དུ་ཚུད་ཐུབ་པ་བྱུང་བ་ཞིག་ཡིན་པ་རེད།
ཅེག་གྲོས་ཚོགས་གོང་མས་༸རྒྱལ་བའི་ཡང་སྲིད་ཐད་རྒྱ་ནག་ལ་ཐེ་བྱུས་ཀྱི་ཐོབ་ཐང་རྩ་བ་ནས་མེད་པའི་སྤྱི་མོས་གྲོས་ཆོད་གཏན་འབེབས་གནང་འདུག
ཁ་སང་ཕྱི་ཟླ་ ༣ ཚེས་ ༢༥ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་ལ་ཐེ་བྱུས་བྱ་རྒྱུའི་ཁྲིམས་ཐོག་ནས་དབང་ཚད་རྩ་བ་ནས་མེད་པ་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ངོས་ནས་༸རྒྱལ་བའི་ཡང་སྲིད་ཐད་བོད་མི་ཚོའི་རང་དབང་གི་འདེམས་ཀ་ལ་རྒྱབ་སྐྱོར་དགོས་པའི་གྲོས་ཆོད་ཅིག་སྤྱི་མོས་ཀྱིས་གཏན་འབེབས་གནང་འདུག
དེའང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བའི་ནང་། ཐེངས་འདིའི་གྲོས་ཆོད་ལ་ཅེག་གི་གྲོས་ཚོགས་གོང་མའི་འཐུས་མི་ ༤༠ ཡིས་རྒྱབ་སྐྱོར་དང་དགག་བྱ་རྩ་བ་ནས་བྱུང་མེད་པ་འགྲེལ་བརྗོད་དང་འབྲེལ། དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་ཆོས་ལུགས་ཀྱི་ངོ་བོར་ཚོད་འཛིན་བྱེད་ཐབས་ཀྱིས་ཉེ་བའི་ཁྲིམས་བཟོའི་ལས་དོན་ཁག་ལ་མཉམ་འབྲེལ་གྱིས་ངོས་ལེན་མེད་པ་གསལ་པོ་མཚོན་ཐུབ་ཀྱི་ཡོད་པ་གསུངས་འདུག
གྲོས་ཆོད་དེ་ནི་ཅེག་གྲོས་ཚོགས་གོང་མའི་ཚོགས་གཙོ་གཞོན་པ་སྐུ་ཞབས་ Jitka Seitlova ལགས་ཀྱིས་ཆེད་འདོན་གནང་བ་ཞིག་དང་། གྲོས་ཚོགས་འཐུས་མི་གཞན་གསུམ་གྱིས་རྒྱབ་སྐྱོར་ཐོག་གཏན་འབེབས་བྱུང་ཡོད་པ་རེད། གྲོས་ཆོད་ནང་༸རྒྱལ་བའི་ཡང་སྲིད་ཐད་ཀྱི་དམིགས་བསལ་དབང་ཚད་དང་འབྲེལ་བའི་གནད་དོན་ཐད་འཁོད་དོན་དུ། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ་འདེམས་སྒྲུག་གི་ལས་དོན་ནི་བོད་མི་མང་ཁོ་ནར་དབང་བའི་གནད་དོན་ཞིག་ཡིན་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་དེའི་ཐད་ཐེ་བྱུས་བྱ་རྒྱུའི་ཁྲིམས་ཐོག་ནས་དབང་ཚད་རྩ་བ་ནས་མེད་ཅེས་འབུར་སྟོན་གནང་བ་མ་ཟད། ༸གོང་ས་མཆོག་༸གང་ཉིད་ཀྱིས་ཉེ་ལམ་༸རྒྱལ་བའི་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་པར་རྒྱབ་སྐྱོར་དང་། དགའ་ལྡན་ཕོ་བྲང་ནི་༸རྒྱལ་བའི་ཡང་སྲིད་ངོས་འཛིན་ཐད་དབང་ཚད་ལྡན་པའི་ལས་ཁུངས་ཁོ་ན་དེ་ཡིན་པ་ངོས་འཛིན་གནང་འདུག
དེ་བཞིན་གྲོས་ཆོད་ནང་རྒྱ་ནག་གཞུང་གིས་ཉེ་ལམ་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཟེར་བ་ཞིག་ཁྲིམས་སུ་བཅད་པར་ཐུགས་འཚབ་དང་འབྲེལ། ཁྲིམས་ཡིག་འདི་ནི་གྲངས་ཉུང་མི་རིགས་ཁག་གི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་རང་དབང་ལ་ཚོད་འཛིན་བྱེད་པའི་ཁྲིམས་ཡིག་ཅིག་ཡིན་པ་དང་། འདིས་མི་རིགས་མཐུན་སྒྲིལ་སྲ་བརྟན་གཏོང་རྒྱུའི་དམིགས་ཡུལ་བཏོན་ཡོད་ཀྱང་། དོན་དངོས་སུ་བོད་མིའི་ངོ་བོར་དྲག་གནོན་དང་། སྒྲིག་འཛུགས་ཅན་གྱི་བཙན་གནོན་ཤུགས་ཆེ་རུ་གཏོང་བའི་ཁྲིམས་མཐུན་གྱི་རྒྱུ་མཚན་ཞིག་ཏུ་བེད་སྤྱོད་བྱེད་ཀྱི་ཡོད་པར་འགྲེལ་བརྗོད་གནང་འདུག
གྲོས་ཆོད་ནང་གཞན་ཡང་ད་སྐབས་རྒྱ་ནག་གིས་ཤུགས་གནོན་རྒྱལ་མཚམས་ལས་འདས་ཏེ་རྒྱ་ཁྱབ་ཆེ་རུ་འགྲོ་བཞིན་པའི་གནད་དོན་སྐོར་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཞེས་པ་དེ་ནི་དངོས་ཡོད་ཀྱི་གནད་དོན་ཞིག་ཡིན་པ་དང་། ཉེ་ལམ་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཟེར་བ་དེ་བོད་མི་རིགས་ཀྱི་ངོ་བོར་རྒྱབ་སྐྱོར་བྱེད་མཁན་ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱི་མི་སེར་གཙོས་རྒྱ་ནག་ཕྱི་ཕྱོགས་རྒྱལ་ཁབ་ཁག་གི་མང་ཚོགས་ལའང་ཁྱབ་ཀྱི་ཡོད་པ་འགྲེལ་བརྗོད་གནང་འདུག་པ་མ་ཟད། གྲོས་ཆོད་འདིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལ་བོད་ཀྱི་ཆོས་དད་རང་དབང་གི་དོན་དུ་ལས་འགུལ་ཤུགས་ཆེན་སྤེལ་དགོས་པ་དང་། སྲིད་བློན་དང་ཕྱི་སྲིད་བློན་ཆེན་སོགས་ཀྱི་མི་སྣ་གཙོ་བོ་རྣམས་ལ་གྲོས་ཆོད་འདི་བརྒྱུད་བསྒྲགས་བྱ་དགོས་པའི་འབོད་སྐུལ་ཡང་ཞུས་འདུག
མ་ཟད་དེའི་ནང་ཅེག་སྤྱི་མཐུན་རྒྱལ་ཁབ་དང་བོད་བར་གྱི་ཡུན་རིང་འབྲེལ་བ་གསལ་སྟོན་དང་། ལྷག་པར་ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༡༢ པའི་ནང་ཅེག་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་བཞུགས་སྒར་དྷ་རམ་ས་ལར་ཆེད་ཕེབས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད། དེ་བཞིན་ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༧ པའི་ནང་སྲིད་འཛིན་ Petr Pavel མཆོག་དང་༸གོང་ས་མཆོག་དབར་གྱི་མཇལ་འཕྲད་སྐོར་དྲན་གསོ་ཞུས་འདུག
ཁ་སང་གྲོས་ཚོགས་སུ་ཚོགས་གཞོན་ Jitka Seitlova ལགས་ཀྱིས་གྲོས་ཆོད་ཆེད་འདོན་གནང་སྐབས་གནད་དོན་འདི་ནི་ས་ཁུལ་གཅིག་གི་གནད་དོན་ཙམ་ཞིག་མ་ཡིན་པར། རང་དབང་ལ་བཀག་འགོག་དང་། མི་རིགས་ཀྱི་ངོ་བོར་བཙན་གནོན། འགྲོ་བ་མིའི་ཐོབ་ཐང་ལ་གནོད་སྐྱོན་གཏོང་བ་གང་དུ་བྱུང་ཡང་། དེས་ང་ཚོས་རྩ་ཆེན་དུ་འཛིན་པའི་བདེ་འཇགས་དང་རིན་ཐང་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་འགྲེལ་བརྗོད་དང་འབྲེལ། བོད་མི་རྣམས་ད་དུང་ཡང་བཙན་འཛུལ་འོག་མནར་གཅོད་མྱོང་བཞིན་ཡོད་པས། ཆོས་དད་རང་དབང་དང་རིག་གཞུང་གི་འཚོ་གནས་ཆེད་ཁོང་ཚོའི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་ང་ཚོའི་ལས་འགན་རེད་ཅེས་གསུངས་འདུག
ཕྱོགས་མཚུངས་གྲོས་ཆོད་ལ་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ Přemysl Rabas ལགས་ཀྱིས། རྒྱ་ནག་གིས་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ལ་ཚོད་འཛིན་བྱེད་ཐབས་བྱེད་བཞིན་པ་དེ་ནི་ཡུ་རོབ་མཐུན་ཚོགས་ཀྱིས་ཡེ་ཤུའི་བླ་ཆེན་ Pope མཆོག་གིས་འོས་འདེམས་ལ་ཐེ་ཇུས་བྱེད་པ་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་ ཡོད་པ་འགྲེལ་བརྗོད་གནང་སྟེ། ཐེངས་འདིའི་གྲོས་ཆོད་དེས་རྒྱ་ནག་གཞུང་གི་༸རྒྱལ་བའི་ཡང་སྲིད་ཐོག་ཐེ་ཇུས་དང་ཉེ་ཆར་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཟེར་བ་བཅས་ལ་གདོང་ལེན་བྱེད་ཀྱི་ཡོད་པ་གསུངས་འདུག
མ་ཟད་གྲོས་ཆོད་ལ་རྒྱབ་སྐྱོར་གནང་མཁན་གཞན་སྐུ་ཞབས་ Břetislav Rychlík ལགས་ཀྱིས་བོད་ནང་གི་བྱིས་པ་རྣམས་བཙན་དབང་སྒོ་ནས་བཅའ་སྡོད་སློབ་གྲྭ་ཁག་ཏུ་བཅུག་སྟེ་རང་གི་སྐད་ཡིག་དང་རིག་གཞུང་བྲལ་བའི་གནས་སྟངས་དང་། རང་ལུས་མེར་བསྲེགས་ཀྱི་ལས་འགུལ་བཅས་ལུང་འདྲེན་དང་འབྲེལ། རྒྱ་ནག་གི་བྱ་སྤྱོད་འདི་དག་ནི་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱ་ཁབ་ཅིག་གི་མི་རིགས་སྡེབ་གསོད་བྱེད་པའི་འབད་བརྩོན་ཤུགས་ཆེ་ཞིག་ལ་འགྲེལ་བརྗོད་ཀྱིས་དེ་འབྲེལ་རྒྱལ་སྤྱིའི་རྒྱབ་སྐྱོར་དགོས་གལ་ཆེ་བར་སྐུལ་མ་གནང་འདུག
གཞི་རྩའི་ཁ་སང་ཅེག་གྲོས་ཚོགས་གོང་མའི་ནང་གྲོས་ཆོད་དེ་གཏན་འབེབས་གནང་སྐབས་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཆེད་དུ་སྐུ་མགྲོན་གྱི་ངོ་བོའི་ཐོག་གདན་ཞུས་གནང་འདུག་པ་དང་། འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་ཅེག་གི་གྲོས་ཚོགས་གོང་མས་དེ་རིང་འཛམ་གླིང་ལ་བརྡ་ལན་གསལ་པོ་དང་ནུས་པ་ཆེན་པོ་ཞིག་བཏང་ཡོད་པ་འགྲེལ་བརྗོད་དང་འབྲེལ། དེ་ནི་དབང་ཆ་གཅིག་བསྡུས་ཀྱི་གཞུང་ཞིག་ཁྲིམས་ཀྱིས་བཀག་སྡོམ་བརྒྱུད་ཆོས་ཀྱི་རྒྱུན་ལུགས་མེད་པ་བཟོ་ཐུབ་མེད་པ་དེ་རེད་ཅེས་དང་། ད་རེས་ཅེག་སྤྱི་མཐུན་གཞུང་གིས་བོད་མི་ཚོར་དེ་ལྟ་བུའི་རྒྱབ་སྐྱོར་གནང་བས་བརྒྱུད་རྒྱལ་ཁབ་དེ་ཉིད་འགྲོ་བ་མིའི་རིན་ཐང་སྲུང་སྐྱོབ་བྱེད་མཁན་གྱི་དཔའ་རྒོད་ཅིག་ཡིན་པ་ར་སྤྲོད་ཐུབ་ཡོད་ཅེས་གསུངས་བ་མ་ཟད། གྲོས་ཆོད་འདི་ནི་ཡིག་ཆ་ཙམ་མ་ཡིན་པར་བོད་མི་ཚང་མར་རེ་བའི་འོད་སྣང་ཞིག་ཡིན་པ་དང་། ང་ཚོས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་བློ་ཁོག་ཆེན་པོས་ལངས་ཕྱོགས་འདི་ལྟར་བཟུང་བར་ཧ་ཅང་དགའ་བསུ་ཞུ་བཞིན་ཡོད་ཅེས་གསུངས་འདུག
འདི་ག་རླུང་འཕྲིན་ཁང་གིས་འཕྲིན་ལས་ཆོས་སྐྱིད་ལགས་སུ་གྲོས་ཆོད་དེའི་སྐོར་དང་། ལྷག་པར་དུ་ཁ་སང་ཅེག་གྲོས་ཚོགས་གོང་མར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲོས་ཆོད་གཏན་འབེབས་གནང་སྐབས་ཁོང་དངོས་སུ་བཅར་ཡོད་སྟབས་རང་ཉིད་ལ་ཚོར་བ་ཇི་བྱུང་སྐོར་བཀའ་འདྲི་ཞུས་ཡོད།
༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས།
༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས།
༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས་གནང་རྒྱུ།
༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས་གནང་རྒྱུ།



