Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

ཡོ་རོབ་བོད་ཀྱི་ཕོར་པ་ཐེངས་བཅིུག་པ་དབུ་འཛུགས།

༢༠༡༩ ལོའི་ཡོ་རོབ་བོད་ཀྱི་ཕོར་པ་ཞེས་པའི་ཡོ་རོབ་གནས་སྡོད་བོད་མིའི་ནང་ཁུལ་བར་གྱི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་༡༡པ་ཁ་སང་ཕྱི་ཚེས་༡༥ཉིན་སྦེལ་ཇམ་ནང་དབུ་འཛུགས་གནང་ཡོད་ཅིང། འདི་ལོའི་རྩེད་འགྲན་འདིའི་ཐོག་ཡོ་རོབ་རྒྱལ་ཁབ་ཁག་དྲུག་ནས་བོད་མིའི་རྐང་རྩེད་སྤོ་ལོའི་རུ་ཁག་༡༩ནས་མཉམ་ཞུགས་གནང་འདུག ཁ་སང་ཉིན་དང་པོའི་དབུ་འབྱེད་རྩེད་འགྲན་དེ་བཞིན། སྦེལ་ཇམ་ United Tibet རུ་ཁག་དང་ཧོར་ལེནཊ་ Team Tibet རུ་ཁག་བར་རྩེད་འགྲན་གནང་བར་ཕན་ཚུན་སྤོ་ལོ་གཅིག་གཅིག་གི་འདྲ་མཉམ་ཆགས་འདུག་པ་དང།  དེ་བཞིན་དུས་མཉམ་གྱི་དབུ་འབྱེད་རྩེད་འགྲན་གཞན་འདིར་ཕ་རན་སི་ Yak Boys United  རུ་ཁག་དང་། Paris United རུ་ཁག་བར་གྱི་རྩེད་འགྲན་དེ་ཡང་ཕན་ཚུན་སྤོ་ལོ་གཅིག་གཅིག་གིས་འདྲ་མཉམ་ཆགས་འདུག རྩ་བའི་ཡོ་རོབ་བོད་ཀྱི་ཕོར་པ་ཞེས་པའི་ཡོ་རོབ་བོད་མིའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་དེ་ནི་ཐོག་མར་ཕྱི་ལོ་༢༠༠༨ལོར་སྦེལ་ཇམ་ནང་དུ་སྦེལ་ཇམ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་གིས་དབུ་འཛུགས་གནང་བ་ཞིག་ཡིན་འདུག་ཅིང། རྩེད་འགྲན་འདིའི་དམིགས་ཡུལ་གཙོ་བོ་ནི་ཡོ་རོབ་རྒྱལ་ཁབ་ཁག་ཏུ་གནས་སྡོད་བྱེད་བཞིན་པའི་བོད་མི་སྐྱབས་བཅོལ་བ་གཞོན་སྐྱེས་ནང་ཁུལ་བར་ཕན་ཚུན་ངོ་ཤེས་དང་འབྲེལ་ལམ་འཛུགས་རྒྱུ།  དེ་བཞིན་བོད་རིགས་གཞོན་སྐྱེས་ཚོས་དགའ་མོས་ཆེན་པོ་བྱེད་བཞིན་པའི་རྐང་རྩེད་སྤོ་ལོའི་རྩེད་མོ་འདིར་ཆེ་་མཐོང་གིས་རྩེད་འགྲན་གྱི་སྡིངས་ཆ་ཞིག་བསྐྲུན་ནས་གཞོན་སྐྱེས་ཚོའི་རྐང་རྩེད་སྤོ་ལོའི་ཆུ་ཚད་ཡར་རྒྱས་གོང་འཕེལ་ཡོངས་ཐབས་བཅས་ལ་དམིགས་པ་ཞིག་རེད་འདུག ཡོ་རོབ་བོད་ཀྱི་ཕོར་པ་ཞེས་པ་འདི་ནི་ཡོ་རོབ་ནང་གི་བོད་མིའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཆེས་ཤོས་ཤིག་ཆགས་ཀྱི་འདུག་པ་དང། རྩེད་འགྲན་དེ་ཐོག་མར་གོ་སྒྲིག་གནང་ནས་བཟུང་ད་བར་ལོ་རེ་བཞིན་མཉམ་ཞུགས་བྱེད་མཁན་རུ་ཁག་ཇེ་མང་དུ་ཕྱིན་ཏེ། ད་ལོ་ཆ་མཚོན་པ་ཡིན་ན། ཡོ་རོབ་རྒྱལ་ཁབ་ཕ་རན་སི་དང། ཇར་མི་ནི། སུད་སི། ཨོ་སི་ཏི་རིཡ། ཧོ་ལེནཊ། ཕ་རན་སི། སྦེལ་ཇམ་བཅས་རྒྱལ་ཁབ་དྲུག་ནས་བོད་མིའི་རྩེད་འགྲན་རུ་ཁག་༡༩་མཉམ་ཞུགས་གནང་ཡོད་པ་རེད། རྩ་བའི་རྩེད་འགྲན་དེ་བཞིན་སྦེལ་ཇམ་གྲོང་ཁྱེར་ Antwerpen ནང་ཁ་སང་ཕྱི་ཚེས་༡༥ནས་དབུ་འཛུགས་ཀྱིས་ཕྱི་ཚེས་༡༩བར་ཉིན་གྲངས་དྲུག་རིང་རྩེད་འགྲན་གནང་འཆར་ཡོད་པ་དང་། རྩེད་འགྲན་མཐའ་མ་དེ་ཟླ་བ་འདིའི་ཕྱི་ཚེས་༡༩རེ་གཟའ་པ་སངས་ཉིན་རྩེད་གནང་གི་འདུག རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་འདི་ལོའི་རྩེད་འགྲན་ཨང་དང་པོར་གཟེངས་རྟགས་བྱ་དགའ་དང་ལྷན་དུ་ཡོ་རོབ་སྒོར་༤༠༠༠་དང་ཨང་གཉིས་པར་ཡོ་རོབས་སྒོར་༡༥༠༠། བཟང་སྤྱོད་ལེགས་པའི་རུ་ཁག་ལ་ཡོ་རོབ་སྒོར་༥༠༠དང། སྤོ་ལོ་མང་ཤོས་ལྡུག་མཁན་ལ་ཡོ་རོབ་སྒོར་༢༥༠བཅས་ཆགས་ཀྱི་འདུག གོ་སྒྲིག་ཚོགས་ཆུང་ནས་ཉིན་རེའི་རྩེད་འགྲན་ཆ་ཚངས་ Youtube དྲ་གནས་ཐོག་ཐད་གཏོང་གནང་གི་འདུག

རྒྱ་གར་གྱི་ས་ཐོག་ཏུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་གནང་་རྒྱུར་བཀག་འགོག

འདིའི་ལོའི་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་ཉིན་མོར་རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་ཆགས་པའི་བོད་དང་རྒྱ་གར་གྱི་ས་མཚམས་རྡོ་ལྷ་ཞེས་པའི་ཁུལ་དུ་རྒྱ་ནག་གི་དམག་མི་རུ་ཁག་གཅིག་ནས་རྒྱལ་མཚམས་བརྒལ་ཏེ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུར་བཀག་འགོག་བྱས་ཏེ་ཁུལ་དེའི་ཉེ་འཁྲིས་སུ་རྒྱའི་རྒྱལ་དར་དང་འཕྲེད་དར་སོགས་སྒྲེང་འཛུགས་བྱས་པའི་གནས་ཚུལ་ཐོན་འདུག ཟླ་བ་འདིའི་ཚེས་ ༡༡ ཉིན་སྤྱི་ཚོགས་དྲྭ་ལམ་ཐོག་ལ་དྭགས་བྱང་ཐང་ཀོ་ཡུལ་འབྲོག་སྡེའི་མགོ་བ་ཨོ་རྒྱན་ཆོས་སྒྲོན་ལགས་ཀྱིས་རྒྱལ་ཁབ་འཇིགས་སྐུལ་གྱི་འོག་ཏུ་འགྲོ་བཞིན་འདུག་ཅེས་པའི་གནས་ཚུལ་ཞིག་སྤེལ་འདུག་པ་དང་། ཁོང་གིས་གནས་ཚུལ་སྤེལ་བའི་ནང་ལོ་ལྟར་ཕྱི་ཟླ་ ༧ ཚེས་ ༦ ཉིན་ལ་དྭགས་ས་མཚམས་ཀྱི་ཉེ་འདབས་སུ་ཆགས་པའི་བདེ་མཆོག་དང་། ཀོ་ཡུལ། དེ་བཞིན་སྡུམ་རྩེ་བཅས་ཀྱི་ས་ཁུལ་ཁག་ཏུ་ཆགས་པའི་ལ་དྭགས་ཡུལ་མི་དང་བོད་རིགས་རྣམས་རྡོ་ལྷ་ཞེས་པའི་ས་ཁུལ་དུ་ལྷན་འཛོམས་ཐོག་རྒྱ་གར་གྱི་རྒྱལ་དར་དང་བོད་ཀྱི་རྒྱལ་དར། དེ་བཞིན་ནང་པའི་ཆོས་དར་སོགས་སྒྲེང་འཛུགས་གནང་སྟེ། ༸རྒྱལ་བའི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་གདན་ཞུས་ཀྱིས་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུ་བཞིན་ཡོད་ཀྱང་། འདི་ལོའི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་སྐབས་རྒྱ་གར་གྱི་ས་མཚམས་ནས་སྤྱི་ ༦ ལྷག་ཙམ་གྱི་ས་ཐོག་ཏུ་རྒྱའི་དམག་མི་རུ་ཁག་ཞིག་ནས་རྒྱལ་མཚམས་བརྒལ་ཏེ་དེར་རྟོག་ཞིབ་བྱ་བར་ཡོང་བ་ཡིན་ཚུལ་དང་འབྲེལ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་མི་ཆོག་པ་བརྗོད་དེ་ཁུལ་དེའི་ཉེ་འཁྲིས་སུ་རྒྱ་ནག་གི་རྒྱལ་དར་དང་འཕྲེད་བར་བཅས་སྒྲེང་འཛུགས་བྱས་ཡོད་སྐོར་གྱི་གནས་ཚུལ་སྤེལ་འདུག དེ་བཞིན་པར་རིས་ཁག་གཅིག་མཉམ་སྤེལ་གནང་བའི་ཁྲོད་ཁུལ་དེའི་འབྲོག་པའི་རྩྭ་ཐང་གི་སྟེང་དུ་རྒྱ་རིགས་ཁག་གཅིག་དང་ལྷན་དུ་སྣུམ་འཁོར་གསུམ་དང་། རྒྱ་ནག་གི་རྒྱལ་དར་གཉིས་དང་འཕྲེད་དར་བཅས་སྒྲེང་འཛུགས་བྱས་པ་མངོན་རྒྱུ་འདུག རྒྱ་གར་གི་གསར་ཁང་ the economic times ཡིས་གནད་དོན་དེ་དང་འབྲེལ་ཨོ་རྒྱན་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་ཁུལ་དེར་༸རྒྱལ་བའི་འཁྲུངས་སྐར་སྲུང་བརྩི་ཞུས་ནི་ཐེངས་དང་པོ་ཞིག་མིན་པ་དང་ད་རེས་རྒྱ་ནག་གི་རུ་ཁག་གཅིག་ཁུལ་དེར་རྟོག་ཞིབ་བྱ་བར་ཡོང་དོན་གང་ཡིན་དང་། རྒྱ་ནག་ལ་འབྲེལ་ལམ་བྱ་རྒྱུའི་འཕྲུལ་ལས་ཡོད་བཞིན་དུ་རྒྱ་གར་གྱི་ས་སྲུང་དམག་མིར་བརྡ་ལན་ཙམ་ཡང་མ་བྱས་པར་རྒྱ་གར་གྱི་ས་ཐོག་ཏུ་ཡོང་དོན་གང་ཡིན་ནམ་ཞེས་དྲི་བའི་ཚུལ་དུ་བརྗོད་དེ། རྒྱ་གར་གྱི་ས་ཐོག་ཏུ་རྒྱལ་ཁབ་གཞན་ཞིག་གིས་རྒྱལ་དར་སྒྲེང་འཛུགས་བྱས་པ་ནི་གསང་བའི་དམིགས་ཡུལ་ཆེན་པོ་ཞིག་ཡོད་པ་དང་། ལྷག་པར་དུ་འབྲོག་པ་རྣམས་ཀྱི་དགུན་ཁའི་རྩྭ་ཐང་དེ་དག་ཧམ་བཟུང་བྱ་རྒྱུར་དམིགས་པ་ཞིག་ཡིན་པར་བརྗོད་འདུག རྩ་བའི་སྤྱི་ཚོགས་དྲྭ་ལམ་ཐོག་ཏུ་ཕྱི་ཟླ་ ༧ ཚེས་ ༦ ཉིན་ཁུལ་དེར་གནས་པའི་ཡུལ་མི་དང་བོད་རིགས་ཚོས་བོད་རང་གི་ཐུན་མིན་གཟབ་ཆས་ལེགས་པར་སྤྲས་ནས་༸གོང་ས་མཆོག་གི་༸སྐུ་པར་གདན་ཞུ་གནང་ཐོག་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་པའི་བརྙན་པར་ཡང་མངོན་རྒྱུ་ཡོད་ནའང་། མིང་མངོན་གསལ་མེད་པའི་རྒྱ་གར་གཞུང་གི་ལས་བྱེད་པ་ཞིག་ནས་རྒྱ་གར་གྱི་གསར་ཁང་ the economic times ཞེས་པར་སྐབས་དེར་རྒྱ་མི་སྐྱ་ཆས་སྤྲས་པའི་མི་གྲངས་བཅུ་གཅིག་ནས་བོད་དང་ཁ་བྲལ་གཏོང་བའི་བྱ་སྤྱོད་མཚམས་འཇོག་དགོས་ཞེས་པའི་འཕྲེད་དར་འཕྱར་བ་ལས་ས་མཚམས་བརྒལ་ནས་རྒྱ་གར་གྱི་ས་ཐོག་ཏུ་སླེབས་མེད་པར་བརྗོད་འདུག

  ༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་ལ་འདི་ལོའི་སྙིང་སྟོབས་གཟེངས་རྟགས་ཕུལ་བ།

༸སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གིས་མི་རིགས་ལ་བཞག་པའི་རླབས་ཆེན་གྱི་བྱས་རྗེས་མཚོན་པའི་ཁོང་གི་མཚན་གནས་རྗེས་འབྲེལ་གྱི་འདི་ལོ་ ༢༠༡༩ ལོའི་སྙིང་སྟོབས་གཟེངས་རྟགས་དེ་༸ཀུན་གཟིགས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཉི་མ་མཆོག་ལ་མཆོག་ལ་ཕུལ་འདུག  ཁ་ཉིན་ཕྱི་ཚེས་ ༡༢  ཉིན་༸སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གི་བཙོན་ཁང་དུ་སྐུ་གྲོངས་ཏེ་ལོ་ངོ་ཧྲིལ་པོ་ ༤ འཁོར་བའི་ཉིན་མོ་དང་བསྟུན། ཨིན་ཡུལ་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ལས་ཁུངས་སུ་ Free tibet ཞེས་པའི་ཚོགས་པས་གོ་སྒྲིག་འོག་རིན་པོ་ཆེ་མཆོག་རྗེས་དྲན་གྱི་སྙིང་སྟོབས་གཟེངས་རྟགས་ཐེངས་ ༤ པ་འབུལ་བའི་མཛད་སྒོ་ཚོགས་ཏེ་འདི་ལོའི་སྙིང་སྟོབས་གཟེངས་རྟགས་དེ་རྒྱ་ནག་གཞུང་གིས་དགུང་ལོ་ ༦ ཙམ་ནས་བཙན་ཁྲིད་བྱས་པའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་ཕུལ་ཡོད་པ་ལྟར། ཨིན་ཡུལ་དོན་གཅོད་བསོད་ནམས་ཚེ་རིང་ཕར་སི་ལགས་ཀྱིས་རིན་པོ་ཆེ་མཆོག་གི་སྐུ་ཚབ་ཞུས་ཏེ་གཟེངས་རྟགས་བཞེས་འདུག  སྐབས་དེར་དོན་གཅོད་མཆོག་གིས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གཟེངས་རྟགས་ཀྱི་ཡུལ་དངོས་ལ་ཕེབས་ནས་གཟེགས་རྟགས་བཞེས་ཐུབ་མེད་པར་བརྟེན་ཁོང་གི་ཚབ་ཞུས་ནས་གཟེངས་རྟགས་དེ་བཞེས་དུས་སེམས་པ་སྐྱོ་བོ་བྱུང་སོང་ཞེས་གསུངས་པ་དང་སྦྲགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་གཟེངས་རྟགས་ཀྱི་མཛད་སྒོ་ཚོགས་པ་དེས་བོད་ནང་གི་བོད་མི་རྣམས་ལ་སེམས་ཤུགས་འཕར་མ་ཞིག་བསྩལ་ཡོད་པར་གསུངས་ཏེ། མཛད་སྒོ་བསྐོང་ཚོགས་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དང་སྟབས་བསྟུན་༸པཎ་ཆེན་ཆུང་སྲིད་མཆོག་གང་མྱུར་གློད་བཀྲོལ་ཡོང་བ་དང་རིན་པོ་ཆེ་མཆོག་༸སྐུ་ཚེ་ཡུན་རིང་བསྟན་པའི་སྨོན་འདུན་ཞུས་འདུག རྩ་བའི་འདི་ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐེངས་ ༤ པའི་འོས་མིའི་ཁོངས་སུ་༸པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག བོད་ནང་གི་རྩོམ་པ་པོ་འབྲུག་ལོའམ་ཞོགས་ལྗང་ལགས་དང་། ལོ་ ༡༥ རིང་རྒྱའི་བཙོན་འོག་ཏུ་ཚུད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་འཇིགས་མེད་རྒྱ་མཚོ་ལགས། དེ་བཞིན་མཆོད་མེ་བོད་ཀྱི་རྩོམ་རིག་དྲྭ་བ་གསར་དུ་འཛུགས་མཁན་དང་རྩོམ་སྒྲིག་པ་དཀོན་མཆོག་ཚེ་དཔལ་ལགས། སྙན་ངག་པ་བཀྲ་ཤིས་རབ་བརྟན་ནམ་ས་ཕྱི་ལོའི་ཞི་རྒོལ་སྐབས་ཀྱི་ཡུལ་དངོས་ཀྱི་བྱུང་བ་རྩོམ་མཁན་ཐེའུ་རང་ལགས་བཅས་བདམས་ཡོད་པ་རེད། དེ་བཞིན་སྐབས་དེར་བོད་ཀྱི་ཆབ་སྲིད་བཙོན་པ་གྲགས་ཅན་གྲྭ་འཇིགས་མེད་རྒྱ་མཚོ་ལགས་ཀྱིས་བོད་མི་རིགས་ཀྱི་རང་དབང་གི་ཆེད་དུ་མི་ལོ་ཧྲིལ་པོ་སུམ་ཅུ་ལྷག་ལ་བཙོན་དུ་སྡུག་སྦྱོང་མནར་གཅོད་མྱངས་པའི་ཐད་ཀྱི་དུས་ཐུང་གི་གློག་བརྙན་ཞིག་གཟིགས་འབུལ་ཞུས་ཏེ། དམ་པ་གང་གིས་སྐུ་ཚེ་གང་བོར་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་ཆེད་དུ་བློས་བཏང་གནང་ནས་མཛད་རྗེས་རླབས་ཆེན་བཞག་ཡོད་པར་ངོས་འཛིན་ཟབ་མོ་ཞུས་པའི་ཐོག་ནས་ཁོང་ཕྱི་ལོ་ ༢༠༡༨ ལོར་སྐུ་ཚེ་མ་ཟིན་པར་དགོངས་པ་གཞན་དོན་དུ་གཤེགས་པར་མྱ་ངན་ཞུས་འདུག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྙིང་སྟོབས་གཟེངས་རྟགས་དེ་ནི་ ༢༠༡༦ ལོ་ནས་བཟུང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གིས་ཐོག་མར་གསར་འཛུགས་ཀྱིས་ད་བར་བོད་ཀྱི་སྨན་པ་དང་ཆབ་སྲིད་བཙོན་ཟུར་ཡེ་ཤེས་ཆོས་སྒྲོན་ལགས་དང་། སྐད་ཡིག་གི་ཐོབ་ཐང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས། དེ་བཞིན་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ལགས་དང་མགོ་ལོག་འཇིགས་མེད་བཅས་ལ་ཕུལ་ཡོད་པ་རེད།  རྩ་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༥༠ ཟླ་ ༩ ཚེས་ ༢༥ ཉིན་ལི་ཐང་རྫོང་བདེ་སྐྱིད་གྲོང་དུ་སྐུ་འཁྲུངས་ཤིང་། དགུང་ལོ་བདུན་གྱི་སྟེང་ལི་ཐང་དགོན་ཆེན་དུ་ཆོས་སྒོར་ཞུགས་ཡོད་པ་དང་། ཕྱི་ལོ་ ༡༩༨༢ ལོར་རྒྱ་གར་དུ་ཕེབས་ཏེ་༸གོང་ས་མཆོག་གི་བཀའ་དགོངས་ལྟར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཕེབས་ཡོད་པ་དང་། ཕྱི་ལོ་ ༡༩༨༣ ལོར་༸གོང་ས་མཆོག་ནས་དགེ་བཤེས་ཨ་དམ་ཕུན་ཚོགས་ཀྱི་ཡང་སྲིད་དུ་ངོས་འཛིན་ཕྱག་རྟགས་མཛད་ཅིང་མཚན་ལ་བསྟན་འཛིན་བདེ་ལེགས་ཞེས་གསོལ། ཕྱི་ལོ་ ༡༩༨༧ ལོར་ཕ་ཡུལ་གྱི་སེར་སྐྱ་མི་མང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཕྱིར་བོད་དུ་ཕེབས་ཏེ་བོད་ཀྱི་ཆོས་རིག་འཛིན་སྐྱོང་གི་ཕྱག་ལས་རྒྱ་ཆེར་གནང་བ་མ་ཟད་བོད་ཀྱི་རང་བྱུང་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་གཅེས་སྲུང་གི་ལས་འགུལ་སྤེལ་བ། དེ་བཞིན་བོད་ཁུལ་དུ་རྒན་གསོ་ཁང་དང་ད་ཕྲུག་སློབ་གྲ་ཆེད་འཛུགས་ཀྱིས་སྤྱི་ཚོགས་ལ་ཕན་པའི་རླབས་ཆེན་གྱི་ཕྱག་ལས་རྒྱ་ཆེར་གནང་ཡོད་ནའང་། རྒྱ་ནག་གིས་ཁོང་གྲོང་ཁྱེར་ཁྲིན་ཏོའུ་རུ་འགལ་རྫས་གས་གཏོར་གྱི་དོན་རྐྱེན་ཞིག་ལ་བསྙད་བཏངས་ནས་འཛིན་བཟུང་བྱས་ཏེ་ཕྱི་ལོ་ ༢༠༠༢ ནས་བཟུང་མི་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་དེ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བར་བརྟེན།  ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༧ ཚེས་ ༡༢ ཉིན་ཁོང་རྒྱ་ནག་གི་བཙོན་ཁང་དུ་འདས་གྲོངས་སུ་གྱུར་ཡོད་པ་རེད།  

སུད་སི་ནང་སཱི་ཤེས་ཡོན་སློབ་གསོའི་ལས་རིམ་གཉེར་བ།

སུད་སིར་ཁུལ་གྱི་བོད་པའི་སློབ་གྲྭ་ཁག་གི་འབྲེལ་ཡོད་དགེ་ལས་དང་དེ་བཞིན་བོད་མིའི་གཞུང་འབྲེལ་མིན་པའི་ལས་གནས་གཉེར་མཁན་སོགས་ཚོགས་བཅར་ ༤༠ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཞིར་བཟུང་ SEE Learning འམ་སཱི་ཤེས་ཡོན་སློབ་གསོའི་ལས་རིམ་སྤྱི་ཚོགས་དང་སེམས་མྱོང་། བཟང་སྤྱོད་བཅས་ཀྱི་ཤེས་ཡོན་སློབ་གསོའི་སྒྲོམ་གཞི་ངོ་སྤྲོད་དང་ཟབ་ཁྲིད་ཀྱི་ལས་རིམ་ཞིག་གཉེར་སོང་། ཟླ་བ་འདིའི་ཕྱི་ཚེས་ ༡༣ ཉིན་སུད་སི་རི་ཀོན་ཆོས་འཁོར་དགོན་གྱིས་གོ་སྒྲིག་འོག་ཛུ་རིག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཛུ་རིག་དགེ་འོས་གཙུགས་ལག་སློབ་གཉེར་ཁང་དུ་ཚོགས་ཡོད་ཅིང། ཉིན་གཅིག་གི་ལས་རིམ་ཐོག་ཚོགས་བཅར་རྣམས་ལ་ཨ་རི་ཨེ་མོ་རིའི་སཱི་ཤེས་ཡོན་གསོའི་རྒྱལ་སྤྱིའི་འབྲེལ་མཐུད་པ་བརྩོན་འགྲུས་བསམ་འཕེལ་ལགས་ཀྱིས་སཱི་ཤེས་ཡོན་སློབ་གསོའི་རྒྱབ་ལྗོངས་དང་། སྒྲོམ་གཞི། དེ་བཞིན་སཱི་ཤེས་ཡོན་སློབ་གསོ་དང་འབྲེལ་བཟོ་སྐྲུན་ཞུས་པའི་དྲྭ་རྒྱ་བཀོལ་སྤྱོད་བྱེད་སྟངས་སོགས་ངོ་སྤྲོད་དང་ཟབ་ཁྲིད་གནང་བ་མ་ཟད། ལས་གཞི་དེའི་ཐོག་གོ་བསྡུར་སྦྱང་བཤད་སོགས་ཀྱང་གནང་ཡོད་པ་རེད། སྐབས་དེར་རླུང་འཕྲིན་ཁང་ནས་ལས་རིམ་གོ་སྒྲིག་ཞུ་མཁན་རི་ཀོན་ཆོས་འཁོར་དགོན་གྱི་ཚོགས་གཙོ་འབུམ་རམས་པ་ཀརྨ་པ་བློ་བཟང་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་༸གོང་ས་མཆོག་གི་དགོངས་པ་གཏིང་ཟབ་དང་གལ་ཆེ་ཤེས་ཤིག་ལ་གཟིགས་ནས་མཛད་པའི་ཤེས་ཡོན་སློབ་གསོ་འདི་ སྤྱི་ཚོགས་ནང་འབད་བརྩོན་ལག་བསྟར་གནང་རྒྱུ་ནི་རི་ཀོན་ཆོས་འཁོར་དགོན་ནས་འོས་འགན་གལ་ཆེ་ཞིག་ལ་ངོས་འཛིན་ཞུ་བཞིན་པ་ལྟར་ད་རེས་གོ་སྒྲིག་དེ་ལྟར་ཞུས་ཡོད་སྐོར་གསུངས་སོང་།   རྩ་བའི་འདི་ལོའི་ཕྱི་ཟླ་ ༤ པའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན ཆེན་པོ་མཆོག་གིས་སཱི་ཤེས་ཡོན་སློབ་གསོའི་བསླབ་གཞི་དང་དྲྭ་རྒྱ་དངོས་སུ་དབུ་འབྱེད་བཀྲིན་བསྐྱངས་ཡོད་ཅིང་།  དེ་བཞིན་ཤེས་ཡོན་སློབ་གསོ་དེ་དང་འབྲེལ་བའི་རྒྱུན་སྤྱོད་ལག་དེབ་ཅིག་ད་ཆ་འཛམ་གླིང་ནང་གི་སྐད་ཡིག་མི་འདྲ་བ་ ༡༢ ནང་ཕབ་སྒྱུར་གནང་ཡོད་པ་མ་ཟད་སཱི་ཤེས་ཡོན་སློབ་ལས་རིམ་དེ་ད་བར་ཨེ་ཤ་ཡ་དང་ཡོ་རོབ། ལྷོ་ཨ་མི་རི་ཀ་བཅས་རྒྱལ་ཁབ་ཁག་བརྒྱད་ནང་གི་ཤེས་ཡོན་སྡེ་ཁག་ཏུ་ངོ་སྤྲོད་དང་ཟབ་ཁྲིད་གནང་འདུག   ལས་གཞི་དེ་ཟབ་ཁྲིད་གནང་མཁནཨ་རི་ཨེ་མོ་རིའི་སཱི་ཤེས་ཡོན་གསོའི་རྒྱལ་སྤྱིའི་འབྲེལ་མཐུད་པ་བརྩོན་འགྲུས་བསམ་འཕེལ་ལགས་ཀྱིས་ད་རེས་སུད་སི་ནང་སཱི་ཤེས་ཡོན་སློབ་གསོའི་ལས་གཞི་དེ་བོད་སྐད་རང་གི་ཐོག་ནས་ཟབ་ཁྲིད་གནང་བ་དེ་ཐོག་མ་ཆགས་ཀྱི་ཡོད་པ་དང་། ད་ཡོད་སཱི་ཤེས་ཡོན་སློབ་གསོ་ལས་རིམ་དེ་ཨ་རིའི་ཤེས་ཡོན་སློབ་གསོའི་སྒྲོམ་གཞིར་གཞི་བཅོལ་ནས་ཆེད་སྒྲིག་ཞུས་པ་ཞིག་ཡིན་སྟབས་རྒྱལ་ཁབ་གཞན་ཁག་ཏུ་བསླབ་གཞི་དེ་ངོ་སྤྲོད་དང་ཟབ་ཁྲིད་གནང་སྐབས་སུ་ས་གནས་སོ་སོའི་རིག་གཞུང་གི་རྒྱབ་ལྗོངས་དང་། ཤེས་ཡོན་གྱི་སྒྲོམ་གཞི། དེ་བཞིན་སྐད་ཡིག་བཅས་ཀྱི་ཆ་ནས་གདོང་ལེན་ཆེན་པོ་གནང་དགོས་པ་ཞིག་ཆགས་ཀྱི་འདུག་ཅེས་གསུངས་ཡོད། སུད་སི་ནང་བསྐོང་ཚོགས་གནང་བའི་སཱི་ཤེས་ཡོན་སློབ་གསོའི་ཟབ་ཁྲིད་ལས་རིམ་ཐོག་ས་གནས་སུ་ཡོད་པའི་ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་ཚོགས་པ་དང་སུད་སི་སྐུ་ཚབ་དོན་ཁང་། སུད་སི་དང་ལིག་ཏན་སིཊཡན་བོད་རིགས་མི་མང་སྐུ་ཚབ། ཁྱབ་ཁོངས་ཀྱི་གཟའ་མཇུག་སློབ་ཁག་གི་དགེ་ལས་དང་། དེ་བཞིན་ཡོ་རོབ་བོད་རིགས་གཞོན་ནུ། རི་ཀོན་ཆོས་འཁོར་དགོན་བཅས་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་སོགས་ནས་ཚོགས་བཅར་ཞུས་འདུག

བོད་རིགས་ན་གཞོན་ཚོ་བོད་པའི་སྤྱི་ཚོགས་སུ་ཞབས་འདེགས་ཞུ་རྒྱུ་གལ་ཆེན་པོ་རེད།  

དེ་རིང་སྔ་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུ་ཚན་པ་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་སྡེ་ཚན་འདྲ་མིན་ནང་དང་བླངས་ཞབས་ཞུ་ཞུ་བཞིན་པའི་བོད་པའི་གཞོན་སྐྱེས་ ༢༣ ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་འདུག སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་རྒྱ་མིས་ང་ཚོར་དབང་ཡོད་ག་ཚོད་བཤད་ཀྱང་བོད་མི་ཚོས་ད་བར་སེམས་ཤུགས་མ་ཆག་པར་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་མི་རིགས་ཀྱི་ཞེན་ཁོག་བཅས་རྩ་བར་བཟུང་ནས་གྱོང་ཐག་ཆོད་ངང་བསྡད་ཡོད་པ་དང་། བོད་པའི་གཞོན་སྐྱེས་ཚོའི་ངོས་ནས་མུ་མཐུད་བོད་པའི་སྤྱི་ཚོགས་ནང་ཞབས་འདེགས་ཞུ་རྒྱུ་དེ་གལ་ཆེན་པོ་རེད་ཅེས་བཀའ་ནན་བསྩལ་འདུག  དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སྐབས་རྒྱ་ནག་གི་དཔོན་རིགས་ཁྲོད་ལ་ད་བར་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་གྲུབ་འབྲས་ཐོན་གྱི་མེད་སྐོར་བརྗོད་མཁན་ཁག་གཅིག་འབྱུང་བཞིན་པ་བཀའ་འགྲེལ་དང་འབྲེལ། རིམ་པས་རྒྱ་ནག་ནང་ལའང་འགྱུར་བ་འགྲོ་བཞིན་ཡོད་སྟབས། བོད་མི་ཚོས་གཙོ་ཆེ་ཤོས་འཛམ་གླིང་ཐོག་ངོམས་སུ་ཆོག་པ་ཙམ་མ་ཟད། ཕན་ཐོགས་ཆེན་པོ་ཡོད་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཐོག་ཞེན་ཁོང་དང་སྤོབས་པ་བྱེད་འོས་པ་ཞིག་རེད་ཅེས་བཀའ་བསྩལ་འདུག      གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུ་ཚན་པ་དེ་ནི་ཕྱི་ལོ་ ༢༠༡༢ ལོར་གསར་འཛུགས་གནང་ཞིང་། ཚན་པ་དེས་རྒྱ་གར་གཙོ་གྱུར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཚར་ལོངས་འབྱུང་བཞིན་པའི་བོད་པའི་གཞོན་སྐྱེས་ཤེས་ཡོན་ཅན་ཚོར་བོད་མིའི་སྒྲིག་འཛུགས་གཙོས་བོད་པའི་སློབ་གྲྭ་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ལས་དོན་ནང་ཞབས་ཞུ་གནང་རྒྱུ་དང་བོད་པའི་གནས་སྟངས་རྒྱུས་ལོན་བྱེད་རྒྱུ་སོགས་ཀྱི་གོ་སྐབས་སྐྲུན་བཞིན་ཡོད་པ་རེད།

བོད་རྒྱ་འབྲེལ་མོལ་བསྐྱར་གསོའི་སླད་མཐུན་འགྱུར་གནང་ངེས་ཡིན།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༦ ཉིན་བཞུགས་སྒར་ནས་ཕེབས་ཐོན་གྱིས་ཡོ་རོབ་རྒྱལ་ཁབ་ཨི་ཊ་ལིའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། ཁ་ཉིན་ཕྱི་ཚེས་ ༡༠ ཉིན་སྲིད་སྐྱོང་མཆོག་ཨི་ཊ་ལིའི་བྱང་ཕྱོགས་སུ་ཆགས་པའི་ལོ་རྒྱུས་རང་བཞིན་ཅན་གྱི་ Canossa ས་གནས་སུ་དེ་སྔ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ནས་ལོ་ངོ་ ༢༠ འཁོར་བའི་བའི་དྲན་གསོའི་མཛད་རིམ་ཐོག་ལྷན་ཞུགས་གནང་སྟེ་བོད་དོན་གསུང་བཤད་དང་གནད་ཡོད་མི་སྣ་མཇལ་འཕྲད་སོགས་གནང་འདུག མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་གིས་དབུས་པའི་ཁེ་ནོ་ས་ས་གནས་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ Luca Bolondi མཆོག་དང་ཨི་ཊ་ལིའི་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Matteo Luigi Bianchi མཆོག་དང་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་ Antonella Incerti མཆོག དེ་བཞིན་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་གནད་ཡོད་མི་སྣ་སོགས་ནས་མཉམ་ཞུགས་གནང་འདུག སྐབས་དེར་ Canossa ས་གནས་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ Luca Bolondi མཆོག་ནས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་དང་འབྲེལ། ཁེ་ནོ་ས་ས་གནས་འདི་ནི་ལོ་རྒྱུས་ཐོག་རྒྱལ་ཁབ་ཕན་ཚུན་གྱི་དབུ་ཁྲིད་དབར་འབྲེལ་མོལ་གནང་སའི་ས་ཁུལ་གལ་ཆེ་ཞིག་ཡིན་དང་། འདས་པའི་ལོ་རྒྱུས་ཁྲོད་ཡི་ཤུའི་བླ་ཆེན་ Pope Gregory VII མཆོག་དང་ཨིན་ཇིའི་རྒྱལ་པོ་ Henry IV མཆོག་རྣམ་གཉིས་དབར་མི་མཐུན་པའི་དཀའ་ངལ་རྣམས་ས་གནས་དེར་འབྲེལ་མོལ་ལམ་ནས་སེལ་ཐབས་གནང་ཡོད་པ་ལུང་འདྲེན་དང་འབྲེལ། མ་འོངས་འབྱུང་འགྱུར་གྱི་ལོ་དུས་ནང་བོད་རྒྱ་འབྲེལ་མོལ་བསྐྱར་གསོའི་སླད་ས་གནས་འདིའི་ངོས་ནས་མཐུན་འགྱུར་གནང་ངེས་ཡིན་ཞེས་གསུངས་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་འདས་མ་ད་གསུམ་གྱི་གནས་སྟངས་ངོ་སྤྲོད་དང་། ལྷག་པར་དུ་ལོ་ཤས་གོང་ནས་རྒྱ་ནག་གཞུང་གི་རྒྱལ་སྤྱིའི་ཐོག་ཤུགས་རྒྱག་བཞིན་པའི་རྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་དང་འབྲེལ། རྒྱ་ནག་གཞུང་ནས་དེ་སྔ་བོད་ནང་ལམ་གཅིག་གྱི་སྲིད་བྱུས་བརྒྱུད་ནས་བོད་ཀྱི་རང་དབང་བཙན་འཕྲོག་བྱས་ནས་བོད་རྒྱལ་ཁབ་ཀྱི་ཞི་བདེ་དཀྲུག་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ཨི་ཊ་ལིའི་གཞུང་ནས་ཉེ་ཆར་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་ལ་མཚན་རྟགས་བཀོད་པ་དེར་བསྐྱར་ཞིབ་གནང་དགོས་པ་མ་ཟད། རྒྱ་ནག་གི་སྲིད་བྱུས་དེའི་འོག་མ་འོངས་པར་ཨི་ཊ་ལིར་མཇུག་འབྲས་ངན་པ་ཕོག་སྲིད་སྐོར་གསུངས་འདུག དེ་བཞིན་སྲིད་སྐྱོང་མཆོག་ནས་ཁ་སང་ཨི་ཊ་ལིའི་ལྷོ་ Tyrol རང་སྐྱོང་མངའ་སྡེའི་ནང་ཡོད་པའི་ཡོ་རོབ་ཉམས་ཞིབ་ལྟེ་གནས་ཁང་དུ་མཁས་ལས་མི་སྣ་ལྷན་དུ་ལྷོ་ཊི་རོལ་རང་སྐྱོང་མངའ་སྡེའི་གནས་སྟངས་དང་། བོད་ཀྱི་གནད་དོན་ཐོག་གསུང་བཤད་དང་གྲོས་བསྡུར་། དེ་བཞིན་ཨི་ཊ་ལིའི་ལྷོ་ཊི་རོལ་རང་སྐྱོང་མངའ་སྡེའི་སྲོད་སྐྱོང་ Arno Kompatscher མཆོག་གཙོ་གྱུར་ས་གནས་ཀྱི་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་འདུག གཞི་རྩའི་སྲིད་སྐྱོང་མཆོག་གིས་འདས་པའི་ཉིན་ཤས་ཁྲོད་དུ་ཨི་ཊ་ལིའི་གྲོང་ཁྱེར་ Milan དང་གནད་ཡོད་མི་སྣ་མཇལ་འཕྲད་དང་། ཡུལ་དེའི་ Tuscany མངའ་ཁུལ་དུ་ཡོད་པའི་ Pomaia ས་གནས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་སོགས་ཀྱི་མཛད་རིམ་ཁག་གཅིག་བསྐྱངས་ཡོད་པ་དང་། དེ་རིང་སྲིད་སྐྱོང་མཆོག་ཨི་ཊ་ལི་ནང་གི་གཞུང་འབྲེལ་འཚམས་གཟིགས་ཁག་གྲུབ་མཚམས་སུ་རྒྱ་གར་ལ་ཕྱིར་ཕེབས་ཀྱི་ཡོད་པ་རེད།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་དགོངས་རྫོགས་ཉིན་མོར་སྦྱིན་གཏོང་གི་ལས་འགུལ་སྤེལ་བ།

དེ་རིང་བཞུགས་སྒར་ཁུལ་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཞབས་ཞུ་ཚོགས་པ་དང་ཁོང་གི་ཚ་མོ་ཉི་མ་ལྷ་མོ་ལགས་བཅས་ཀྱིས་གོ་སྒྲིག་གནང་ཐོག་རིན་པོ་ཆེ་གང་ཉིད་དགོངས་པ་རྫོགས་ནས་མི་ལོ་ཧྲིལ་བོ་བཞི་འཁོར་བའི་ཉིན་མོ་དང་བསྟུན་ཞབས་ཞུ་ཚོགས་པའི་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལགས་ཀྱིས་སྣེ་ཁྲིད་དེ་དྷ་སའི་ཉེ་འགྲམ་དུ་སྦྱིན་གཏོང་གི་ལས་འགུལ་ཞིག་སྤེལ་སོང་། སྦྱིན་གཏོང་གི་ལས་འགུལ་དེ་ཁྲོད་དུ་སྔ་དྲོ་ནོར་གླིང་གི་དབང་པོ་སྐྱོན་ཅན་གྱི་སྡོད་གནས་སྙིང་སྟོབས་གླིང་དུ་ཟས་སྦྱིན་གྱི་ལས་འགུལ་སྤེལ་ཞིང་། ཕྱི་དྲོ་ཕྱག་ཚོད་གསུམ་པ་ཡོལ་ཙམ་ལ་དྷ་སའི་བྱམས་པ་གླིང་རྒས་གསོ་ཁང་དུ་རྒན་རྒོན་ཚོར་དངུལ་སྦྱིན་གནང་སྟེ་རིན་པོ་ཆེ་མཆོག་གི་དགོངས་རྫོགས་ཉིན་མོ་དེ་རྗེས་དྲན་དང་སྲུང་བརྩི་ཞུས་སོང་།  སྐབས་དེར་གསར་འགོད་པས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་ཞབས་ཞུ་ཚོགས་པའི་ཚོགས་གཙོ་དང་ཁོང་གི་དངོས་སློབ་ཚེ་རིང་རྡོ་རྗེ་ལགས་སུ་དམ་པ་གང་གི་དགོངས་རྫོགས་ཀྱི་ཉིན་མོ་དེ་སྦྱིན་གཏོང་གི་ལམ་ནས་རྗེས་དྲན་དང་སྲུང་བརྩི་གནང་དོན་གང་ཡིན་ཐད་བཀའ་འདྲི་ཞུས་པར་རྒྱ་ནག་གིས་རིན་པོ་ཆེ་མཆོག་བཙོན་དུ་དམར་བསད་བཏང་སྟེ་རིན་པོ་ཆེས་མི་རིགས་ལ་བཅངས་པའི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུའི་དགོངས་པ་ཇི་ཡོད་དག་མེད་པ་བཟོས་པར་བརྟེན། ཁོང་གི་དགོངས་རྫོགས་ཀྱི་ཉིན་མོ་དེ་རང་ཉིད་རིན་པོ་ཆེ་མཆོག་གི་དངོས་སློབ་ཅིག་ཡིན་པའི་ཆ་ནས་རིན་པོ་ཆེ་མཆོག་གི་དགོངས་པ་དེ་མཇུག་སྐྱོང་ཞུ་གི་ཡོད་པ་གསུངས་སོང་། དེ་བཞིན་རིན་པོ་ཆེ་མཆོག་ནི་གཞན་དང་མི་འདྲ་བའི་དམིགས་བསལ་རླབས་ཆེན་རང་བཞིན་གྱི་རིན་པོ་ཆེ་ཞིག་ཡིན་པ་འགྲེལ་བརྗོད་ཀྱིས་བོད་ཁུལ་དུ་ཆོས་རིག་འཛིན་སྐྱོང་དང་ཁོར་ཡུག་སྲུང་སྐྱོབ། དེ་བཞིན་དྭ་ཕྲུག་སློབ་གྲྭ་དང་རྒས་གསོ་ཁང་གསར་འཛུགས་གནང་མཁན་གྱི་བླ་ན་མེད་པའི་མཛད་རྗེས་ཅན་གྱི་བླ་མ་ཞིག་ཡིན་པར་ངོ་སྤྲོད་གནང་ཡོད། རྩ་བའི་རྒྱ་ནག་གཞུང་ནས་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆོག་ལ་ཁྲེན་ཏོ་རུ་འབར་རྫས་གས་ཐོར་གྱི་དོན་རྐྱེན་ཞིག་དང་འབྲེལ་བ་ཡོད་པ་བརྗོད་ནས་ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༧ ཉིན་གྱི་དགོང་མོའི་ཆུ་ཚོད་ ༡༢ ཙམ་ལ་གློ་བུར་དུ་འཛིན་བཟུང་བྱས་ཡོད་པ་དང། དེའི་རྗེས་དུས་འགྱངས་སྲོག་ཁྲིམས་ནས་ཚེ་བཙོན་དུ་འགྱུར་བ་བཏང་སྟེ་བཙོན་ཁང་གི་མནར་གཅོད་འོག་ལོ་ངོ་ ༡༣ རིང་བཞག་མཐར་སྔ་ལོ་ ༢༠༡༥ ཕྱི་ཟླ་ ༧ ཚེས ༡༢ ཉིན་ཁྲེན་ཏུ་བཙོན་ཁང་དུ་གློ་བུར་དུ་དགོངས་པ་རྫོགས་པའི་གནས་ཚུལ་བྱུང་ཡོད་པ་དང་། དུས་ད་ལྟའང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་ཤུལ་ལུས་ནང་མི་ཚོར་རྒྱ་ནག་གིས་དམ་དྲག་གི་ཁྲོད་དུ་ལྷུང་ཡོད་པ་རེད།

ཁ་མཆུ་ཨང་ ༢༠ པའི་ཞིབ་གཅོད་ཉན་ཞིབ་དང་པོ་ཚོགས་པ།

དེ་རིང་ཕྱི་ཟླ་ ༧ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཚོུད་ ༡༠ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་བརྒྱུད་འཛིན་སྐྱོང་བཀའ་ཤག་གིས་ཁོང་ལ་མ་ཉེས་ཁག་གཡོག་གནང་བའི་ཁ་མཆུ་ཨང་ ༢༠ པའི་ཐོག་ཞིབ་གཅོད་ཉན་ཞིབ་དང་པོ་དེ་ཚོགས་ཡོད་པ་དང་། དེའི་ཐོག་ཉེ་སྔོན་ཕྱི་ཟླ་ ༦ ཚེས་ ༢༠ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གཏན་འབེབས་གནང་བའི་ཁ་མཆུ་ཨང་ ༢༠ པའི་དངོས་དོན་ ༨ དང་ཁྲིམས་དོན་ ༢ ཀྱི་ཐོག་ཕེབས་ཡོད་པ་རེད། ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་བརྒྱུད་འཛིན་སྐྱོང་བཀའ་ཤག་གིས་ཁོང་ལ་མ་ཉེས་ཁག་གཡོག་གནང་བའི་ཁ་མཆུ་ཨང་ ༢༠ པའི་དངོས་དོན་གྱི་གནད་དོན་ ༨ ལས་གནད་དོན་དང་པོའམ། ཞུ་སྦྱོར་བའི་ཞུ་རྩ་ ༤་༣ གྱི་ནང་གསེས་དོན་ཚན་ཀ་པ་སྟེ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ནས་སྐུ་ཚབ་དོན་གཅོད་གནང་རིང། ལས་དོན་བྱེད་ཕྱོགས་ཀྱི་ལམ་སྟོན་ཁ་གསལ་ཡོད་ནའང། ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གི་གཞུང་གསར་པ་དབུ་འཛུགས་གནང་བ་དང། ལས་དོན་དམ་འབུལ་ཞུས་པ། དེ་བཞིན་ཨ་རི་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་སྐོར་བཀའ་ཤག་ལ་སྙན་གསེང་མ་ཞུས་པ་དང་། དོན་ཚན་ཁ་པ་བཀའ་ཤག་ལ་སྙན་གསེང་མ་ཞུས་པ་དང་འབྲེལ་ནས་རང་གི་སྐབས་བབ་ལས་འགན་སྒྲུབ་མ་ཐུབ་པའི་གནད་དོན་སྐོར། དོན་ཚན་ག་པ་སྟེ་ཞུ་སྦྱོར་བའི་ཞུ་རྩའི་དོན་ཚན་ ༤་༣ ཨ་རི་དང་རྒྱ་ནག་སྲིད་འཛིན་ཐུག་འཕྲད་སྐོར་སྙན་གསེང་མ་ཞུས་པ་སོགས་ཀྱི་སྐོར། ཞུ་རྩ་ ༤་༦ ཨ་རི་གྲོས་ཚོགས་ཀྱི་ཆེས་མཐོའི་མི་སྣར་ཐུག་འཕྲད་ཀྱི་དུས་ཚོད་བཟོ་མ་ཐུབ་པའི་སྐོར། ཞུ་རྩ་ ༤་༧ ཨ་རིའི་རོགས་དངུལ་སོན་ཐབས་ཐོག་འབད་བརྩོན་མ་ཞུས་པའི་སྐོར། ཞུ་རྩ་ ༤་༨ དངུལ་ཁང་རྩིས་མགོ་སྒོ་རྒྱག་སྐོར། ཞུ་རྩ་ ༤་༡༠ བཀའ་བློན་འོས་མི་བེུད་ཅིག་ལ་ངན་བསླབ་བྱས་པ་སོགས་བཀའ་ཤག་གི་གསལ་བཤད་དོན་ཚན་བཅུའི་ནང་བཀོད་པ་དེ་དག་ཞུ་སྦྱོར་བ་ཁོང་ལ་མཚན་ཤས་ཡོང་རྒྱུའི་ཆེད་དུ་བསམ་བཏང་དྲན་སྐྱེས་ཀྱི་གནད་དོན་ཡིན་པ་བཅས་ཀྱི་ཐོག་གྱོད་ཡ་ཞུ་སྦྱོར་བ་དང་རྩོད་ལེན་པ་སོ་སོ་ནས་ཁུངས་སྐྱེལ་ར་སྤྲོད་དང་དཔང་རྟགས་ཡིག་ཆ་འགོད་འབུལ་ཞུས་པའི་ཐོག་གསལ་བཤད་གནང་སོང་། དེ་རིང་སྔ་དྲོའི་ཉན་ཞིབ་དུས་ཚོད་མང་ཆེ་བ་ཞུ་སྦྱོར་བའི་ཞུ་རྩ་ ༤་༣ གྱི་ནང་གསེས་དོན་ཚན་ཀ་པ་འམ་ཨ་རི་དང་རྒྱ་ནག་སྲིད་འཛིན་རྣམ་གཉིས་ཐུག་འཕྲད་སྐོར་སྙན་གསེང་མ་ཞུས་པ་སོགས་ཀྱི་གནད་དོན་ཐོག་གྱོད་ཡ་ཞུ་སྦྱོར་བ་དང་རྩོད་ལེན་པ་གཉིས་ཀྱི་ངོས་ནས་ཁྲིམས་ཞིབ་ཁང་ལ་གནད་དོན་གསལ་བཤད་ཐོག་ཕེབས་པའི་ཁྲོད། ཞུ་སྦྱོར་བའི་ངོས་ནས་དེ་སྔ་ཁོང་ལ་ལས་དོན་བྱེད་ཕྱོགས་ཐད་ལམ་སྟོན་ཁ་གསལ་མ་ཐོབ་པ་མ་ཟད། སྐབས་དུས་སོ་སོར་གནད་དོན་སྙན་གསེང་ཞུ་དགོས་པ་ཞེས་ཚིག་བརྗོད་དེ་ཡིག་ཆ་གང་གི་ནང་དུའང་འཁོད་མེད་སྐོར་དང། ཁོང་གིས་ཟླ་དུས་ཚེས་གྲངས་ལུང་འདྲེན་དང་སྦྲགས་ཏེ་དོན་གཅོད་ཀྱི་ལས་ཁུར་དབུ་འཛུགས་གནང་བ་ནས་བཟུང་ཕྱི་དྲིལ་དྲུང་ཆེ་དང། བཀའ་ཤག་ལ་གནད་དོན་སྙན་གསེང་ཞུས་ཡོད་པའི་གསལ་བཤད་གནང་སོང་། འོན་ཀྱང་རྩོད་ལེན་པའི་ངོས་ནས་དེ་སྔ་བཀའ་ཤག་གི་དོན་གཅོད་ལས་ཁུངས་ཡོངས་ལ་ M5 ཞེས་པའི་ལས་དོན་བྱེད་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་ཡིག་ཆ་དང། བཀའ་ཤག་གིས་ཕྱི་ལོ་ ༢༠༠༦ ལོར་འདོན་སྤེལ་གནང་བའི་ཕྱི་དྲིལ་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་ཁག་གི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་ལམ་སྟོན་ཡིག་ཆ་ནང་ཟླ་གསུམ་ཟླ་གསུམ་ནང་གནད་དོན་ཇི་ཡོད་སྙན་སེང་ཞུ་དགོས་ཞེས་འཁོད་ཡོད་པ་བཞིན་སྐབས་དུས་སོ་སོ་ཞེས་པ་དེ་དག་ལ་གོ་དགོས་པའི་ལམ་སྟོན་མ་བྱུང་ཞེས་བཤད་ན་མི་འགྲིག་པ་སོགས་གསུངས་སོང་བ་བཅས། གང་ལྟར་དེ་རིང་ཞིབ་གཅོད་ཉན་ཞིབ་དང་པོའི་ཐོག་དངོས་དོན་གྱི་གནད་དོན་དང་པོའི་ཐོག་མ་གཏོགས་ཕེབས་ཐུབ་མེད་པ་རེད། དེ་བཞིན་ཉིན་རྒྱབ་ཀྱི་ལས་རིམ་ཐོག་ཞུ་རྩ་ ༤་༣ གྱི་ནང་གསེས་དོན་ཚན་ག་པ་སྟེ་གོང་དུ་བརྗོད་པའི་དོན་ཚན་ལྔ་པོ་རྣམས་བསམ་བཏང་དྲན་སྐྱེས་ཡིན་མིན་སྐོར་གྱོད་ཡ་ཕྱོགས་གཉིས་ཀའི་གསལ་བཤད་གནང་སོང་བ་དང། སྐབས་དེར་ཞུ་སྦྱོར་བས་དེ་སྔ་བཀའ་ཤག་གི་ངོས་ནས་ཁོང་ལ་ཉེན་བརྡའི་བརྡ་ཁྱབ་བཏང་འབྱོར་བྱུང་བའི་ནང་དུ་ཀུན་དགའ་བཀྲིས་ལགས་དོན་གཅོད་ཁང་དུ་བསྐོ་འཆར་ཡོད་སྐོར་གསལ་བསྒྲགས་བྱས་པ་དེ་མ་འགྲིག་པ་དང་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་གནད་དོན་གཉིས་མ་གཏོགས་གཞན་གནད་དོན་གང་ཡང་འཁོད་མེད་སྟབས། ཞུ་རྩ་ ༤་༣ གྱི་ནང་གསེས་དོན་ཚན་ག་པའི་དོན་ཚན་ལྔ་པོ་དེ་དག་ཁོང་ལ་མིང་ཤས་བཟོ་ཆེད་བསམ་བཏང་དྲན་སྐྱེས་ཀྱི་གནད་དོན་ཞིག་ཡིན་པ་གསུངས་ཡོད་ཀྱང་རྩོད་ལེན་པའི་ངོས་ནས་ཡིག་ཆའི་ནང་འཁོད་མིན་ལ་བལྟོས་མེད་གནད་དོན་དེ་དག་དངོས་སུ་བྱུང་ཡོད་སྟབས་བསམ་བཏང་དྲན་སྐྱེས་མིན་པའི་གསལ་བཤད་གནང་ཡོད་པ་རེད། ཞིབ་གཅོད་ཉན་ཞིབ་དང་པོ་གྲུབ་མཚམས་སུ་གསར་འགོད་པས་ཞུ་སྦྱོར་བ་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་དང་རྩོད་ལེན་པའི་ཁྲིམས་རྩོད་པ་སྤྱི་འཐུས་བློ་བཟང་གྲགས་པ་ལགས་སུ་བཀའ་འདྲི་ཁག་གཅིག་ཞུས་ཡོད། ཁྲིམས་ཞིབ་པ་ཆེ་བའི་ངོས་ནས་དེ་རིང་ཞིབ་གཅོད་ཉན་ཞིབ་ཐོག་ཕན་ཚུན་གྱོད་ཡ་ཕྱོགས་གཉིས་ཀྱི་མཐའ་མའི་གནད་དོན་གང་གསུངས་པ་རྣམས་སྒྲོག་ལྗངས་གནང་ཐོག་སྤྱིར་བཀའ་ཤག་གི་ལམ་སྟོན་ཡོད་མེད་ལ་མ་ལྟོས་པའི་སྙན་གསེང་ཞུ་རྒྱུ་གལ་ཆེན་པོ་ཡིན་པའི་མཆན་ཞིག་བཀོད་པ་དང་འབྲེལ། དེ་རིང་ཉིན་དང་པོའི་ཞིབ་གཅོད་ཉན་ཞིབ་དེ་མཇུག་སྒྲིལ་གནང་སོང་། གཞི་རྩའི་དེ་རི་ཁ་མཆུ་ཨང་ ༢༠ པའི་ཞིབ་གཅོད་ཉན་ཞིབ་དང་པོ་དངོས་སུ་དབུ་འཛུགས་མ་གནང་གོང་དུ་ ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་ནས་ཁ་མཆུ་ཨང་ ༢༠ པའི་བརྒྱུད་རིམ་ཞིབ་ཕྲ་ངོ་སྤྲོད་གནང་བ་དང་འབྲེལ། རྩོད་ལེན་པའི་ཁྲིམས་རྩོད་པའི་ངོས་ནས་གནད་དོན་མ་ཤེས་པ་དང། དཔང་རྟགས་འགོད་འབུལ་ཞུ་ཕྱོགས་ཐད་ཁྲིམས་ལུགས་ལས་དོན་བྱེད་ཕྱོགས་དང་འགལ་བ་དང་མ་འགྲིག་པ་དུ་མ་བྱས་པར་ཁྲིམས་ཞིབ་ཁང་ནས་ཡོ་བསྲང་དགོས་པའི་ཉེན་བརྡའི་བརྡ་ཁྱབ་བཏང་བ་མ་ཟད། ཉན་ཞིབ་ཐོག་རྩོད་ལེན་པའི་འཐུས་མི་བཀོད་དགོས་སར་ངོ་ཚབ་བཀོད་པ་དང་ཁྲིམས་ཞིབ་ཁང་ནས་བརྡ་ཁྱབ་རྗེས་སུའང་ནོར་འཁྲུལ་བསྐྱར་མཐུད་བྱེད་པ་སོགས་ཉེན་བརྡའི་བརྡ་ཁྱབ་ཐེངས་ ༥ ཙམ་བཏང་ཡོད་པ་དང། ཞུ་འབྱོར་བའི་ངོས་ནས་ཀྱང་ཁྲིམས་ཞིབ་ཁང་གི་གཏན་འབེབས་གནང་ཟིན་པའི་རྗེས་སུའང་ཡིག་ཆ་འགོད་འབུལ་ཞུ་རྒྱུའི་ཆོག་མཆན་ཞུས་པ་དང། དེ་ལྟར་ཡོང་གི་མེད་ལུགས་བརྗོད་པར་ཨུ་ཚུགས་བྱེད་པ་སོགས། ཁྲིམས་ལུགས་ལས་དོན་འགྲོ་ལུགས་དང་མི་མཐུན་པའི་གནད་དོན་ཁག་གཅིག་བྱུང་བ་རྣམས་ཀྱི་རྐྱེན་པས་ཁྲིམས་ཞིབ་ཁང་གི་ལས་དོན་ལ་དུས་འགྱངས་དང་ལས་རྙོག་འཕར་མ་ཆགས་ཡོད་པར་འགྲེལ་བརྗོད་གནང་སོང་། ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་ད་དུང་ཐེངས་འདིའི་ཞིབ་གཅོད་ཀྱི་ལས་རིམ་ཐོག་དེ་སྔ་ཉེན་བརྡ་བཏང་བ་རྣམས་ཡིད་ལ་འཇགས་པ་གནང་དགོས་པ་དང་བཙན་བྱོལ་བོད་མིའི་སྤྱི་དམངས་གཏུག་བཤེར་ཁྲིམས་སྒྲིག་འོག་ཞིབ་གཅོད་ཀྱི་བྱ་རིམ་དང་འབྲེལ་བའི་དོན་ཚན་རྣམས་སེམས་ལ་ངེས་པར་གནང་སྟེ། ཞིབ་གཅོད་ཐོག་ཁྲིམས་སྒྲིག་ནང་འཁོད་པ་བཞིན་གནང་དགོས་པའི་ལམ་སྟོན་དེ་སྔ་གནང་ཟིན་པ་ལྟར་གནང་དགོས་པ་དང། གལ་ཏེ་དེ་ལྟར་མ་གནང་བ་དང། ཁྲིམས་ཀྱི་ལས་དོན་འགྲོ་ལུགས་ལྟར་མ་གནང་ཚེ་སྤྱི་དམངས་གཏུག་བཤེར་ཁྲིམས་ཡིག་ཀྱི་རྩ་འཛིན་དོན་ཚན་ ༨༤ དགོངས་དོན་བཞིན་ཁྲིམས་ཞིབ་ཁང་གི་ལས་དོན་ལ་རྩིས་མེད་བཏང་བའམ་ཁྱད་གསོད་གནང་བར་ངོས་འཛིན་གྱིས་དེ་དོན་ལག་བསྟར་གནང་རྒྱུ་ཡིན་པར་འགྲེལ་བརྗོད་གནང་སོང་།

ཕྱི་ནང་གི་ལྟ་སྒོམ་ཐོག་འཕགས་བོད་མཁས་པའི་བགྲོ་གླེང་ཆེས་ཐོག་མ་དབུ་འཛུགས།

དེ་རིང་ཕྱི་ཟླ་ ༧ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཚོུད་ ༨ ཐོག་ཤར་བྱང་གྲྭ་ཚང་གཉིས་ཐུན་མོང་ནས་གོ་སྒྲིག་ཞུས་ཏེ། དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཆོས་ར་ལེགས་བཤད་ཀུན་སྒྲོག་གླིང་དུ་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དམིགས་བསལ་སྐུ་མགྲོན་རྒྱ་གར་ཧིན་དུའི་ཆོས་དཔོན་ཤི་ཝ་ཀུ་མཱར་སྭཱམཱི་མཆོག་དང་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་གི་རིགས་བདག་དགའ་ཤར་དགེ་བཤེས་ངག་དབང་བསམ་གཏན་མཆོག དེ་བཞིན་རྒྱ་གར་གྱི་ས་ཁུལ་འདྲ་མིན་ནས་མཐོ་རིམ་དགེ་རྒན་དང་། ཆེད་མཁས་པ། བོད་ཀྱི་ས་དགེ་བཀའ་རྙིང་ཇོ་ནང་གཡུང་དྲུང་བོན་བཅས་ཆོས་བརྒྱུད་ཆེན་པོ་དྲུག་ནས་མཁན་པོ་དང་སློབ་དཔོན། དགེ་བཤེས་དང་དགེ་བཤེས་མ། མི་སྐྱ་དང་ཕྱི་རྒྱལ་བ་བཅས་ཀྱིས་གཙོས་པའི་ཟུར་ཉན་པ་སོགས་ཁྱོན་མི་གྲངས་ ༦༠༠ ལྷག་ལྷན་འཛོམས་ཐོག་ཕྱི་ནང་གི་ལྟ་སྒོམ་ཐོག་རྒྱལ་ཡོངས་འཕགས་བོད་མཁས་པའི་བགྲོ་གླེང་ཆེན་མོ་ཐེངས་དང་པོ་དབུ་འབྱེད་གནང་ཡོད་པ་རེད། བགྲོ་གླེང་དབུ་འབྱེད་མཛད་སྒོའི་ཐོག་དགའ་ལྡན་ཤར་རྩེ་མཁན་རིན་པོ་ཆེ་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་པ་བྱང་ཆུབ་སངས་རྒྱས་མཆོག་ནས་ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མགོན་པོ་མཆོག་གིས་བརྙན་པར་བརྒྱུད་སིང་ག་པོར་དང་ཐེ་ཝན། དེ་བཞིན་མ་ལེ་ཤི་ཡ་བཅས་ཀྱི་དད་ལྡན་ཚོགས་ཁག་གཅིག་ལ་འཁྲུངས་སྐར་གྱི་དམིགས་བསལ་གསུང་འཕྲིན་ཞིག་བསྩལ་བའི་ནང། གལ་ཏེ་ཁྱེད་ཚོས་ང་ལ་དངོས་གནས་དགའ་མོས་བྱེད་ཀྱི་ཡོད་ན། ངའི་འགན་འཁུར་བཞི་པོ་ཡིད་ལ་བཅང་དགོས་པ་མ་ཟད། འཛམ་གླིང་སྤྱིའི་གཅེས་ནོར་བོད་གངས་ཅན་པས་བདག་ཉར་བྱས་པའི་འཕགས་ཡུལ་གྱི་དཔལ་ནཱ་ལེནྡཱའི་རིག་པའི་གཞུང་ལུགས་ཐོག་ཐོས་བསམ་སློབ་གཉེར་གནང་སྟེ་ལག་ལེན་དོན་འཁྱོལ་བྱུང་ཚེ་དེ་ནི་འཁྲུངས་སྐར་གྱི་ཕྱག་རྟགས་ཡག་ཤོས་ཡིན་ཞེས་བཀའ་ཕེབས་དོན་ལྟར། ང་ཚོས་མགོན་པོ་༸གང་ཉིད་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ལྟར་འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་འབྲེལ། བོད་ཀྱི་ཆོས་རིག་གི་གཟི་བརྗོད་མངོན་ཐུབ་པ། རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་ཡོང་བར་ཞབས་འདེགས་ཀྱི་ཚུལ་དུ་ད་རེས་བགྲོ་གླེང་འདི་ལྟར་གོ་སྒྲིག་སྙན་གསེང་ཞུས་ཡོད་སྐོར་ངོ་སྤྲོད་གནང་འདུག དམིགས་བསལ་སྐུ་མགྲོན་རྒྱ་གར་ཧིན་དུའི་ཆོས་དཔོན་ Dr. Shivakumar Swami Ji མཆོག་གིས་ནང་པ་སངས་རྒྱས་པའི་ཆོས་ལུངས་འདི་རྒྱ་གར་ནང་ལ་ལྟ་གྲུབ་འདྲ་མིན་མང་དག་ཅིག་ཡོད་པའི་ཁོངས་ནས་ལྟ་གྲུབ་གཅིག་ཆགས་ཀྱི་ཡོད་པ་དང་། ལྷག་པར་དུ་དེང་སྐབས་ཀྱི་འཛམ་གླིང་འདིའི་ནང་དགོས་མཁོ་ཆེ་བའི་ལྟ་གྲུབ་གཙོ་བོ་ཞིག་ཆགས་ཡོད་པ་རེད། དེའང་ནུབ་ཕྱོགས་པའི་ལྟ་གྲུབ་གང་དང་མི་འདྲ་བའི་ལྟ་གྲུབ་ཐུན་མིན་ཞིག་ཆགས་ཡོད་སྐོར་གསུངས་འདུག དེ་བཞིན་ཁོང་གིས་རྒྱ་གར་གྱི་ལྟ་གྲུབ་དང་ཁྱད་པར་དུ་ནང་པ་སངས་རྒྱས་པའི་ལྟ་གྲུབ་ཀྱིས་ནུབ་ཕྱོགས་པའི་ལྟ་གྲུབ་ཐོག་ལ་ཕར་ཤུགས་རྐྱེན་སྤྲོད་བཞིན་ཡོད་པ་དང་། དེའང་རྣམ་རིག ཡུལ་དངོས་དང་འབྲེལ་བ། དེ་བཞིན་འགྲོ་བ་མིའི་ལུས་ཁམས་སོགས་ཀྱི་སྐོར་ལ་སློབ་གཉེར་གནང་གི་ཡོད་པས་དེ་བརྒྱུད་ནས་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་གསུངས་འདུག དེ་བཞིན་དམིགས་བསལ་སྐུ་མགྲོན་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་གི་རིགས་བདག་དགའ་ཤར་དགེ་བཤེས་ངག་དབང་བསམ་གཏན་མཆོག་གིས་ད་ལྟའི་དུས་སྐབས་འདིར་བགྲོ་གླེང་འདི་ལྟ་བུ་ངེས་པར་དུ་གནང་དགོས་གལ་ཡིན་སྐོར་གསུངས་པ་དང་སྦྲགས། འཛམ་གླིང་གང་དུའང་མེད་པའི་རྒྱ་གར་ནང་གི་ལྟ་གྲུབ་དེ་བགྲོ་གླེང་གི་རང་བཞིན་ཅན་གྱི་ལྟ་གྲུབ་ཐུན་མིན་ཞིག་ཡོད་པ་དང་། ལྷག་པར་དུ་ད་ལྟའི་ཆར་བོད་བརྒྱུད་ནང་བསྟན་འདི་ལྟ་སྒོམ་སྤྱོད་གསུམ་གྱི་ཐོག་ལ་ཧ་ཅང་གི་ཟབ་ཅིང་རླིང་བ་ཡོད་པ་སོགས་ངོ་སྤྲོད་གཟབ་རྒྱས་གནང་འདུག འདི་ག་རླུང་འཕྲིན་ཁང་གིས་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཁོངས་སུ་ཡོད་པ་དགེ་བཤེས་བྱམས་པ་ཆོས་གྲགས་ལགས་སུ་བགྲོ་གླེང་གོ་སྒྲིག་གནང་དོན་གང་ཡིན་སོགས་ཀྱི་ཐོག་བཅར་འདྲི་ཁག་གཅིག་ཞུས་པར་ རྒྱལ་སྤྱིའི་༸རྗེ་ཙོང་ཁ་པའི་ལོ་སྲུང་བརྩི་དང་འབྲེལ་བའི་ལས་རིམ་ཁྱབ་ཁོངས་ཤིག་དང་རྒྱ་གར་གྱི་ཆེད་མཁས་མི་སྣ་དུ་མ་མཉམ་འཛོམས་ཀྱིས་བགྲོ་གླེང་འདི་རིགས་ལོ་རེའི་ནང་ཐེངས་རེ་ལས་མི་ཉུང་བ་གོ་སྒྲིག་ཞུ་རྒྱུ་དང་། རྒྱ་གར་གྱི་མི་སྣ་མང་པོ་ཞིག་ལ་གདན་ས་ཁག་ཏུ་ལོ་ངོ་ ༢༠ ལྷག་གི་རིང་རྒྱ་གར་གྱི་དཔལ་ནཱ་ལེནྡཱའི་མཁས་པའི་གཞུང་དང་ལྟ་གྲུབ་ཁག་ལ་སློབ་སྦྱོང་གནང་དང་གནང་བཞིན་ཡོད་པ་ཤེས་རྟོགས་ཐུབ་ཐབས་དང་། ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ལྟར་འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་འབྲེལ། བོད་ཀྱི་ཆོས་རིག་གི་གཟི་བརྗོད་མངོན་ཐུབ་པ། རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་ཡོང་བར་ཆེད་དམིགས་གནང་བ་ཞིག་ཡིན་ཞེས་གསུངས་སོང་། གཞི་རྩའི་བགྲོ་གླེང་དངོས་གཞི་ཉིན་བཞི་ལ་འཕགས་བོད་ཀྱི་མཁས་དབང་སུམ་ཅུ་ལྷག་གིས་དཔྱད་རྩོམ་ཐོག་གསུང་བཤད་དང་དྲི་བ་དྲིས་ལན། ཚོགས་ཐེངས་སོ་སོའི་མཇུག་ཏུ་གཙོ་སྐྱོང་བས་མཇུག་སྡོམ་གནང་རྒྱུ། ཉིན་མཐའ་མའི་ཕྱི་དྲོ་བགྲོ་གླེང་གི་མཇུག་སྡོམ་གནང་རྒྱུ་བཅས་ཀྱི་མཛད་རིམ་ཡོད་པ་རེད།

Latest news