Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་སྲུང་བརྩི་ཞུས་པ།  

བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་རྒྱ་གར་རྒྱལ་ཁབ་འདི་དབྱིན་ཇིའི་མངའ་འོག་ནས་རང་བཙན་གཙང་མ་ཐོབ་ནས་ད་བར་མི་ལོ་ ༧༢ འཁོར་བའི་ཉིན་མོ་སྲུང་བརྩི་ཞུས་པ་དང་འབྲེལ། བོད་མི་དང་བོད་ཀྱི་གནད་དོན་ཐོག་རྒྱ་གར་གཞུང་མང་གཉིས་ལས་ལྷག་པའི་བཀྲིན་ཆེ་བ་གཞན་སུ་ཡང་མེད་ཅེས་གསུངས་སོང་། རྩ་བའི་ཕྱི་ཟླ་ ༨ ཚེས་ ༡༥ སྟེ་དེ་རིང་གི་ཉིན་མོ་འདི་ནི་ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་དབྱིན་ཇིའི་མངའ་འོག་ནས་རང་བཙན་གཙང་མ་ཐོབ་པའི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན་པ་དང་། ཉིན་མོ་འདིར་རྒྱ་གར་རྒྱལ་ཡོངས་གཙོས་པའི་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་རྒྱ་གར་མི་མང་ཡོངས་ཀྱིས་སྲུང་བརྩི་གཟབ་རྒྱས་ཞུ་བཞིན་ཡོད་པ་རེད། དེ་རིང་སྔ་དྲོ་ཚོུད་ ༩༌༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་བཅས་བཀའ་ཤག་གི་མདུན་ཐང་དུ་ལྷན་འཛོམས་ཐོག་ཆེས་ཐོག་མར་རྒྱ་གར་གྱི་རྒྱལ་གླུ་དབྱངས་སུ་གྱེར་བ་དང་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་གནང་སྟེ་ཉིན་མོ་འདི་སྲུང་བརྩི་ཞུས་སོང་། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་རང་བཙན་ཉིན་མོར་གཞུང་མང་ཡོངས་ལ་འཚམས་འདྲི་གནང་བ་དང་འབྲེལ། རྒྱ་གར་རྒྱལ་ཁབ་འདི་ད་ཆ་ཡིག་རྨོངས་སེལ་བའི་བརྒྱ་ཆ་ ༧༤ ལྷག་ཆགས་ཡོད་པ་ དང་། ཆབ་སྲིད་དང་དཔལ་འབྱོར་སོགས་གང་ཅིའི་ཐད་ནས་འཛལ་གླིང་ཐོག་གི་སྟོབས་ཆེན་རྒྱལ་ཁབ་གཙོ་གྲས་ ཁོངས་སུ་སླེབས་ཀྱི་ཡོད་པ་བཅས་ནི་རང་བཙན་ཐོབ་ནས་མི་ལོ་ ༧༠ ལྷག་སོང་བའི་རིང་གི་གྲུབ་འབྲས་རླབས་ཆེན་ཞིག་སོན་པར་ཡི་རངས་བསྔགས་བརྗོད་གནང་བ་དང་ཆབས་ཅིག་ཏུ་རྒྱ་གར་གཞུང་མང་གཉིས་ནས་བོད་དང་བོད་མིའི་ཐོག་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བ་བཞིན་བོད་དང་བོད་མིའི་ཐོག་བཀྲིན་ཆེ་བའི་རྒྱལ་ཁབ་གཞན་སུ་ཡང་མེད་ཅེས་གསུངས་པ་མ་ཟད། བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་མང་གཉིས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་གསུངས་སོང་། དེ་བཞིན་སྲིད་སྐྱོང་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་ཀུན་ནས་རྒྱ་གར་གྱི་དཔལ་ནཱ་ལེནྡཱའི་ལྟ་གྲུབ་དེ་དག་བསྐྱར་གསོ་གནང་དགོས་གལ་ཡིན་པར་ལམ་སྟོན་བཀའ་ཕེབས་ལྟར་བོད་མི་ཚོས་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ནས་ཉམས་བཞེས་གནང་ཐོག་འཛིན་སྐྱོང་སྤེལ་གསུམ་གནང་ཡོད་པ་རེད། ད་ཆ་བོད་མི་ཚོས་རྒྱ་གར་རང་གི་ནང་དུ་དེ་དག་དར་སྤེལ་གནང་དགོས་གལ་ཡིན་པ་བཞིན་དེའི་ཐོག་ཐུགས་སྣང་གནང་རོགས་ཞེས་གཞེན་སྐུལ་གནང་སོང་། རྩ་བའི་དེ་རིང་གི་ཉིན་མོ་འདི་དང་བསྟུན་བཞུགས་སྒར་དྷ་རྨ་ས་ལའི་བོད་མིའི་སྒྲིག་འཛུགས་ཙམ་མ་ཟད། རྒྱ་གར་གྱི་ས་གནས་འདྲ་མིན་ནང་དུ་ཡོད་པའི་བོད་པའི་སློབ་གྲྭ་ཁག་དང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་ནས་ཀྱང་རྒྱ་གར་གཞུང་མང་གཉིས་དགའ་བསུའི་འཚམས་འདྲི་དང་བཀྲིན་རྗེས་དྲན་ཞུ་རྒྱུའི་བྱེད་སྒོ་སྣང་མང་སྤེལ་ཐོག་ཉིན་མོ་དེ་སྲུང་བརྩི་གཟབ་རྒྱས་ཞུ་མུས་ཡིན་པ་རེད། ལྷག་དོན་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པས་གོ་སྒྲིག་འོག་རྒྱ་གར་ Ludhiana ནང་སྐུ་མགྲོན་གཙོ་བོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེེས་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྣམ་གཉིས་ཀྱིས་དབུས་པའི་ཧིན་བོད་ཚོང་པ་ཚོགས་པའི་ཚོགས་གཙོ། ས་གནས་གྲོས་ཚོགས་འཐུས་མི། ལུ་དི་ཡ་ནའི་ས་གནས་རྒྱ་གར་ཚོང་པ་ཚོགས་པ། གྲེང་སྡེ་སྤྱི་ཁྱབ་པ་སོགས་ལྷན་འཛོམས་ཐོག་རྒྱ་གར་རང་བཙན་ཐོབ་པའི་ཉིན་མོར་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་ནས་སྲུང་བརྩི་ཞུ་ཡོད་སྐོར་ཚོགས་གཙོ་ཆོས་རྒྱལ་མཚན་ལགས་སུ་བཅར་འདྲི་ཞུས་ཡོད།

བོད་ཀྱི་སྨན་རྩིས་ཁང་གི་དུག་འདོན་ཟིན་པའི་བཙོ་ཐལ་དེ་གནོད་མེད་བདེ་འཇགས་ཀྱི་རང་བཞིན་ལྡན་པ་ ཡིན་པའི་བདེན་དཔང་ར་ཕྲོད་ཐུབ་པ་མངོན་གསལ་གནང་བ།

ཉེ་ཆར་ཨ་རིའི་ཚན་རིག་དང་ཁོར་ཡུག་གི་དུས་དེབ་ཐོག་བོད་སྨན་ནང་དངུལ་ཆུ་བེད་སྤྱོད་གནང་བ་དེས་བོད་དང་རྒྱ་ནག་ནང་གི་ཁོར་ཡུག་ལ་གནོད་འཚེ་གཏོང་གི་ཡོད་སྐོར་ཚན་རིག་པས་བརྟག་དཔྱད་གནང་བའི་གྲུབ་དོན་གྱི་རྩོམ་ཡིག་ཞིག་འདོན་སྤེལ་གནང་ཡོད་པ་དང་འབྲེལ། དེ་རིང་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་དབུས་བོད་ཀྱི་སྨན་རྩིས་ཁང་དུ་བདུད་རྩི་བཅུད་ཀྱི་རྒྱལ་པོ་བཙོ་ཐལ་ནང་གི་དངུལ་ཆུའི་བྱེད་ནུས་དང་བདེ་འཇགས་རང་བཞིན་སྐོར་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཐོག་བོད་ཀྱི་སྨན་རྩིས་ཁང་གིས་དུག་འདོན་ཟིན་པའི་བཙོ་ཐལ་ལས་གྲུབ་པའི་སྨན་བཏང་སྟེ་སྨན་བཅོས་ལག་ལེན་དངོས་ནང་དུ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཇི་ལྟར་ཐུབ་ཀྱི་ཡོད་པ་དང། དབུས་སྨན་རྩིས་ཁང་གི་ངོས་ནས་རྒྱལ་སྤྱིའི་ཉམས་ཞིབ་ཁང་དུ་མ་དང་ལྷན་དུ་ཕྱི་ལོ་ ༢༠༠༢ ནས་དབུ་འཛུགས་ཀྱིས་ཚན་རིག་དང་མཐུན་པའི་ཉམས་ཞིབ་རིམ་པ་གཉིས་གནང་བཞིན་པའི་བརྒྱུད། བོད་ཀྱི་སྨན་རྩིས་ཁང་གི་དུག་འདོན་་ཟིན་པའི་བཙོ་ཐལ་དེ་གནོད་མེད་བདེ་འཇགས་ཀྱི་རང་བཞིན་ལྡན་པ་ཞིག་ཡིན་པའི་བདེན་དཔང་ར་ཕྲོད་ཐུབ་ཀྱི་ཡོད་པ་མངོན་གསལ་གནང་སོང་། དེ་རིང་ཉིན་གུང་ཚོུད་  ༡༢ ཡོལ་ཙམ་ལ་དབུས་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ་དབུས་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་ཚེ་རིང་བཀྲིས་ལགས་དང། སྨན་པ་གཙོ་བོ་སྐུ་བཅར་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས། སྨན་སྦྱོར་འགན་འཛིན་སྨན་རམས་པ་འཇམ་དབྱངས་བཀྲ་ཤིས་ལགས། ཉམས་ཞིབ་འགན་འཛིན་སྨན་རམས་པ་རིག་འཛིན་བཟང་མོ་ལགས་བཅས་དབུས་སྨན་རྩིས་ཁང་གི་དགེ་ལས་སློབ་མ་རྣམས་དང། གསར་འགོད་པ་བཅས་ཚང་འཛོམས་ཐོག་སྨན་སྦྱྱོར་འགན་འཛིན་སྨན་རམས་པ་འཇམ་དབྱངས་བཀྲིས་ལགས་ཀྱིས་སྔ་རབས་སྨན་གྱི་མཁས་དབང་རྣམས་ནས་ཞལ་དང་སྙན་དུ་བརྒྱུད་ཅིང་མྱོང་བའི་གྲུབ་པའི་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་འམ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ནང་དངུལ་ཆུའི་དུག་འདོན་གྱི་འདུད་རྩི་བཅུད་ཀྱི་རྒྱལ་པོ་བཙོ་ཐལ་དུ་གྱུར་ཕྱོགས་ཀྱི་བརྒྱུད་རིམ་ཞིབ་ཕྲ་ངོ་སྤྲོད་གནང་སོང་། དེ་བཞིན་ཉམས་ཞིབ་འགན་འཛིན་སྨན་རམས་པ་རིག་འཛིན་བཟང་མོ་ལགས་ཀྱིས་ཐོག་མར་ཕྱི་ལོ་ ༢༠༠༢ ལོར་བོད་སྨན་ནང་དངུལ་ཆུ་ཡོད་པའི་གནད་དོན་ཞིག་གླེང་སློང་བྱུང་བ་དང་འབྲེལ། བཙོ་ཐལ་ཡོད་པའི་སྨན་མང་པོ་ཞིག་ཤྲིལངྒ་ནང་ཚན་རིག་དང་མཐུན་པའི་དཔྱད་ཕྱིར་ཁྱེར་ཡོད་པ་ལྟར། སྐབས་དེར་བརྟག་དཔྱད་ཀྱི་གྲུབ་དོན་དུ་བཙོ་ཐལ་ཡོད་པའི་བོད་སྨན་རྣམས་ཀྱི་གནོད་འཚེ་གང་ཡང་མེད་པ་དང། དེའང་སྨན་ནང་དུ་བཙོ་ཐལ་གྱི་ཚད་བཀག་ལས་ཉུང་བ་ཡིན་པ་སོགས་ར་ཁྲོད་གསལ་པོ་བྱུང་ཡོད་པ་དང། དེ་རྗེས་ ༢༠༠༣ ལོར་བོད་སྨན་ནང་གི་དངུལ་ཆུ་དེ་གཉེན་པོ་ཡིན་ནམ་དཀའ་རྙོག་ཡིན་ནམ་ཞེས་པའི་བརྗོད་གཞིའི་ཐོག་དབུས་སྨན་རྩིས་ཁང་དང་བདེ་ལེགས་སྨན་ཁང། དེ་བཞིན་ཨིས་རེལ་རང་བྱུང་ཁམས་ཀྱི་སྨན་གྱི་ཉམས་ཞིབ་སྡེ་ཚན་དང། རྫས་སྦྱོར་དཔྱད་ཞིབ་རིག་པའི་སྡེ་ཚན། ཨིན་ཡུལ་ནང་གི་ Liverpool དང། Manchester མཐོ་རིམ་སློབ་གྲྭ་གཉིས་ཀྱི་རྫས་སྦྱོར་སྡེ་ཚན་བཅས་སྡེ་ཚན་ལྔ་དང་མཉམ་འབྲེལ་ཐོག་སྔོན་འགྲོ་ཉམས་ཞིབ་གནང་བའི་ཐོག་མི་གྲངས་ ༩ ཐོག་བཙོ་ཐལ་ཡོད་པའི་བོད་སྨན་མཆོད་མཁན། བཙོ་ཐལ་མེད་པའི་བོད་སྨན་མཆོད་མཁན། དེ་བཞིན་བོད་སྨན་རྩ་བ་ནས་མི་མཆོད་མཁན་བཅས་སྡེ་ཚན་གསུམ་དུ་བྱས་ནས་ཉམས་ཞིབ་གནང་བ་དང། དེ་རྗེས་ཕྱི་ལོ་ ༢༠༠༩ ལོར་མི་གྲངས་ ༡༢༠ ཐོག་ཉམས་ཞིབ་རྒྱ་ཆེ་ཞིག་གནང་རྗེས་བཙོ་ཐལ་ཡོད་པའི་བོད་སྨན་རྣམས་ཀྱིས་མིའི་ལུས་པོ་སྤྱི་དང་མཁལ་མ་སོགས་ལ་གནོད་འཚེ་གང་ཡང་མེད་པ་མངོན་གསལ་བྱུང་ཡོད་པ་རྒྱལ་སྤྱིའི་དུས་དེབ་སྙན་གྲགས་ཆེ་བ་ཁག་ཅིག་ཐོག་བཀོད་ཡོད་སྐོར་ངོ་སྤྲོད་གནང་སོང་། ལྷག་དོན་ཉམས་ཞིབ་སྙན་ཐོ་དེ་དག་བརྒྱུད་བོད་ཀྱི་སྨན་རྩིས་ཁང་གི་དུག་འདོན་ཟིན་པའི་བཙོ་ཐལ་དེ་གནོད་མེད་བདེ་འཇགས་ཀྱི་རང་བཞིན་ལྡན་པ་ཞིག་ཡིན་པའི་བདེན་དཔང་ར་ཕྲོད་ཐུབ་ཡོད་སྐོར་གསུངས་སོང་། དེ་བཞིན་སྨན་པ་གཙོ་བོ་༸སྐུ་བཅར་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་རྩ་བའི་བོད་ཀྱི་གསོ་བ་རིག་པ་འདི་མི་ལོ་ ༤༠༠༠ ལྷག་གི་ཚད་ལྡན་གྱི་ལོ་རྒྱུས་ལྡན་པའི་གཞུང་ལུགས་ཤིག་ཡིན་སྐོར་ངོ་སྤྲོད་དང་འབྲེལ། ཁོང་གིས་ད་བར་ལོ་ངོ་ ༤༠ ལྷག་གི་སྨན་བཅོས་ལག་ལེན་དངོས་ནང་ནད་པ་ཛ་དྲག་མང་པོ་ཤི་གསོན་གྱི་གནས་ནས་སྐྱོབ་ནས་ད་ལྟའང་བདེ་ཐང་ངང་འཚོ་བཞུགས་ཡོད་པའི་དཔེ་མཚོན་མང་པོ་ཡོད་པའི་ནང་ནས་ཁག་ཅིག་ངོ་སྤྲོད་གནང་བ་མ་ཟད། སྤྱིར་བཙོ་ཐལ་ཡོད་པའི་བོད་སྨན་གྱིས་ཕྱི་ལུགས་ནས་བཅོས་ཐབས་མེད་པའི་ནད་གཞི་ཛ་དྲག་ཆུ་ཟེར་རྩ་ཡི་ན་ཚ་དང། རྩ་དཀར། འབྲས་ནད། མཆིན་ཚད་སོགས་ནད་གཞི་ལྔ་དཔེ་ཚོན་དུ་བཀོད་ཐོག་དེ་དག་གིས་མནར་བའི་ནད་པ་དངོས་སུ་སྨན་བཅོས་གནང་ཐུབ་ཡོད་པ་མངོན་གསལ་གནང་སོང་།

གྲོས་ཆོད་ཁག་ ༢༤ གཏན་འབེབས་གནང་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༩ པ་མཇུག་སྒྲིལ།

དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༩ པ་མཇུག་སྒྲིལ་དང་བསྟུན།                 ཕྱི་ཟླ་ ༡ ཚེས་ ༢༨ ཉིན་བོད་ཀྱི་སྐད་ཡིག་ཉིན་མོར་སྲུང་བརྩི་ཞུ་རྒྱུ་གཙོ་གྱུར་གྲོས་ཆོད་ཁག་ ༢༤ གཏན་འབེབས་གནང་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༩ པ་དེ་ཟླ་ ༨ ཚེས་ ༦ ནས་ཉིན་གྲངས་ལྔའི་རིང་མུ་མཐུད་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་བདེ་སྐྱིད་གླིང་ས་གནས་ཀྱི་ཚོགས་ཁང་དུ་ཚོགས་ཡོད་པ་དང་། ཚོགས་ཆེན་དེའི་ཐོག་ས་གནས་ཁག་ ༣༥ ནས་ཚོགས་མི་གྲངས་ ༡༥༠ ལྷག་གི་བར་གྲོས་གཞི་དོན་ཚན་ ༨ ཐོག་བགྲོ་གླེང་གནང་སྟེ་དེ་རིང་ཉིན་རྒྱབ་དངོས་གཞིའི་གྲོས་ཆོད་ཁག་ ༢༤ གཏན་འབེབས་བྱུང་བའི་ཁོངས་སུ་གཙོ་བོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ངལ་གསོ་བཞུགས་མཛད་རྒྱུ་གཙོས་པའི་༸སྐུ་ཕྱཱ་དང་འབྲེལ་བའི་གྲོས་ཆོད་ཁག་ཅིག་དང་། བོད་ནང་གི་གནས་སྟངས་ལ་གཞིགས་པའི་ལས་འགུལ་སྤེལ་ཕྱོགས། དེ་བཞིན་ཕྱི་ཟླ་ ༡ ཚེས་ ༢༨ ཉིན་བོད་ཀྱི་སྐད་ཡིག་ཉིན་མོར་སྲུང་བརྩི་ཞུ་རྒྱུ་མ་ཟད་ལོ་རྗེས་མར་བོད་མི་རྣམས་བཙན་བྱོལ་དུ་གྱར་ནས་མི་ལོ་ ༦༠ འཁོར་བའི་དུས་ཚིགས་དང་བསྟུན་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་འཆར་ཡོད་པ་རེད་འདུག

རྐང་འཁོར་སྐོར་བསྐྱོད་གནང་ཐོག་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་དྲན་གསོ་གནང་བ།

ཕྱི་ལོ་ ༢༠༠༨  ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོའི་སྒེར་ལངས་བྱུང་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱས་ཏེ་བོད་མི་ཕོན་ཆེན་ཞིག་གི་ཚེ་སྲོག་ཤོར་བ་དང་། འཛིན་བཟུང་། བཙོན་འཇུག་ཁྲིམས་ཐག་བཅད་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་མ་ཟད། བོད་མིའི་ལས་འགུལ་དེ་ནི་ཕྱི་ལོ་ ༡༩༥༩ ལོར་མི་མང་སྒེར་ལངས་ཀྱི་ལས་འགུལ་བྱུང་རྗེས་བོད་ཀྱི་མདོ་དབུས་ཁམས་གསུམ་ཁྱོན་ཡོངས་སུ་བྱུང་བའི་ལས་འགུལ་གཞི་རྒྱ་ཆེ་ཤོས་ཤིག་ཏུ་ངོས་འཛིན་གནང་གི་ཡོད་པ་ལྟར། དེ་རིང་བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ།  བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་གཞུང་འབྲེལ་མིན་པའི་ཚོགས་པ་བཞི་ཐུན་མོང་གིས་གོ་སྒྲིག་གནང་ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་བཞུགས་སྒར་རྡ་རམ་ས་ལ་བཅས་སུ་རྐང་འཁོར་སྐོར་བསྐྱོད་དང་འདྲ་དཔར་འགྲེམས་སྟོན་བཅས་གནང་སྟེ་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་དྲན་གསོ་ཞུས་ཡོད་པ་རེད།དེ་ཡང་དེ་རིང་རྒྱལ་ས་ལྡི་ལི་ནང་གི་ལས་འགུལ་ཐོག་ལྡི་ལི་ཁུལ་དུ་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་མ་གྲངས་ ༥༠ ལྷག་ནས་མཉམ་ཞུགས་གནང་འདུག་པ་དང་ལས་འགུལ་བ་དེ་དག་གིས་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་དགོན་པ་ནས་དབུ་འཛུགས་ཀྱིས་རྒྱ་གར་གྲོས་ཚོགས་གཞུང་ལམ་ Parliament Street བར་རྐང་འཁོར་སྐོར་བསྐྱོད་གནང་ཡོད་པ་རེད།ལས་འགུལ་གོ་སྒྲིག་གནང་མཁན་གྱི་ངོས་ནས་བཙན་བྱོལ་ནང་གི་བོད་མི་མི་རབས་གསུམ་པ་དང་བཞི་པ་ཚོས་བོད་ནང་གི་བོད་མི་ཚོར་སེམས་ཤུགས་ནམ་ཡང་མ་ཞུམ་རོགས་ཞེས་འབོད་སྐུལ་ཞུས་པ་མ་ཟད་བོད་ནང་གི་བོད་མི་ཚོའི་སེམས་ཤུགས་ནི་ང་ཚོའི་མིག་དཔེ་ཞིག་དང་།  ལྷག་དོན་རྐང་འཁོར་སྐོར་བསྐྱོད་དེ་རྒྱ་གར་གྲོས་ཚོགས་བར་གནང་བ་ནི་མ་འོངས་པར་བོད་ལ་རང་དབང་རང་བཙན་མང་གཙོའི་རྒྱལ་ཁབ་ཞིག་ཡོང་བའི་རྟེན་འབྲེལ་མཚོན་ཆེད་དུ་ཡིན་སྐོར་གསུངས་སོང་།རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དེ་བོད་སྒར་བསམ་ཡས་གླིང་ནས་སྔ་དྲོ་ཆུ་ཚོད་བཅུ་པ་ནས་དབུ་འཛུགས་གནང་ཡོད་པ་དང་།  ལས་འགུལ་བ་ཚང་མས་ས་བྱི་ཞི་རྒོལ་སྐབས་འདས་གྲོངས་སུ་གྱུར་བའི་བོད་མི་རྒྱལ་ཞེན་པ་དེ་དག་ལ་མྱ་ངན་གུས་བརྩི་མཚོན་ཆེད་སྟོད་ཐུང་ནག་པོ་གྱོན་པ་མ་ཟད། རང་ཉིད་ཀྱི་རྒྱབ་ངོས་སུ་བོད་ཀྱི་རྒྱལ་དར་གྱོན་ནས་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་གནང་ཡོད་པ་རེད།དེ་བཞིན་བཞུགས་སྒར་མེག་གྷན་རླངས་འཁོར་འབབ་ཚུགས་ནས་དབུ་འཛུགས་ཀྱིས་ནོར་གླིང་བར་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཐོག་ཉིན་མོ་དེ་རྗེས་དྲན་ཞུས་སོང་། གཞི་རྩའི་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་གྱི་ལས་འགུལ་དེ་ནི་བོད་མི་ཚོས་རྒྱ་ནག་ལ་རྒྱལ་སྤྱིའི་ཨོ་རྩེད་མགྲོན་བདག་གནང་བའི་འདྲ་མཉམ་དང་འཆམ་མཐུན། མང་གཙོ། རང་དབང་། འགྲོ་བ་མིའི་ཐོབ་ཐང་། ཁྲིམས་ཀྱི་དབང་སྒྱུར་སོགས་རྒྱལ་སྤྱིའི་རྩེད་འགྲན་དེ་སྲུང་དགོས་པའི་གཞི་རྩའི་རྩ་དོན་དང་དམ་བཅའ་ཁག་གི་འོས་ཆོས་ཚང་གི་མེད་པ་དང་། ལྷག་པར་དུ་བོད་ནང་ཕྱི་ལོ་ ༡༩༥༩ ལོ་ནས་བོད་མིའི་གཞི་རྩའི་རང་དབང་ལ་དམ་དྲག་གིས་བོད་མི་གྲངས་ལས་འདས་པའི་ཚེ་སྲོག་ཤོར་བ་མ་ཟད། མནར་གཅོད་དང་གང་བྱུང་དོ་དམ་བཙོན་འཇུག་སོགས་མུ་མཐུད་བྱེད་བཞིན་པ་དེ་དག་ལ་ལོ་དེའི་གསུམ་བཅུའི་དུས་དྲན་ནས་ཐོག་མར་འབྲས་སྤུངས་དགོན་པའི་དགེ་འདུན་པ་ ༤༠༠ ལྷག་ནས་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་དབུ་འཛུགས་ཀྱིས་རིམ་བཞིན་བོད་ས་ཡོངས་རྫོགས་སུ་ཞི་བའི་སྒེར་ལངས་བྱུང་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་ཤུགས་ཆེ་བྱས་ནས་མཐར་བོད་མི་ཁྱོན་གྲངས་ ༢༣༠ ལྷག་འདས་གྲོངས་སུ་གྱུར་ཡོད་པ་མ་ཟད་བོད་མི་ ༦༨༠༠ ལྷག་འཛིན་བཟུང་བྱས་པ། དེ་བཞིན་བོད་མི་ ༥༠༠ ལྷག་ཚད་གཞི་འདྲ་མིན་གྱི་བཙོན་འཇུག་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད། ལྡི་ལི་གསར་གནས་སྒྲ། བཞུགས་སྒར་གསར་གནས་སྒྲ།

ཨ་མའི་རྩེ་ཐང་དབུ་འབྱེད་གནང་བ།

ཉེ་ཆར་ཟླ་ ༨ ཚེས་ ༢ ཉིན་རྒྱ་གར་བྱང་ཕྱོགས་ཨུཏྟརཁནཌ་མངའ་ཁུལ་ལྡེ་ར་ལྡུན་གྲོང་ཁྱེར་ཉེ་འགྲམ་དུ་ཆགས་པའི་དོན་གྲུབ་གླིང་བོད་མིའི་གཞིས་སྒར་ནང་གཞིས་ཆགས་ཀྱི་བེུད་རྣམས་ཀྱི་འཕྲོད་བསྟེན་ལ་དམིགས་ནས་ཨ་མའི་རྩེ་ཐང་ཞེས་པའི་བེུད་ཀྱི་ལུས་རྩལ་རྩེད་ཡུལ་ཞིག་དབུ་བྱེད་གནང་འདུགརླུང་འཕྲིན་ཁང་གི་གསར་འགོད་པས་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་ཀྱི་དྲུང་ཆེ་ཨུ་རྒྱན་འཇིགས་མེད་ལགས་སུ་བཀའ་འདྲི་ཞུས་པ་གཤམ་དུ་གསན་གནང་ཡོང་བ་ཞུ།

དབུ་མའི་ལམ་གྱི་སྲིད་བྱུས་ལ་མཐའ་གཅིག་ཏུ་གུས་བརྩི་ཡོད།

དེ་རིང་ཟླ་ ༨ ཚེས་ ༦ ཉིན་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་བདེ་སྐྱིད་གླིང་གི་ས་གནས་ཚོགས་ཁང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༩ པ་དབུ་འཛུགས་གནང་ཡོད་པ་རེད། ཚོགས་ཆེན་ཐོག་ས་གནས་ཁག་ ༣༥ ནས་ཚོགས་བཅར་བ་མི་གྲངས་ ༡༥༠ ཙམ་ནས་མཉམ་ཞུགས་གནང་ཡོད་པ་དང་། ལྷག་དོན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་དང་། བདེ་སྐྱིད་གླིང་ས་གནས་འགོ་འཛིན། ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་བཅས་ཕེབས་ཡོད་པ་རེད། དེ་རིང་གི་ཚོགས་ཆེན་དབུ་འབྱེད་མཛད་སྒོར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ནས་འགན་འཛིན་ལྷན་ཚོགས་ཐེངས་ ༤༩ པའི་ཚོགས་འདུའི་ངོ་སྤྲོད་གནང་བ་དང་འབྲེལ། ཁོང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་ཀྱི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་ཞིག་ཡིན་སྟབས་དབུ་མའི་ལམ་གྱི་སྲིད་བྱུས་ལ་མཐའ་གཅིག་ཏུ་གུས་བརྩི་ཡོད་ཅེས་གསུངས་འདུག འོན་ཀྱང་ང་ཚོ་བོད་པ་ཞིག་ཡིན་པ་དང་རང་བཙན་དེ་ང་ཚོའི་ཐོབ་ཐང་ཞིག་ཡིན་པས་རང་བཙན་མུ་མཐུད་རྩོད་རྒྱུ་ཡིན་ཞེས་གསུངས་པ་མ་ཟད་ལས་འགུལ་གང་ཞིག་སྤེལ་རུང་དེར་གདོང་ལེན་བྱ་དགོས་པ་མང་དག་ཞིག་ཡོད་པ་ནི་གོ་སྐབས་ཤིག་ལ་ངོས་འཛིན་དགོས་པ་སོགས་དོན་གནད་གསུམ་གྱི་ཐོག་གདོང་ལེན་གནང་དགོས་སྐོར་གསུངས་འདུག སྐབས་དེར་སྐུ་མགྲོན་གཙོ་བོ་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དེ་གལ་གནད་ཅན་ཞིག་ཡིན་སྐོར་དང་འབྲེལ། ཚོགས་པ་ཁག་གི་བཞེངས་ཕྱོགས་མི་འདྲ་བ་ཡོད་ཀྱང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཕན་ཚུལ་དབར་གུས་བརྩི་དང་ལྷག་དོན་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་རྩ་དོན་ལ་དམིགས་ནས་ནུས་པ་མཉམ་སྤུངས་ཀྱིས་ཕྱག་ལས་གནང་གལ་ཡིན་པ་གསུངས་འདུག རྩ་བའི་དུས་ཡུན་ཉིན་གྲངས་ལྔ་རིང་ཚོགས་རྒྱུའི་ལྷན་ཚོགས་འདིའི་སྐབས་གྲོས་གཞི་མི་འདྲ་བ་ཁག་ ༨ ཐོག་གྲོས་བསྡུར་གནང་རྒྱུ་རེད་འདུག་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭ་དང་འབྲེལ་བའི་གྲོས་གཞི་ཁག་ཅིག བོད་ནང་གི་གནས་སྟངས་གཞི་ལ་བཞག་ཐོག་ལས་འགུལ་སྤེལ་ཕྱོགས། བོད་ནང་གི་ཆབ་སྲིད་བཙོན་པ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གཙོ་གྱུར་བོད་མི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་སོགས་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་ཡོང་ཐབས། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ། དེ་བཞིན་གཞོན་ནུའི་སྒྲིག་འཛུགས་སྲ་བརྟན་ཡོང་ཐབས་བཅས་ཀྱི་གྲོས་གཞི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་པ་རེད།

༸གོང་ས་མཆོག་གིས་ལ་དྭགས་བསོད་ནམས་གླིང་གི་སེར་སྐྱ་མང་ཚོགས་དང་སློབ་ཕྲུག་ཚོར་བཀའ་སློབ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལྟའི་ཆར་རྒྱ་གར་བྱང་ཕྱོགས་ལ་དྭགས་ནང་བཞུགས་ཞག་གིས་མཛད་འཕྲིན་དུ་མ་སྐྱོང་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༨ ཚེས་ ༡ ཉིན་སྔ་དྲོ་ཚོུད་ ༡༠༌༣༠ ཐོག་མགོན་པོ་༸གང་ཉིད་མཆོག་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་དུས་འཁོར་མཆོད་རྟེན་གྱི་མདུན་དུ་ཆིབས་བསྒྱུར་གྱིས་ལ་དྭགས་བསོད་ནམས་གླིང་གི་སེར་སྐྱ་མང་ཚོགས་དང་སློབ་ཕྲུག་ཚོར་ཐུགས་བརྩེ་བ་ཆེན་པོས་བཀའ་སློབ་བཀྲིན་ཆེ་བ་བསྩལ་འདུག སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་འབྲེལ་དེ་སྔ་ ༡༩༧༤ ལོ་ནས་བཟུང་རང་བཙན་གྱི་ལངས་ཕྱོགས་དེ་དོར་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་བསྐྱོད་དང་སྐྱོད་མུས་ཡིན་པ་མ་ཟད། དེར་མཁས་དབང་མང་པོ་ཞིག་ནས་རྒྱབ་སྐྱོར་གནང་དང་གནང་བཞིན་ཡོད་པ་དང་ལྷག་པར་དུ་དེ་སྔ་རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་ཁ་བྲལ་བ་ཞེས་འགྲེལ་བརྗོད་བྱས་ཡོད་ཀྱང་དུས་ཀྱི་འགྱུར་འགྲོས་དང་སྤྱི་ཚོགས་ཀྱི་འགྱུར་འགྲོས་ལ་བརྟེན་ནས་དེང་སྐབས་༸གང་ཉིད་མཆོག་ལ་ཁ་བྲལ་བ་ཞེས་འགྲེལ་བརྗོད་བྱེད་མཁན་ཉུང་དུ་ཕྱིན་ཡོད་པ་བཀའ་གནང་བ་དང་ཆབས་ཅིག་ཏུ་བོད་མིའི་དྲང་བདེན་གྱི་འཐབ་རྩོད་ཀྱི་ནུས་པ་དེ་མུ་མཐུད་ནས་གནས་ངེས་ཡིན་པ་བཅས་བཀའ་བསྩལ་འདུགམགོན་པོ་༸གང་ཉིད་མཆོག་གིས་དུས་རབས་ ༢༡ པའི་ནང་པ་སངས་རྒྱས་པའི་ཆོས་དེ་དག་ཚད་མའི་ལམ་ནས་འགྲེལ་བརྗོད་གནང་རྒྱུ་ཡོད་པ་ནི་བོད་གངས་ཅན་ལྗོངས་སུ་ཡོད་པའི་སངས་རྒྱས་པའི་ཆོས་ཁོ་ན་ལས་འཛམ་གླིང་ནང་ཡོད་པའི་ནང་པ་སུ་གང་ཞིག་ནས་དེ་ལྟར་གནང་མི་ཐུབ་ཚུལ་བཀའ་བསྩལ་ཡོད།འཛམ་གླིང་ནང་མི་དུང་ཕྱུར་ ༧༠ ཡོད་པའི་ནང་ནས་བོད་པ་ཉུང་ཤས་ཤིག་ལས་མེད་ཀྱང་སེམས་ཁམས་རིག་པ་དང་། ཚད་མ་རིག་པར་འགྲེལ་བརྗོད་བྱེད་དགོས་ཚེ་བོད་ཀྱི་སྐད་ཡིག་ལས་ལྷག་པའི་སྐད་ཡིག་གཞན་མེད་སྟབས། དེ་ནི་མེས་པོ་ཚོས་བྱས་རྗེས་དང་མི་རིགས་ཀྱི་གཟི་བརྗིད་ཞིག་ཡིན་པ་བཀའ་བསྩལ་མཛད་འདུགདེ་སྔ་མགོན་པོ་༸གང་ཉིད་མཆོག་ལ་དྭགས་ནང་༸ཞབས་སོར་བདེ་བར་འཁོད་སྐབས་རིག་འཚོ་མ་ཟིན་པའི་སློབ་ཕྲུག་རྣམས་བདག་གཉེར་ལེགས་པོ་དགོས་པར་ལམ་སྟོན་གནང་བ་ལྟར་ཕྱི་ལོ་ ༢༠༡༧ ནས་ལས་གཞི་ཆེད་མངགས་དབུ་འཛུགས་གནང་ཡོད་པ་དང་། ད་ཆ་ལས་གཞི་དེ་ལེགས་གྲུབ་བྱུང་བར་མགོན་པོ་༸གང་ཉིད་མཆོག་བོད་ཕྲུག་ཁྱིམ་སྡེར་ཆིབས་བསྒྱུར་དང་འབྲེལ་སློབ་ཕྲུག་དེ་དག་དང་། རྒས་འཁོགས་རྣམས་ལ་དམིགས་བསལ་མཇལ་ཁ་སོགས་བསྩལ་ཡོད་པ་རེད།རྩ་བའི་མགོན་པོ་༸གང་ཉིད་མཆོག་གིས་བོད་རིགས་རྐྱང་པར་བཀའ་སློབ་སྩལ་བའི་མཛད་རིམ་དེ་ནི་༸གང་ཉིད་མཆོག་༸སྐུ་སྒེར་གྱིས་མར་བཀའ་ཕེབས་པའི་མཛད་རིམ་ཞིག་ཆགས་ཡོད་པ་དང་། དེའི་ཐོག་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་ངེས་སྟོན་པ་དང་ལ་སྤྱི་གཉིས་ནས་མགོན་པོ་༸གང་ཉིད་མཆོག་ལ་ལས་བསྡོམས་སྙན་སྒྲོན་ཞུས་ཡོད་པ་རེད། དེ་བཞིན་བོད་ཁྱིམ་སློབ་མ་ཚོས་རིགས་ལམ་རྟགས་དང་ལ་དྭགས་བསོད་ནམས་གླིང་གིས་རྐང་བྲོ་གླུ་གཞས་སོགས་སྤྱན་འབུལ་ཞུས་ཡོད་པ་རེད།༸སྐུ་དཔར་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

ཨ་རུ་ནཱ་ཅལ་ནང་གནས་སྟངས་ཞི་འཇམ་ཡོད་པས་ཐུགས་འཚབ་གནང་མི་དགོས།

ཉེ་ཆར་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ས་གནས་ཡུལ་མིའི་སློབ་ཕྲུག་ཚོགས་པའི་ཚོགས་མི་ཁག་ཅིག་ནས་ཁུལ་དེར་གནས་སྡོད་བོད་མི་དང་རྒྱ་གར་དབུས་གཞུང་གིས་བོད་མིར་དམིགས་གསལ་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ལ་མི་འདོད་པའི་ངོ་རྒོལ་བྱས་ཡོད་པ་དང་འབྲེལ། དེ་རིང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཐོག་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་བོད་མི་དང་ས་གནས་བོད་མི་རྣམས་ཞི་འཇམ་དང་འཆམ་མཐུན་ཐོག་གནས་མུས་ཡིན་སྟབས་བོད་མི་རྣམས་དེའི་ཐོག་ཐུགས་འཚབ་གནང་མི་དགོས་ཞེས་གསུངས་སོང་། དེ་རིང་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཡང་སྟེང་ཚོགས་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་ཨ་རུ་ནཱ་ཅལ་མངའ་སྡེ་གཞུང་གི་ཆོས་རིག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་འཇམ་དཔལ་དབང་འདུས་ལགས། ནང་སྲིད་དྲུང་འཕར་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་བཅས་ཆེད་ཕེབས་ཐོག་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚིགས་གནང་བ་དང་། སྲིད་སྐྱོང་མཆོག་གིས་རྒྱ་གར་དབུས་གཞུང་དང་ཨ་རུ་ནཱ་ཅལ་མངའ་སྡེའི་གཞུང་གི་ངོས་ནས་ཁུལ་དེར་གནས་སྡོད་བོད་མི་ ༥༠༠༠ ཙམ་གྱི་བདེ་འཇགས་དང་སྲུང་སྐྱོབ་ཐད་མཐུན་འགྱུར་གང་ལེགས་གནང་མུས་ཡིན་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། མངའ་སྡེའི་ནང་བོད་མིའི་གཞིས་ཆགས་ཁག་ ༤ ཙམ་ཡོད་པའི་ནང་བོད་མི་དང་ས་གནས་ཡུལ་མིའི་དབར་ཞི་འཇམ་དང་འཆམ་མཐུན་ངང་གནས་མུས་ཡིན་པ་དང། བོད་མི་རྣམས་ནས་ཀྱང་ཡུལ་ཁྲིམས་ལ་བརྩི་སྲུང་ཞུ་ཐོག་ཞི་བའི་ངང་ནས་ཚོར་བར་རོལ་དགོས་གལ་ཡིན་པ་གསུངས་སོང་། སྐབས་དེར་ནང་སྲིད་དྲུང་འཕར་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་ནས་གནད་དོན་དེའི་ཐོག་ནང་སྲིད་ལས་ཁུངས་ཀྱི་ངོས་ནས་དོ་ཁུར་ཆེ་བཞེས་ཐོག་དོ་སྣང་གནང་མུས་ཡིན་པ་དང། རྩ་བའི་དེ་འབྲེལ་ས་གནས་འགོ་འཛིན་ལས་ཁུངས་ནས་གནས་སྟངས་ལྷིང་འཇགས་ཡོང་བར་དབུས་ནང་སྲིད་ལས་ཁུངས་ནས་མི་སྣ་ཆེད་ཕེབས་དགོས་པའི་གནས་སྟངས་མེད་སྐོར་གསུངས་མིན་ལ་ལྟོས་མེད་བཀའ་ཤག་གི་བཀའ་དགོངས་བཞིན་ནང་སྲིད་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཨ་རུ་ནཱ་ཅལ་ཁུལ་དུ་ཆེད་བསྐྱོད་གནང་མུས་ཡིན་པ་ལྟར། དེ་སྔ་ས་གནས་འགོ་འཛིན་ནས་གསུང་པ་བཞིན་ས་གནས་སུ་གནས་སྟངས་ཞི་འཇམ་ཡོད་སྟབས་ཐུགས་འཚབ་གནང་དགོས་པའི་གནད་དོན་གང་ཡང་མེད་པར་ནན་བརྗོད་གནང་སོང་། རྩ་བའི་ཟླ་བ་འདིའི་ཕྱི་ཚེས་ ༣ ཙམ་ནས་ AAPSU དང་ SUMAA ཞེས་པའི་ཨ་རུ་ནཱ་ཅལ་མངའ་སྡེའི་སློབ་ཕྲུག་ཚོགས་པ་དང། ས་གནས་གདོད་མའི་མི་རིགས་ཚོགས་པ་སོགས་ནས་རྒྱ་གར་དབུས་གཞུང་གིས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་གནང་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པ་དེ་མངའ་སྡེའི་ནང་ལག་བསྟར་བྱེད་རྒྱུ་མཚམས་འཇོག་དགོས་པ་དང་བོད་མི་རྣམས་ལ་ཚོགས་སྡེའི་ལག་ཁྱེར་ཐོབ་པ་དང། ཚོང་གཉེར་གནང་ཆོག་པའི་ལག་ཁྱེར་སྤྲད་པ་རྣམས་ཕྱིར་བསྡུ་དགོས་པ། བོད་མི་རྣམས་བཅད་མཚམས་ལྡན་པའི་ས་གནས་གཞན་ལ་ཕྱིར་ཕུད་གཏོང་དགོས་པ་སོགས་ཀྱི་དགོས་འདུན་ཆེད་བཏོན་བྱས་ཡོད་པ་དང་། ལྷག་པར་དུ་ཚེས་ ༡༢ དང་ ༡༣ ཉིན་ངོ་རྒོལ་ཚོགས་པ་དེ་དག་གི་ཚོགས་མི་ཁག་ཅིག་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ལས་ཁུངས་སུ་ཡོང་ནས་བསྟན་འཛིན་སྒང་གཙོས་པའི་མོན་ཏ་དབང་དང་འབུམ་སྡེ་ལ་སོགས་མངའ་སྡེའི་ནང་གནས་སྡོད་བྱེད་བཞིན་པའི་བོད་མི་རྣམས་ཁྲིམས་འགལ་བ་ཡིན་སྐོར་སོགས་བརྗོད་ནས་ས་གནས་དེ་ནས་ཕྱིར་ཐོན་དགོས་པའི་སྡིག་ར་དང་ངོ་རྒོལ་སྐད་འབོད་བྱས་པ་མ་ཟད་ས་གནས་བོད་མིར་སུན་གཙེར་བཟོས་པའི་གནད་དོན་སོགས་བྱུང་ཡོད་པ་རེད།དེ་བཞིན་ཨ་རུ་ནཱ་ཅལ་མངའ་སྡེ་གཞུང་གི་ཆོས་རིག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་འཇམ་དཔལ་དབང་འདུས་ལགས་ཀྱིས་ཉེ་ཆར་ས་གནས་སུ་བློ་ཕམ་གྱི་གནད་དོན་དེ་བྱུང་ཡོད་པ་ལྟར། རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་གི་ངོས་ནས་དེའི་ཐོག་འགན་ཁུར་ཆེ་བཞེས་ཀྱིས་ཕྱག་ལས་གནང་མུས་ཡིན་པ་དང། ད་ལྟའི་ཆར་གནས་སྟངས་ཞི་འཇམ་ཡོད་པ་བཞིན་མ་འོངས་པར་གནས་དོན་དེ་རིགས་མི་ཡོང་བའི་ཆེད་རིང་མིན་ཕྱི་ཟླ་ ༨ ཚེས་ ༡༢ ཉིན་ས་གནས་སློབ་ཕྲུག་ཚོགས་པ་མང་དག་ཞིག་ཡོད་པ་རྣམས་ཀྱི་སྐུ་ཚབ་དང། ས་གནས་མོན་མཐུན་ཚོགས་དང་གཞུང་འབྲེལ་མི་སྣ་བཅས་ཚང་འཛོམས་ཐོག་ཚོགས་འདུ་ཆེན་པོ་ཞིག་འཚོགས་གཏན་ཁེལ་ཐོག་མོན་ཡུལ་དང་བོད་དབར་དུས་རབས་ ༧ པ་ནས་བཟུང་སྟེ་མཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་འབྲེལ་བ་ཡོད་པ་དེ་མི་རབས་རྒན་གྲས་རྣམས་ནས་མཁྱེན་གྱི་ཡོད་ཀྱང། གཞོན་སྐྱེས་ཚོར་དེའི་སྐོར་ཤེས་ཀྱི་མེད་རྐྱེན་དེ་དག་ལ་གོ་རྟོག་སྤེལ་རྒྱུ་སོགས་ཀྱི་བརྒྱུད་སླད་མར་དེ་ལྟར་མི་ཡོང་བའི་ཐབས་ལམ་ཚོལ་འཆར་ཡོད་པ་གསུངས་སོང་། རྩ་བའི་སྐུ་ཞབས་འཇམ་དཔལ་དབང་འདུས་ Jampel Wangdue ལགས་ནི་ཨ་རུ་ནཱ་ཅལ་མངའ་སྡེ་དང་བོད་མིའི་སྒྲིག་འཛུགས་གཉིས་དབར་རིག་གཞུང་བརྗེ་རེས་ཀྱི་ལས་གཞི་ཞིག་དབུ་ཚུགས་ཡོད་པའི་ཁྲོད་ཨ་རུ་ནཱ་ཅལ་གྱི་སློབ་ཕྲུག་བཅུ་ལ་བོད་ཀྱི་ཟློས་སྒར་ཚོགས་པར་ཟླ་བ་གསུམ་རིང་བོད་པའི་གཞས་སྣ་འཁྲབ་སྟོན་གྱི་སྦྱོང་བརྡར་སྤྲོད་བཞིན་ཡོད་པ་དང་འབྲེལ་ནས་བཞུགས་སྒར་དུ་ཆེད་ཕེབས་གནང་བ་ཞིག་རེད་འདུག

བུད་མེད་ནུས་སྟོབས་སྤེལ་བའི་སྲིད་བྱུས་ལ་འགྲོ་བ་མིའི་ཐོབ་ཐང་གི་སྒྲོམ་གཞི་ལྟར་སྤྱི་དམངས་ཀྱི་སྐུལ་འདེབས་དོན་ཚན་ ༧ ཅན་ཆེད་བཏོན།

དེ་རིང་ཟླ་ ༧ ཚེས་ ༢༧ ཉིན་སྔ་དྲོ་ཚོུད་ ༡༡ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་བེུད་ནུས་སྟོབས་སྤེལ་བའི་སྲིད་བྱུས་ཐོག་ལ་འགྲོ་བ་མིའི་ཐོབ་ཐང་གཞིར་བཞག་ཐོག་དཔྱད་ཞིབ་གནང་རྗེས་སྤྱི་དམངས་ཀྱི་སྐུལ་འདེབས་དོན་ཚན་ ༧ ཅན་ཞིག་ཆེད་བཏོན་གནང་སོང། ལྟེ་གནས་ཁང་དེའི་འགན་འཛིན་ཚེ་རིང་མཚོ་མོ་ལགས་དང་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་གཉིས་ནས་བེུད་ནུས་སྟོབས་སྤེལ་བའི་སྲིད་བྱུས་ལ་སྤྱི་དམངས་ཀྱི་སྐུལ་འདེབས་དོན་ཚན་ཁག་ ༧ ཅན་ཡོད་པ་རེ་རེ་བཞིན་ངོ་སྤྲོད་གནང་བ་དང་འབྲེལ། དགོངས་ཚུལ་གྱི་དོན་ཚན་ ༧ ཅན་དེ་དག་རིང་མིན་ཕྱི་ ༨ ཚེས་ ༦ ཉིན་དབུས་བོད་མིའི་སྒྲིག་འཛུགས་ལ་འབུལ་རྒྱུ་རེད་འདུག སྐུལ་འདེབས་དོན་ཚན་བདུན་པོ་དེ་དག་ནང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཨ་རི་དང་རྒྱ་གར་སོགས་གཙོ་གྱུར་འཛམ་གླིང་ཡུལ་གྲུ་མང་དག་ཞིག་གི་ནང་དུ་ཕོ་མོ་འདྲ་མཉམ་གྱི་གནས་སྟངས་མེད་པ་ལྟར་བོད་མིའི་སྤྱི་ཚོགས་ནང་དུའང་ཕོ་མོ་འདྲ་མཉམ་གྱི་གནས་སྟངས་མེད་པ་དེ་ངོས་ལེན་དང་དཀའ་ངལ་དེ་གསལ་པོ་ར་ཕྲོད་ཐོག་སྲིད་བྱུས་གཏན་འབེབས་གནང་དགོས་པ་དང། སྲིད་བྱུས་དེ་འགྲོ་བ་མིའི་ཐོབ་ཐང་གི་སྒྲོམ་གཞི་ལྟར་བཟོ་དགོས་པ། སྲིད་བྱུས་ཇི་བཟོ་རྣམས་ལག་ལེན་དོན་འཁྱོལ་ཇི་ཡོང་གི་ཤེས་རྟོགས་སླད་དུས་བཀག་བསྐྱར་ཞིབ་དགོས་པ། དུས་བཀག་བསྐྱར་ཞིབ་ཀྱི་སྙན་ཐོ་འདོན་སྤེལ་གནང་སྟེ་སྤྱི་དམིངས་ཁྲོད་ཕྱག་ལས་གནང་མཁན་ཚོགས་སྡེ་ཁག་དང་ལྷན་གྲོས་བསྡུར་བརྒྱུད་བསམ་བློ་ཤེས་ཐབས་དང་ནུས་པ་མཉམ་དཔུང་གི་མཉམ་ལས་གནང་དགོས་པ། སྤྱི་ཚོགས་ནང་བེུད་ཐོག་བཙན་གཡེམ་དང་དྲག་སྤྱོད་ཀྱི་གནད་དོན་ལ་བཟོད་སྲན་མེད་ཟེར་བ་ཙམ་མ་ཡིན་པར་བཟོད་སྲན་མི་གནང་བའི་ལས་དོན་སྤེལ་དགོས་པ། རྩུབ་སྤྱོད་མྱོང་མཁན་རྣམས་ལ་ཁ་ཡོད་ལག་ཡོད་ཀྱི་མཐུན་འགྱུར་ཕྱག་རོགས་གནང་མཁན་གྱི་ལས་ཁུངས་དང་ལས་བྱེད་གང་མགྱོགས་ཆེད་འཛུགས་དགོས་པ། སྲིད་བྱུས་ཀྱི་ཚིག་བཀོད་ནང་ Gender Stereotyping འམ་ཕོ་མོ་རིགས་མཚུངས་ཀྱི་ཚིག་བཀོད་ནས་ཕོ་མོ་སོ་སོའི་རང་བཞིན་ལྷན་སྐྱེས་ཀྱི་གཤིས་སྤྱོད་མི་འདྲ་བ་ཡོང་སྲིད་པ་དེར་སྣང་མེད་བཞག་པ་དང་། དེ་བཞིན་གཞུང་ཞིག་གི་སྲིད་བྱུས་ཡིག་ཆའི་ནང་སོགས་སྒྲ་འམ་ཨིན་སྐད་ནང་ etc. ལྟ་བུ་བཀོད་པ་དེས་སྲིད་བྱུས་ཀྱི་ནང་དོན་ཁ་གསལ་མེད་པའི་དཀའ་ངལ་ཆགས་པ་བཅས་དོན་ཚན་ ༧ ཅན་ཆེད་བཏོན་གནང་ཡོད་པ་རེད།  

Latest news