Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

གསང་སྔགས་མཁས་པའི་བགྲོ་གླེང་ཆེས་ཐོག་མ་དབུ་འཛུགས།

རྒྱ་གར་ལྷོ་ཕྱོགས་ཧུན་སོར་རབ་རྒྱས་གླིང་བོད་མིའི་གཞིས་སྒར་དུ་རྟེན་གཞི་བྱས་པའི་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་གསང་སྔགས་ཀྱི་བགྲོ་གླེང་ཆེན་མོ་ཞིག་དབུ་འཛུགས་གནང་འདུག དེ་རིང་ཟླ་ ༨ ཚེས་ ༩ ཉིན་རྒྱ་གར་ལྷོ་ཕྱོགས་ཧུན་སོར་རབ་རྒྱས་གླིང་བོད་མིའི་གཞིས་སྒར་དུ་རྟེན་གཞི་བྱས་པའི་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་ཆོས་ར་རིགས་པའི་ལྡིང་ཁང་དུ་འཇམ་མགོན་བླ་མ་༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་གདུལ་བྱ་རྟག་འཛིན་ཅན་གྱི་ངོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་མི་ལོ་ཧྲིལ་པོ་ ༦༠༠ འཁོར་བ་དང་༸རྗེ་བཙུན་ཤེས་རབ་སེངྒེ་༸གང་ཉིད་མཆོག་གསང་སྔགས་བསྟན་པའི་བདག་པོར་མངའ་གསོལ་ནས་གྲང་བྱ་ ༦༠༠ འཁོར་བའི་དུས་སྟོན་གཉིས་དང་བསྟུན་༸རྗེ་བདག་ཉིད་ཆེན་པོའི་བཀའ་དྲིན་རྗེས་དྲན་ཞུ་སླད་གྲྭ་ཚང་རང་གིས་གསང་སྔགས་མཁས་པའི་བགྲོ་གླེང་ཆེན་མོ་ཞིག་གོ་སྒྲིག་ཞུས་པ་ལྟར། དེ་རིང་སྔ་དྲོ་བགྲོ་གླེང་གི་ཚོགས་ཆེན་ཐོག་སྐུ་མགྲོན་གཙོ་བོ་འཁོན་རིགས་བསྟན་པའི་སྲོག་ཤིང་༸དཔལ་མཉམ་མེད་ས་སྐྱའི་ཁྲི་འཛིན་སྐྱབས་རྗེ་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་འཇམ་མགོན་༸རྒྱལ་བ་གཉིས་པའི་རྒྱལ་ཚབ་དགའ་ལྡན་ཁྲི་པ་ཡབ་སྲས་རྣམ་གསུམ་མཆོག ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས། ལས་སྣེ་གོང་མ་གསུམ་དང་ཕྱག་མཛོད། སྦྱིན་བདག་ཁག་གཅིག དེ་བཞིན་ཚོགས་སྡེ་ཁག་གི་འཐུས་མི་དང་མང་ཚོགས་བཅས་མི་གྲངས་ ༡༠༠༠ བརྒལ་བ་ལྷན་འཛོམས་ཐོག་གསང་སྔགས་མཁས་པའི་བགྲོ་གླེང་ཆེས་ཐོག་མ་དབུ་འཛུགས་གནང་འདུག སྐུ་མགྲོན་གཙོ་བོ་༸དཔལ་ས་སྐྱའི་ཁྲི་འཛིན་སྐྱབས་རྗེ་རཏྞ་བཛྲ་རིན་པོ་ཆེ་མཆོག་གིས་རིན་པོ་ཆེ་མཆོག་ད་ལན་༸དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཕེབས་རྒྱུ་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་བསྩལ་བ་དང་སྦྲགས། ཚུལ་བཞིའི་སྒོ་ནས་ཟབ་ཅིང་བརླིང་བའི་༸དཔལ་གསང་བ་འདུས་པའི་ཚིག་འགྲེལ་གནང་སྟེ་འདུས་མང་ཡོངས་ལ་ལམ་སྟོན་མཛད་འདུག དེ་བཞིན་སྐུ་མགྲོན་གཙོ་བོ་འཇམ་མགོན་༸རྒྱལ་བ་གཉིས་པའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་༸རྗེ་བདག་ཉིད་ཆེན་པོས་༸རྗེ་བཙུན་ཤེས་རབ་སེངྒེ་ལ་གནང་བའི་འགྲེལ་པ་བཞི་སྦྲགས་ཀྱི་ཕྱག་དཔེའི་ཐོག་དཔལ་ལྡན་རྒྱུད་གྲྭ་སྟོད་སྨད་གཉིས་ནས་རྒྱུན་འཛིན་གནང་དགོས་པའི་ལམ་སྟོན་བསྩལ་འདུག གཞན་ཡང་དེ་རིང་གསང་སྔགས་མཁས་པའི་བགྲོ་གླེང་གི་མཛད་སྒོའི་སྐབས་སུ་སྔོན་ཕྱི་ལོ་ ༡༤༡༩ ལོར་༸རྗེའི་སྒྲུབ་གནས་སེ་ར་ཆོས་སྡིངས་སུ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཞལ་སྔ་ནས་མཁས་གྲུབ་ཆེན་པོ་༸རྗེ་བཙུན་ཤེས་རབ་སེངྒེ་ལ་རྒྱུད་ཀྱི་གླེགས་བམ་ཕྱག་ཏུ་གཏད་ནས་དགེ་ལྡན་གསང་སྔགས་བསྟན་པའི་བདག་པོར་མངའ་གསོལ་བ་བཞིན། དེང་འདིར་ཡང་འཇམ་མགོན་རྒྱལ་བའི་གདུང་ཚབ་དགའ་ལྡན་ཁྲི་རིན་པོ་ཆེའི་ཞལ་སྔ་ནས་ཀྱང་༸རྗེ་བཙུན་ཤེས་རབ་སེངྒེའི་གདན་རབས་ ༩༩ པ་མཁན་ཆེན་ རྗེ་བཙུན་བློ་བཟང་དབང་འདུས་མཆོག་ལ་རྒྱུད་ཀྱི་གླེགས་བམ་དང་སྔོན་གྱི་ལོ་རྒྱུས་ལྡན་པའི་དཔལ་གསང་བ་འདུས་པའི་སྐུ་བརྙན་བཅས་ཕྱག་ཏུ་བསྩལ་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་༸དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཕྱག་མཛོད་རྒན་པ་དགེ་བཤེས་སྔགས་རམས་པ་ཚེ་རིང་བཀྲིས་ལགས་སུ་གསང་སྔགས་མཁས་པའི་བགྲོ་གླེང་ཆེས་ཐོག་མ་བསྐོང་ཚོགས་གནང་དོན་སོགས་དང་འབྲེལ་བའི་བཅར་འདྲི་ཁག་གཅིག་ཞུས་པར་ཁོང་གིས་དེ་འབྲེལ་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་དང་། དེ་བཞིན་ཕྱི་ཚེས་ ༩ ནས་ ༡༢ བར་སྔ་དྲོ་ཚོུད་ ༥ ནས་ ༧ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཚེའི་ཚེ་སྒྲུབ་གནང་གི་ཡོད་པ་སོགས་གསུངས་ཡོད། རྩ་བའི་༸དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ནས་ཆེས་ཐོག་མའི་གསང་སྔགས་མཁས་པའི་བགྲོ་གླེང་ཞིག་གོ་སྒྲིག་གནང་ཡོད་པ་ལྟར་བགྲོ་གླེང་མོ་འདི་དེ་རིང་ཟླ་ ༨ ཚེས་ ༩ ནས་ ༡༢ བར་འཚོགས་གནང་གི་ཡོད་པ་རེད།

ལ་དྭགས་རྒྱ་གར་དབུས་འཛིན་སྐྱོང་མངའ་ཁུལ་དུ་གྱུར་པས་ས་གནས་བོད་མིའི་དཀའ་ངལ་སེལ་བའི་རེ་བ།

དེ་རིང་ཕྱི་ཟླ་ ༨ ཚེས་ ༨ ཉིན་གྱི་སྔ་དྲོ་རྒྱ་གར་བྱང་ཕྱོགས་ལ་དྭགས་གླེ་རྒྱལ་སར་རྟེན་གཞི་བྱས་པའི་ཇོ་ཁང་གི་རྭ་བར་རྟོགས་ལྡན་རིན་པོ་ཆེ་མཆོག་གིས་དབུས་པའི་ལ་དྭགས་ཀྱི་དཔོན་རིགས་དང་ས་གནས་མི་མང་བཅས་ལྷན་འཛོམས་གནང་ཐོག་ལ་དྭགས་དེ་ Union Territory ཞེས་ཇ་མྨུ་ཀཤྨིར་ནས་ལོགས་སུ་དབྱེ་སྟེ་རྒྱ་གར་དབུས་གཞུང་གི་ཐད་ཀའི་འཛིན་སྐྱོང་བཏང་འཛིན་གནང་གཏན་ཁེལ་བར་དགའ་བསུ་རྟེན་འབྲེལ་ཞུ་སླད་དུ་མཛད་སྒོ་རྒྱས་པ་ཞིག་ཚོགས་སོང་། ལ་དྭགས་ནང་པའི་ཚོགས་འདུའི་ཚོགས་གཙོར་དེ་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་ལ་དྭགས་འདི་རྒྱ་གར་དབུས་འཛིན་སྐྱོང་མངའ་ཁུལ་དུ་གྱུར་པས་སླད་མར་ས་གནས་བོད་མིའི་དཀའ་ངལ་སེལ་བའི་རེ་བ་ཡོད་ཅེས་སོགས་གསུངས་ཡོད།

གཞུང་འབྲེལ་མཆོད་འབུལ་བརྒྱུད་སྐབས་ ༡༥ པའི་བཀའ་ཤག་ལོ་གསུམ་ཚང་བའི་དུས་ཚིགས་སྲུང་བརྩི།

བཞུགས་སྒར་དུ་བཀའ་ཤག་སྐབས་ ༡༥ པས་དམ་འབུལ་མཛད་ཁུར་བཞེས་ནས་ལོ་གསུམ་ཧྲིལ་པོ་འཁོར་བའི་དུས་ཚིགས་སྲུང་བརྩི་དང་འབྲེལ་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་སོང་། དེ་རིང་ཟླ་ ༨ ཚེས་ ༨ ཉིན་རྒྱབ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕྱག་ཚོད་ ༤ ཐོག་རྣམ་རྒྱལ་གྲྭ་ཚང་གི་སློབ་དཔོན་ངག་དབང་སྟོབས་ལྡན་མཆོག་ཚོགས་མགོན་དུ་དབུ་བཞུགས་ཐོག་སྲིད་སྐྱོང་མཆོག་གིས་དབུས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སྲི་ཞུ་བ་དང་དགེ་འདུན་པ། དྷ་ས་མང་ཚོགས་སོགས་འདུ་འཛོམས་ཐོག་སྐབས་ ༡༥ པའི་བཀའ་ཤག་གི་ལས་ཡུན་ལོ་གསུམ་ཚང་བར་སྲུང་བརྩི་དང་འབྲེལ་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་ནང་རང་ལུས་མེར་སྲེག་གནང་མཁན་བོད་མི་གཙོས་པའི་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་བློས་བཏང་གནང་མཁན་རྒྱལ་གཅེས་པ་ཡོངས་ལ་གུས་འདུད་དང་དམ་པ་དེ་དག་གི་ཉེ་འབྲེལ་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུས་སོང་། སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་དེ་དག་གི་ཤུལ་ལུས་ནང་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་པ་དང་ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་ཐུབ་པའི་རེ་བ་ཞུ་མུས་ཡིན་སྟབས་རྒྱ་ཆེ་མང་ཚོགས་ནས་རེ་བ་དེ་བསྒྲུབ་པར་འབད་བརྩོན་གནང་དགོས་པའི་སྐུལ་མ་གནང་སོང་། གཞི་རྩའི་དེ་རིང་བཀའ་ཤག་སྐབས་ ༡༥ པས་དམ་འབུལ་མཛད་ཁུར་བཞེས་ནས་ལོ་ངོ་གསུམ་འཁོར་བ་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བཀའ་ཤག་སྐབས་ ༡༤ དང་ ༡༥ གཉིས་ཀྱི་སྲིད་སྐྱོང་ཀྱི་མཛད་ཁུར་བཞེས་ནས་ད་ཆ་ལོ་བརྒྱད་འགྲོ་མུས་ཡིན་པ་རེད།  

བོད་ལ་གནད་དོན་གང་བྱུང་བ་དེ་རྒྱལ་ཁབ་གཞན་དུའང་འབྱུང་སྲིད་པའི་ཉེན་བརྡ་བཏང་བ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁ་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གཞུང་གིས་ལོ་ངོ་ ༦༠ གོང་དུ་བོད་ནང་ལག་བསྟར་བྱས་པའི་སྲིད་བྱུས་དེ་དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་གཞན་ནང་དུའང་ལག་བསྟར་བྱེད་བཞིན་ཡོད་པ་དང་། གལ་ཏེ་རྒྱལ་ཁབ་སོ་སོས་ཡིད་གཟབ་མ་གནང་ཚེ་མཇུག་འབྲས་ངན་པ་ཡོང་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད།   རྒྱ་གར་གྱི་ཕྱི་རྒྱལ་གསར་འགོད་པའི་མཐུན་ཚོགས་ནས་ཁ་སང་གོ་སྒྲིག་ཞུས་པའི་བོད་ཀྱི་གནད་དོན་གླེང་མོལ་གྱི་ལས་རིམ་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རང་ཉིད་ནས་འདས་པའི་ལོ་ངོ་ ༧ ལྷག་གི་རིང་མགོ་ཁྲིད་བྱས་ནས་ཕྱིའི་རྒྱལ་ཁབ་ཁག་གི་དཔོན་རིགས་དང་གནད་ཡོད་མི་སྣ་བཅས་ཐུག་འཕྲད་དང་འབྲེལ་ལམ་ཞུས་པའི་ཉམས་མྱོང་ཁྲོད་རྒྱ་ནག་གིས་ཆབ་སྲིད་ཤུགས་རྐྱེན་ཁོ་ན་ཙམ་མིན་པར་ཚོང་འབྲེལ་དང་རྒྱལ་ཁབ་ཀྱི་བདེ་འཇགས། སྤྱི་ཚོགས་བཅས་ཕྱོགས་ཡོངས་སུ་ཤུགས་རྐྱེན་ཆེན་པོ་སླེབས་ཡོད་ཅེས་འགྲེལ་བརྗོད་གནང་འདུག རྒྱལ་ས་ལྡི་ལིའི་  IIC རྒྱ་གར་དང་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་ཚོགས་པའི་ཕྱི་རྒྱལ་གསར་འགོད་པ་དང་གླེང་མོལ་གནང་རྒྱུའི་ལས་རིམ་ཐོག་སྲིད་སྐྱོང་མཆོག་གིས་ཨོསི་ཊོ་ལི་ཡ་དེ་དཔེ་མཚོན་དུ་བཞག་ཏེ་ལོ་ངོ་ ༣༠ གོང་དུ་རྒྱ་ནག་དང་རྒྱལ་ཁབ་དེའི་དབར་ཚོང་འབྲེལ་དབུ་འཛུགས་ཀྱིས་འབྲེལ་བ་ཧ་ཅང་ཡག་པོ་ཡོད་ཀྱང་། དེང་སྐབས་རྒྱ་ནག་གིས་རྒྱལ་ཁབ་དེའི་ཆབ་སྲིད་དང་བདེ་འཇགས། སྤྱི་ཚོགས། ཤེས་ཡོན་གྱི་ལྟེ་གནས་བཅས་ལ་ཤུགས་རྐྱེན་ཆེན་པོ་ཞིག་སྤྲོད་པའི་གནོན་ཤུགས་སླེབས་ཡོད་པར་འགྲེལ་བརྗོད་དང་སྦྲགས། དེ་སྔོན་ལོ་ངོ་ ༦༠ སྔོན་དུ་རྒྱ་ནག་ནས་བོད་ནང་ཐོག་མར་མཐོ་རིམ་གྱི་སྤྱི་ཚོགས་མི་སྣ་དང་ཚོང་པ། དེ་ནས་སྤྱི་ཚོགས་ནང་ཤུགས་རྐྱེན་ཡོད་པའི་མི་སྣ་བཅས་དབང་སྒྱུར་ཏེ་ད་ལྟ་ཨོ་སི་ཊོ་ལི་ཡའི་ནང་ཡོང་བཞིན་པ་ལྟར་རིམ་པས་བོད་ཧྲིལ་པོར་བཙན་འཛུལ་བྱས་ཡོད་སྐོར་གསུངས་པ་མ་ཟད། རྒྱ་ནག་གི་ཉེ་ཆར་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་ལ་དྭགས་ཕྱོགས་ནས་ས་མཚམས་ནང་བཙན་འཛུལ་བྱས་པའི་གནས་ཚུལ་ངོ་སྤྲོད་དང་རྒྱ་གར་གཞུང་ནས་ཀྱང་དེར་ཡིད་གཟབ་གནང་དགོས་པའི་ཉེན་བརྡ་ཡང་བཏང་ཡོད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་གྱི་ཕྱི་རྒྱལ་གསར་འགོད་པ་དེ་དག་ལ་ཨ་རིའི་ Freedom House ཡི་སྙན་ཐོ་གཞིར་བཟུང་བོད་དེ་ད་ལྟའི་འཆར་འཛམ་གླིང་ནང་ Syria རྒྱལ་ཁབ་ཀྱི་རྗེས་སུ་རང་དབང་ཞན་ཤོས་ཀྱི་རྒྱལ་ཁབ་ཆགས་ཡོད་སྐོར་སོགས་གསུངས་པ་མ་ཟད། རྒྱ་ནག་གིས་ནོར་ཝེ་དང་ཨ་ཕི་རི་ཀ་སོགས་ཀྱི་རྒྱལ་ཁབ་ཁག་ཏུ་ཤུགས་རྐྱེན་དེ་ལྟར་སྤྲོད་བཞིན་པར་འགྲེལ་བརྗོད་དང་སྦྲགས། བཙན་བྱོལ་དུ་གནས་པའི་བོད་མི་ཚོས་བོད་མིའི་ངོ་བོ་སྲུང་སྐྱོབ་ཇི་ལྟར་གནང་སྐོར་གསལ་བཤད་དང་རྒྱ་གར་ནི་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་༸སྐུ་འཁུངས་ཡུལ་གྱི་རྒྱལ་ཁབ་ཅིག་དང་། ནང་པ་ཚོར་ཤུགས་རྐྱེན་སྤྲོད་ཐུབ་པའི་གནས་རྩ་ཆེན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་སྟབས། གནས་ས་དེ་དག་གི་རྨང་གཞིའི་འཛུགས་སྐྲུན་གོང་འཕེལ་གནང་བ་བརྒྱུད་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཆབ་སྲིད་ཕྱོགས་གཉིས་ཀའི་ཐོག་ནས་ཁེ་ཕན་བསྐྲུན་ཐུབ་པ་ཞིག་གནང་དགོས་པ་སོགས་གསུངས་ཡོད་པ་རེད།གསར་འགྱུར་དང་འབྲེལ་བའི་རྣམས་ TIBET TV

དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༣ པ་དབུ་འཛུགས།

རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་དབུས་བོད་ཀྱི་བེུད་ལྷན་ཚོགས་གཙོ་གྱུར་ས་གནས་ཁག་ ༢༥ འི་རྒྱུན་ལས་བཅས་ཁྱོན་ཚོགས་མི་ ༧༣ ཙམ་མཉམ་ཞུགས་ཐོག་འགན་འཛིན་ལྷན་ཚོགས་ཐེངས་ ༡༣ པ་དབུ་འཛུགས་གནང་འདུག ཁ་སྔོན་བེུད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་དང་དམིགས་བསལ་སྐུ་མགྲོན་མོན་གྷོ་འདོད་རྒུ་གླིང་གི་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས། དགོན་སྡེ་ཁག་གི་མཁན་པོ་རྣམ་པ། ས་གནས་གྲོས་ཚོགས་ཀྱི་ཚོགས་མི་སོགས་ལྷན་འཛོམས་གནང་ཡོད་པ་དང་། མཛད་སྒོའི་ཐོག་འདི་ལོར་བུད་མེད་ལྷན་ཚོགས་ཀྱིས་འགོ་ཁྲིད་འོག་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་སུམ་ཅུར་ཕེབས་པ་དང་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་ལོ་ངོ་ ༢༤ ལྷག་འགྲོ་ཡི་ཡོད་སྟབས་རྒྱལ་སྤྱིའི་ཁྲོད་དེ་འབྲེལ་གོ་རྟོགས་དང་རྒྱབ་སྐྱོར་རག་ཐབས། དེ་བཞིན་རྒྱ་གཞུང་ནས་༸སྐུ་ཉིད་མཆོག་གི་གནས་བབ་ཕྱིར་བསྒྲགས་བྱས་པའི་ཁར་གློད་བཀྲོལ་གཏང་དགོས་པའི་དགོས་འདུན་འོག་ཚོགས་མི་བགོད་འགྲེམས་ཀྱིས་རྒྱ་གར་གྱི་ས་གནས་ཁག་ལྔ་ནང་ཞི་བའི་གོམ་བགྲོད་གོ་སྒྲིག་ཞུས་པ་སོགས་དང་འབྲེལ་བའི་སྙན་ཐོའི་ཕྱག་དེབ་དབུ་འབྱེད་གནང་འདུག ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ནས་བུད་མེད་ལྷན་ཚོགས་ཀྱིས་ད་བར་བོད་ཀྱི་རྩ་དོན་སླད་ལས་འགུལ་རབ་དང་རིམ་པ་སྤེལ་བ་དེ་དག་སླད་མར་མུ་མཐུད་གནང་རྒྱུ་དང་བུད་མེད་ནུས་སྟོབས་གོང་འཕེལ་གྱི་ལས་གཞིའི་འོག་བུད་མེད་ཀྱི་ཤེས་ཡོན་ཡར་རྒྱས་སྔར་ལྷག་ཡོང་བར་ཕྱག་ལས་གནང་དགོས་པའི་འབོད་སྐུལ་ཞུས་འདུག འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་དབུས་ས་གཉིས་ཀྱི་ལས་བསྡོམས་དང་རྩིས་ཁྲ་སྒྲོག་སྦྱང་དང་། ཕྱི་ལོ་ ༢༠༡༨ ལོར་བཞག་པའི་གྲོས་ཆོད་དག་ལ་བསྐྱར་ཞིབ། དེ་བཞིན་༸གོང་ས་མཆོག་གི་༸སྐུ་ཕྱཱ་དང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ། འདི་ལོ་རྒྱ་གཞུང་གིས་བོད་ལ་དབང་སྒྱུར་བྱས་ནས་མི་ལོ་ ༦༠ འཁོར་བ་དང་འབྲེལ་བའི་ལས་འགུལ་སྤེལ་ཕྱོགས་སོགས་གྲོས་གཞི་བཅུའི་ཐོག་གྲོས་བསྡུར་དང་རིམ་བཞིན་གྲོས་ཆོད་གཏན་འབེབས་གནང་རྒྱུ་དང་བཀའ་སྤྱི་གཉིས་ནས་ཕྱི་ཟླ་ ༡༠ པའི་ནང་དམིགས་བསལ་ཚོགས་ཆེན་འཚོགས་རྒྱུའི་ཐོག་དགོངས་འཆར་དང་། ༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་བོད་མིའི་དབར་གྱི་འབྲེལ་བ་ཞེས་པའི་བརྗོད་གཞིའི་ཐད་གྲོས་བསྡུར་གནང་རྒྱུ་རེད་འདུག རྩ་བའི་འགན་འཛིན་ལྷན་ཚོགས་དེ་ཟླ་ ༨ ཚེས་ ༥ ནས་དབུ་འཛུགས་ཀྱིས་ཚེས་ ༡༠ བཅས་ཚོགས་ཀྱི་ཡོད་པ་དང་ཚེས་ ༡༡ དང་ ༡༢ བཅས་སུ་རྒྱ་གར་གཞུང་གི་རྩ་ཁྲིམས་གཞིར་བཟུང་རྩིས་ཁྲ་ཉར་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་དང་མང་ཚོགས་ལ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གོ་རྟོགས་སྤེལ་རྒྱུའི་ལས་རིམ་ཡོད་པ་རེད།

ཆོས་ལུགས་ལས་འདས་པའི་བཟང་སྤྱོད་དང་བདེན་བཞིའི་ཐོག་རྒྱལ་སྤྱིའི་བགྲོ་གླེང་།

ཁ་སང་ཕྱི་ཟླ་ ༨ ཚེས་ ༤ སྟེ་བདག་ཅག་གི་སྟོན་པ་རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པ་མཆོག་གིས་རྒྱ་གར་གྱི་གནས་མཆོག་ཝཱ་རཱ་ཎ་སཱིར་བཀའ་དང་པོ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་གནང་མཛད་པའི་དུས་ཆེན་ཁྱད་འཕགས་ཅན་དང་བསྟུན། ཡུ་རོབ་བྱང་ཕྱོགས་ Finland ནང་རྟེན་གཞི་བྱས་པའི་སྔ་འགྱུར་རྙིང་མའི་དྷ་ན་ཀོ་ཤའི་ཆོས་ཚོགས་ཀྱི་གོ་སྒྲིག་འོག བོད་བརྒྱུད་ནང་བསྟན་གཙོ་ གྱུར་ཆོས་ལུགས་རིས་མེད་ཀྱི་བླ་མ་དང་སྐུ་ཚབ་བཅས་ལྷན་འཛོམས་ཐོག་ཟླ་བ་འདིའི་ཕྱི་ཚེས་ ༣ དང་ ༤ བར་བཅས་ཉིན་གྲངས་གཉིས་ཀྱི་རིང་ཕིར་ལན་ཌིའི་ Jokioinen གྲོང་ཁྱེར་དུ་ཆོས་ལུགས་ལས་འདས་པའི་བཟང་སྤྱོད་དང་འཕགས་པའི་བདེན་བཞིའི་ཐོག་རྒྱལ་སྤྱིའི་བགྲོ་གླེང་ཞིག་ཚོགས་འདུག དྷ་ན་ཀོ་ཤའི་ཆོས་ཚོགས་ཀྱི་ཚོགས་གཙོ་གྲགས་པ་རིན་པོ་ཆེ་མཆོག་གིས་དབུས་པའི་གསུང་བཤད་གནང་མཁན་གཙོ་བོ་འབྲུག་ནང་པའི་སྐུ་ཚབ་འབྲུག་གི་ཡུ་རོབ་གཞུང་ཚབ་པ་ཆེན་མོ་ལྕམ་ Pema Choden ལགས་དང་ས་གནས་ཡི་ཤུའི་ཆོས་དཔོན་ Matti Repo ལགས་རྣམ་གཉིས་གཙོས་བོད་བརྒྱུད་ནང་བསྟན་གྱི་བླ་མ་དང་ས་གནས་དེར་རྟེན་གཞི་བྱས་པའི་ཐེ་ལན་ཌི་དང་ཝེ་ཏི་ནམ་ནང་པའི་མཁན་པོ། ཀོ་རི་ཡ་དང་ཉི་ཧོང་གི་ནང་པའི་ཆོས་དགེ དེ་བཞིན་ཚན་རིག་པ་དང་མཁས་དབང་བཅས་ཁྱོན་མི་གྲངས་བརྒྱ་ལྷག་ཚོགས་བཅར་གནང་འདུག རྒྱལ་སྤྱིའི་བགྲོ་གླེང་ལྷན་ཚོགས་དང་འབྲེལ་བའི་ཐོག་དྷ་ན་ཀོ་ཤའི་ཆོས་ཚོགས་ཀྱི་ཚོགས་གཙོ་གྲགས་པ་རིན་པོ་ཆེ་མཆོག་ལ་བཀའ་འདྲི་ཞུས་པར་ཕིན་ལན་ཌི་ནང་བོད་རྒྱུད་ནང་བསྟན་གྱི་ཆོས་ཚོགས་མང་པོ་མེད་ཀྱང་། ཐེ་ལན་ཌི་དང་ཉི་ཧོང། བྷར་མ་སོགས་ཐེག་པ་ཆེ་ཆུང་གཉིས་ཀྱི་དགོན་པ་མང་པོ་ཡོད་སྟབས་ནང་པ་སངས་རྒྱས་པ་ཚང་མ་གཅིག་གྱུར་ཞིག་ཆགས་ཐུབ་པ་དང་སངས་རྒྱས་ཀྱི་ལྟ་གྲུབ་ཁག་ལ་བསླབ་པ་སློབ་གཉེར་གནང་ནས་དོན་དམ་གྱི་ཉམས་ལེན་ཐུབ་པ་སོགས་ལ་དམིགས་ནས་ལྷན་ཚོགས་དེ་གོ་སྒྲིག་གནང་ཡོད་པ་གསུངས་ཡོད།   ལྷག་དོན་ཚོགས་བཅར་ཡོངས་ནས་ཐུགས་སྣང་ཆེན་པོས་བགྲོ་གླེང་གི་ཤ་ཤས་བཞེས་པ་མ་ཟད་སླད་མར་བགྲོ་གླེང་འདི་ལྟར་མུ་མཐུད་གོ་སྒྲིག་གནང་སྐྱོང་ཡོང་བའི་རེ་སྐུལ་ནན་པོ་གནང་སྐོར་སོགས་གསུངས་སོང་།

བོད་ཀྱི་གནད་དོན་ཐོག་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀས་རྒྱབ་སྐྱོར་ཞུ་མུས་ཡིན།

ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ David Price ལགས་ཀྱིས་དབུ་ཁྲིད་པའི་གྲོས་ཚོགས་འཐུས་མི་དྲུག་ལས་གྲུབ་པའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་རྣམ་པ་བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་དང་སྤེན་པ་གཉིས་ཀྱི་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་ཁག་ལ་འཚམས་གཟིགས་དང་བཙན་བྱོལ་བོད་མིའི་མང་གཙོའི་ལམ་སྲོལ་ཐོག་རྒྱུས་ལོན་སོགས་གནང་ཡོད་པ་རེད། ཁ་ཉིན་རེས་གཟའ་སྤེན་པའི་དགོང་དྲོ་ཆུ་ཚོད་ ༥༌༣༠ ཐོག་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ནས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་དང་། བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ཚོར་མཇལ་འཕྲད་ཀྱིས་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གི་སྣེ་ཁྲིད་པ་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ David Price ལགས་ནས་འཚམས་གཟིགས་འདིའི་ཁྲོད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་གནང་སྐབས་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཚེའི་མཛད་རྣམ་ཙམ་མ་ཟད། བོད་ཀྱི་ལོ་རྒྱུས་ཐོག་ལའང་རྒྱུས་ལོན་གསར་པ་མང་པོ་བྱུང་སོང་བས་མཇལ་མོལ་གྱི་མྱོང་ཚོར་དེ་ནི་དུས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་རེད་ཅེས་གསུངས་འདུག ལྷག་པར་དུ་ཁོང་གིས་བོད་མི་ཚོས་དཀའ་ངལ་མང་པོར་གདོང་ལེན་གནང་སྟེ་མུ་མཐུད་རང་ཉིད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་། བོད་མིའི་སྒྲིག་འཛུགས་དེ་བཞིན་མང་གཙོའི་ལམ་སྲོལ་ཐོག་སྐྱོད་བཞིན་པར་ཡི་རངས་བསྔགས་བརྗོད་དང་སྦྲགས། ཨ་རིའི་གཞུང་ནས་ཨ་རིའི་རོགས་ཚོགས་ USAID དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་བརྒྱུད་བོད་མིའི་ངོ་བོ་སྲུང་སྐྱོབ་དང་། འཚོ་ཐབས་སོགས་ཀྱི་ཐད་རྒྱབ་སྐྱོར་མུ་མཐུད་ཞུ་མུས་ཡིན་པ་མ་ཟད། ཨ་རིའི་གྲོས་ནང་ལ་མཚོན་ན་བོད་ཀྱི་རིག་གཞུང་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ཐུག་སྐབས་ཆབ་སྲིད་ཚོགས་པ་གཉིས་ཀས་ཞལ་གཅིག་གྲག་ཐོག་ནས་རྒྱབ་སྐྱོར་ཞུ་མུས་ཡིན་ཞེས་གསུངས་འདུག སྐུ་ཞབས་ David Price ལགས་ནས་གསུང་བཤད་མ་གནང་གོང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཆེས་མཐོའི་སྐུ་ཚབ་རྣམ་པར་འཚམས་འདྲི་ཞུ་པ་དང་སྦྲགས། ད་རེས་སྐུ་ཚབ་རྣམ་པ་བཞུགས་སྒར་དུ་ཕེབས་པ་འདི་ནི་རྒྱ་ནག་ལ་གཞུང་ལ་མང་གཙོའི་རིང་ལུགས་ལ་མཐའ་མའི་རྒྱལ་ཁ་ཐོབ་རྒྱུ་ཡིན་པའི་བརྡ་ལན་ཞིག་མཚོན་པ་དང་། ལྷག་པར་དུ་བོད་ནང་གི་བོད་མི་ཚོའི་ལྷག་བསམ་དང་ཞུམ་པ་མེད་པའི་སྙིང་སྟོབས། གཡོ་བ་མེད་པའི་དྲང་བདེན་གྱི་མངོན་འདོད་ལ་རྒྱབ་སྐྱོར་ཡོད་པའི་བརྡ་ལན་བཟང་པོ་ཞིག་གནང་ཐུབ་པ་བྱུང་ཡོད་ཅེས་གསུངས་འདུག གཞི་རྩའི་ཆེས་མཐོའི་སྐུ་ཚབ་རྣམ་པ་བཞུགས་སྒར་དུ་ཉིན་གྲངས་གཉིས་ཀྱི་རིང་བཞུགས་གཞག་གནང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ལྷན་རྒྱས་དང་མཇལ་མོལ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་དབུས་པའི་སྤྱི་འཐུས་རྒྱུན་ལས་རྣམས་དང་ལྷན་ནང་མོལ་ལྷན་འཛོམས་ཤིག་གནང་ཡོད། ཁྱད་པར་དུ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་མཇལ་མོལ་དང་ཉིན་དགུང་ལྗགས་སྨིན་ལྷན་བཞེས་གནང་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་དང་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མི་སྣར་གསུང་བཤད་བཅས་གནང་སྒོ་ཁག་ལེགས་གྲུབ་དང་བསྟུན། ཁ་སང་སྔ་ཐོག་བཞུགས་སྒར་ནས་ཕྱིར་ཕེབས་ཐོན་གནང་ཡོད།

ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ནས་༸གོང་ས་མཆོག་དང་མཇལ་མོལ།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཡོལ་ཙམ་ལ་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ David Price ལགས་དང་ཚོགས་གཞོན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Vern Buchanan ལགས་རྣམ་གཉིས་ཀྱིས་གཙོས་པའི་གྲོས་ཚོགས་འཐུས་མི་དྲུག་ལས་གྲུབ་པའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་རྣམ་པ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་མཇལ་མོལ་གནང་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆེས་མཐོའི་སྐུ་ཚབ་རྣམ་པར་འཚམས་འདྲི་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་པོའི་གལ་གནད་དང་ངོ་སྤྲོད་བསྩལ་བ་མ་ཟད། མགོན་པོ་༸གང་ཉིད་མཆོག་དང་ཨ་རིའི་སྲིད་འཛིན་གོང་མ་ཚོའི་དབར་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་སྐོར་སོགས་དྲན་གསོ་མཛད་འདུག སྐབས་དེར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཆུང་དེའི་ངོས་ནས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་གིས་༸གོང་ས་མཆོག་ལ་ཕུལ་བའི་འཚམས་འདྲིའི་ཕྱག་ཡིག་ཅིག་མགོན་པོ་༸གང་ཉིད་མཆོལ་འབུལ་ལམ་ཞུས་འདུག ༸གོང་ས་མཆོག་དང་མཇལ་མོལ་གྲུབ་མཚམས་སུ་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གི་སྣེ་ཁྲིད་པ་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ David Price ལགས་ནས་གསར་འགོད་པར་ད་རེས་བཞུགས་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་དང་མཇལ་མོལ་ཞུ་རྒྱུ་བྱུང་བ་དེ་ནི་ཉིན་ཤས་གོང་ལ་ Indonesia གཙོ་གྱུར་རྒྱལ་ཁབ་གཞན་ཁག་ཅིག་ཏུ་ཕེབས་པ་ལས་ལྷག་པ་བྱུང་སོང་བ་དང་། དེ་ཡང་གཙོ་བོ་༸གོང་ས་མཆོག་གི་༸སྐུ་ཚེའི་ལོ་རྒྱུས་དང་མགོན་པོ་༸གང་ཉིད་མཆོག་གི་དགོངས་པ་བཞེས་ཕྱོགས་སོགས་བརྒྱུད་སྐུ་ཚབ་རྣམས་ཙམ་མ་ཟད་ཨ་རིའི་མི་སེར་དང་རྒྱལ་སྤྱིར་སེམས་འགུལ་ཆེན་པོ་ཐེབས་བཞིན་ཡོད་སྟབས་དམིགས་བསལ་གྱི་ཚོར་བ་བཟང་པོ་ཞིག་བྱུང་ཞེས་གསུངས་སོང་། ཁོང་སྐུ་ཚབ་རྣམ་པ་མང་གཙོ་གོང་འཕེལ་གྱི་ཐོག་ཕྱག་ལས་གནང་མཁན་ཞིག་ཡིན་སྟབས་༸གོང་ས་མཆོག་གིས་བཞུགས་སྒར་དུ་མང་གཙོའི་ལམ་སྲོལ་ལྡན་པའི་བཙན་བྱོལ་བོད་མིའི་གཞུང་གི་ལྟེ་གནས་ཤིག་ཆེད་འཛུགས་གནང་བ་དེར་དུས་རྟག་ཏུ་གུས་བརྩི་དང་ཡི་རང་ཞུ་བཞིན་ཡོད་པ་འགྲེལ་བརྗོད་དང་འབྲེལ། ང་ཚོའི་ངོས་ནས་མུ་མཐུད་རྒྱབ་སྐྱོར་དང་དགོས་ངེས་ཀྱི་མཐུན་འགྱུར་ཁག་གནང་གི་ཡིན་ཞེས་གསུངས་སོང་།    དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་གཞོན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Vern Buchanan ལགས་ནས་འཚམས་གཟིགས་འདི་བརྒྱུད་ཨ་རི་དང་བོད་མིའི་དབར་འབྲེལ་བ་དེ་དག་སྔར་ལྷག་གོང་འཕེལ་ཡོང་རྒྱུ་དང་། ལྷག་པར་དུ་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀའི་འཐུས་མི་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་དྲུག་༸གོང་ས་མཆོག་དང་མཇལ་མོལ་གྱིས་མགོན་པོ་༸གང་ཉིད་མཆོག་གི་མ་འོངས་དགོངས་གཞིའི་ཐོག་གྲོས་བསྡུར་གནང་ཡོད་པ་དང་། ༸སྐུའི་དགོངས་བཞེད་ཁག་གྲུབ་ཐབས་སུ་འབད་བརྩོན་ཞུ་ཡི་ཡིན་ཞེས་གསུངས་སོང་།  ཐེངས་འདིའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་རྣམ་པ་དང་༸གོང་ས་མཆོག་གི་མཇལ་མོལ་དེའི་སྐབས་ཆེས་མཐོའི་སྐུ་ཚབ་རྣམ་པའི་སྐུ་ཟླ་གཙོས་པའི་ནང་མི་དང་། རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་པ་ཆེན་པོ་དང་གཞུང་འབྲེལ་ལས་བྱེད་བཅས་ཁྱོན་མི་སྣ་སུམ་ཅུ་ཙམ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་གཙོ་གྱུར་འབྲེལ་ཡོད་ལས་བྱེད་བཅས་ཕེབས་ཡོད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་མཇལ་མོལ་གནང་རྗེས་མགོན་པོ་མཆོག་དང་དགུང་ཚིགས་ལྷན་བཞེས་གནང་ཡོད་པ་མ་ཟད། དེ་བཞིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་མཇལ་ལ་ཕེབས་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཐེངས་འདིའི་འཚམས་གཟིགས་དང་འབྲེལ་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་དགོང་ལོ་བགྲེས་པོར་ཕེབས་མིན་ལ་ལྟོས་མེད་བཞུགས་སྒར་དུ་ཆེད་ཕེབས་གནང་བ་འདི་ནི་ཆབ་སྲིད་ཀྱི་ཐོག་ནས་གལ་ཆེ་མཚོན་གྱི་ཡོད་པ་གསུངས་སོང་། གཞི་རྩའི་ཆེས་མཐོའི་སྐུ་ཚབ་རྣམ་པ་དེ་རིང་སྔ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ལྷན་རྒྱས་དང་མཇལ་མོལ་གནང་ཡོད་པ་དང་སྐབས་དེར་སྐུ་ཞབས་ David Price ལགས་ནས་ཨ་རིའི་ངོས་ནས་བོད་མིའི་རང་དབང་བསྐྱར་གསོ་དང་རིག་གཞུང་སྲུང་སྐྱོབ་གནང་མཁན་གྱི་སྒྲིག་འཛུགས་དང་བོད་མིར་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་གསུངས་ཡོད། ཉིན་རྒྱབ་ཏུ་བོད་མི་མང་སྤྱི་འཐུས་ལྷན་ཁང་ལ་འཚམས་གཟིགས་དང་འབྲེལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་དབུས་པའི་སྤྱི་འཐུས་རྒྱུན་ལས་རྣམས་དང་ལྷན་ནང་མོལ་ལྷན་འཛོམས་ཤིག་གནང་ཡོད། གཞི་རྩའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་རྣམ་པ་ཁ་སང་བཞུགས་སྒར་དུ་ཕེབས་འབྱོར་བྱུང་ཡོད་པ་དང་། ཁོང་རྣམ་པའི་བཞུགས་གཞག་ཉིན་གཅིག་ཡོད་པའི་ཁྲོད་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་དང་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མི་སྣར་གསུང་བཤད་གནང་ཡོད་པ་རེད།    

ཐེ་ཝན་ནང་དགེ་ལྡན་སྨོན་ལམ་ཆེན་མོ་འཚོགས་བཞིན་པ།

འཇམ་མགོན་༸རྒྱལ་བའི་གདུང་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས་མཆོག་དབུ་བཞུགས་ཐོག་ཐེ་ཝན་དུ་དགེ་ལུགས་སྨོན་ལམ་ཆེན་མོ་ཐེངས་གཉིས་པ་དབུ་འཛུགས་གནང་འདུག ཁ་སང་ཟླ་ ༨ ཚེས་ ༢ ཉིན་ཐེ་ཝན་ནང་རྟེན་གཞི་བྱས་པའི་ཐེ་ཝན་དགེ་ལུགས་མཐུན་ཚོགས་ཀྱིས་འཇམ་མགོན་བླ་མ་༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་གདུལ་བྱ་རྟག་འཛིན་ཅན་གྱི་ངོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་མི་ལོ་ཧྲིལ་པོ་ ༦༠༠ འཁོར་བ་དང་བསྟུན་༸རྗེ་བདག་ཉིད་ཆེན་པོའི་བཀའ་དྲིན་རྗེས་དྲན་ཞུ་སླད་ཡུལ་དེའི་ནང་དགེ་ལྡན་སྨོན་ལམ་ཆེན་མོ་ཐེངས་གཉིས་པ་གོ་སྒྲིག་ཞུས་ཡོད་པ་ལྟར། ཐེངས་འདིའི་སྨོན་ལམ་ཆེན་མོའི་ཐོག་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་༸དགའ་ལྡན་ཐོག་ ༡༠༤ པ་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་དབུས་པའི་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་མཆོག་དང་། གྲྭ་བཙུན་དང་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས། དེ་བཞིན་ཐེ་ཝན་དགེ་ལུགས་པའི་ཆོས་པ་དང་དགོན་ཁག་གི་སྐུ་ཚབ། ཚོགས་སྡེ་ཁག་གི་འཐུས་མི་དང་མང་ཚོགས་བཅས་ཁྱོན་ཚོགས་བཅར་བ་མི་གྲངས་ ༡༥༠༠ ལྷག་ནས་ལྷན་ཞུགས་གནང་འདུག མཛད་སྒོའི་ཐོག་མར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དུས་ཚིགས་འདིའི་ཐོག་ནས་ང་ཚོ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རྗེས་འཇུག་སེར་སྐྱ་ཡོངས་ནས་༸རྗེ་རིན་པོ་ཆེ་མཆོག་ལ་རྗེས་དྲན་ཞུ་སྟངས་གཙོ་བོ་ནི་རིན་པོ་ཆེ་མཆོག་གི་རླབས་ཆེན་མཛད་རྗེས་གང་བསྐྱངས་ཡོད་པ་དེ་ལས་མིག་དཔེ་བླངས་ཏེ་དེའི་ཐད་མདུན་སྐྱོད་གནང་གལ་ཡིན་པ་དང་ལྷག་དོན་ནང་པའི་གཞུང་ལུགས་དག་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་ཉམས་ལེན་དང་དེ་རྣམས་ཤེས་པའི་སྟེང་ནས་རང་རྒྱུད་ཇེ་བཟང་དུ་གཏང་དགོས་པའི་ལམ་སྟོན་བསྩལ་འདུག ཤར་པ་ཆོས་རྗེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་གིས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་གི་རྗེས་འཇུག་པ་རྣམས་ནས་རིན་པོ་ཆེ་མཆོག་ལ་རྗེས་སུ་ཡི་རང་གི་སྒོ་ནས་འདི་ལྟ་བུའི་སྨོན་ལམ་གོ་སྒྲིག་ཞུས་པར་བསྔགས་བརྗོད་དང་འབྲེལ། དེ་རིང་གི་སྨོན་ལམ་འདི་ནི་གཙོ་བོ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་མི་ལོ་ ༦༠༠ འཁོར་བའི་དུས་ཚིགས་ལ་རྗེས་དྲན་ཞུ་སླད་གོ་སྒྲིག་གནང་བ་ཞིག་ཡིན་སྟབས། སྨོན་ལམ་དེ་ངེས་པར་དུ་གནད་ལ་སྨིན་པ་ཞིག་གནང་གལ་ཡིན་པ་གསུངས་འདུག   བྱང་རྩེ་ཆོས་རྗེ་༸སྐྱབས་རྗེ་སྒོ་སོག་རིན་པོ་ཆེ་ངག་དབང་གསུང་རབས་བསྟན་འཛིན་དགེ་ལེགས་མཆོག་གིས་ཐེ་ཝན་ནང་དགེ་ལུགས་སྨོན་ལམ་ཆེན་མོ་ཐོག་མ་དབུ་འཛུགས་གནང་ཕྱོགས་དང་ཁྱད་པར་དུ་འདི་ལོའི་དགེ་ལྡན་སྨོན་ལམ་འདི་ནི་སྔར་དང་མི་འདྲ་བ་གཙོ་བོ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་མི་ལོ་ཧྲིལ་པོ་ ༦༠༠ འཁོར་བའི་རྗེས་དྲན་དང་འབྲེལ་ཏེ་གནང་བ་ཞིག་ཡིན་སྐོར་གསུངས་པ་དང་སྦྲགས། སྨོན་ལམ་འདི་ལྟ་བུ་ནི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་མཛད་ཆེན་བཞིའི་ནང་ནས་ཡ་གྱལ་གྱི་ཆོས་འཕྲུལ་སྨོན་ལམ་ཆེན་མོ་ཞེས་པ་དེ་ཆགས་ཀྱི་ཡོད་པར་བཀའ་བསྩལ་བ་མ་ཟད། ༸རྗེ་ཙོང་ཁ་པ་ཆེན་པོས་བྱམས་ཆུབ་ཀྱི་སེམས་དེ་ཉམས་ལེན་གྱི་གནད་ཆེར་བཀའ་བསྩལ་དོན་ལྟར་ཉམས་ལེན་གྱི་སྙིང་པོར་བཟུང་ནས་འབད་དགོས་པའི་ནན་སྐུལ་གནང་འདུག རྩ་བའི་ཐེ་ཝན་ནང་སྔ་ལོར་དགེ་ལུགས་སྨོན་ལམ་ཆེན་མོ་གོ་སྒྲིག་གནང་ཡོད་པ་དང་། ད་ལན་འདི་ཐེངས་གཉིས་པ་ཆགས་ཀྱི་ཡོད་པ་རེད། བརྒྱུད་ལག་ཁག་ཏུ་དེའི་སྐོར་གནས་ཚུལ་ཐོན་པར་ད་ལན་ཐེ་ཝན་དུ་ཚོགས་པའི་དགེ་ལུགས་སྨོན་ལམ་ཐེངས་གཉིས་པའི་ཐོག་རྒྱ་གཞུང་གིས་དམ་དྲག་བྱས་པར་བརྟེན་རྒྱ་ནག་རང་ནས་དད་ལྡན་མི་གྲངས་ ༥༠ ལྷག་ཚོགས་བཅར་གནང་ཐུབ་མེད་པ་བཀོད་འདུག དགེ་ལྡན་གྱི་སྨོན་ལམ་ཆེན་མོ་དེ་ཟླ་ ༨ ཚེས་ ༢ ཉིན་ནས་དབུ་འཛུགས་ཀྱིས་ཚེས་ ༤ བར་ཉིན་གྲངས་གསུམ་གྱི་རིང་འཚོགས་གནང་གི་ཡོད་པ་རེད།

Latest news