Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

མགོན་པོ་དོན་གྲུབ་ལགས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་ཚོགས་གཙོར་བདམས་ཐོན།

ཕྱི་ཟླ་ ༦ ཚེས་ ༡༡ ཉིན་བཞུགས་སྒར་དྷ་ཤོད་མུ་ནིས་པཱལ་ཚོགས་ཁང་དུ་བོད་ཀྱི་གཞོན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༧ པ་དབུ་འཛུགས་གནང་ཡོད་པ་དང་། དེ་རིང་ཕྱི་ཚེས་ ༡༦ ཉིན་ཚོགས་ཆེན་ཉིན་མཐའ་མའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་སྐབས་ ༡༧ པའི་རྒྱུན་ལས་གསར་འདེམས་ཀྱི་ལས་རིམ་ཁག་གནང་སོང་།ཚོགས་ཆེན་ཐོག་ཕེབས་པའི་ཚོགས་མི་ ༡༥༠ ལྷག་གིས་སྔོན་འགྲོའི་འོས་མི་ཁོངས་སུ་མི་སྣ་ ༡༨ འདེམས་སྒྲུག་གནང་ཡོད་པ་དང་། དེ་ནས་རིམ་བཞིན་ས་གནས་གཞོན་ནུ་སོ་སོའི་ཚོགས་མིའི་གྲངས་འབོར་དང་ཚོགས་བཅར་བའི་གྲངས་འབོར་བཅས་ལ་གཞིགས་པའི་འོས་ཤོག་གི་ཐོབ་ཐང་ཁག་བླངས་ཏེ་འོས་མི་  ༡༨ དེ་དག་ནས་མགོན་པོ་དོན་གྲུབ་ལགས་དང་། བསོད་ནམས་ཚེ་རིང་ལགས། བློ་བཟང་ཚེ་རིང་ལགས། ཡེ་ཤེས་ཆོས་འཕེལ་ལགས། ཚེ་དབང་རབ་རྒྱལ་ལགས། བསྟན་འཛིན་ལྷ་མོ་ལགས། སྤེན་པ་ཚེ་རིང་ལགས་བཅས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་སྐབས་ ༡༧ པའི་རྒྱུན་ལས་སུ་བདམས་ཐོན་གནང་ཡོད། སྐབས་དེར་འདེམས་ཐོན་རྒྱུན་ལས་རྣམ་པས་ནང་མོལ་གྲོས་བསྡུར་གནང་ཏེ་ཚོགས་གཙོ་ཚོགས་གཞོན་དང་དྲུང་ཆེ་བཅས་ཀྱི་འོས་མི་གསལ་བསྒྲགས་གནང་ཐོག་ཚོགས་བཅར་བ་རྣམ་པས་གསང་བའི་འོས་འཕངས་ཏེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་སྐབས་ ༡༧ པའི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་དང་ཚོགས་གཞོན་བློ་བཟང་ཚེ་རིང་ལགས། དེ་བཞིན་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་བཅས་གསུམ་བསྐོ་གཞག་གིས་ལས་འཁུར་དམ་འབུལ་གནང་སོང་། འདམས་ཐོན་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས་ད་ལྟའི་ཆར་ལས་ཀ་འདི་དང་འདི་བྱེད་ཀྱི་ཡིན་ཞེས་བཤད་རྒྱུ་མེད་ཀྱང་། གཙོ་བོ་དབུས་རྒྱུན་གོང་མ་ཚོས་གནང་བའི་ཕྱག་ལས་ཁག་རྒྱུན་སྐྱོང་གནང་རྒྱུ་དང་རབ་བྱུང་ཚེ་དེ་ལས་ལྷག་པ་གནང་རྒྱུ་ཡིན་ཞེས་གསུངས་སོང་།  དེ་བཞིན་འཁྱུར་མ་ཐག་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་ད་རེས་གཞོན་ནུའི་སྒྲིག་འཛུགས་ནང་ཉམས་མྱོང་ཡོད་མཁན་གྱི་རྒྱུན་ལས་གསར་པ་བདུན་འོས་འདེམས་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་ཞེས་གསུངས་པ་དང་སྦྲགས། རྒྱུན་ལས་གསར་པ་རྣམས་ནས་མ་འོངས་པར་ལས་དོན་གང་གནང་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གོང་དུ་བཀུར་བའི་ཐོག་ནས་གནང་དགོས་གལ་ཡིན་པ་དང་རྒྱུན་ལས་ནང་ཁུལ་འཆམ་མཐུན་གནང་གནད་ཡིན་པ་སོགས་ལམ་སྟོན་གནང་ཡོད།   རྒྱུན་ལས་གསར་འདེམས་ཀྱི་ལས་རིམ་ཁག་གྲུབ་མཚམས་སུ་འཁྱུར་མ་ཐག་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཛིགས་མེད་ལགས་སུ་ཉིན་གྲངས་དྲུག་གི་རིང་འཚོགས་ཡོད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༧ ཐོག་གྲོས་ཆོད་གང་དག་ཅིག་གཏན་འབེབས་གནང་ཡོད་པའི་ཐོག་བཅར་འདྲི་ཞུས་པར་ཐེངས་འདིའི་ཚོགས་ཆེན་ཐོག་གཞོན་ནུ་ལྷན་ཚོགས་ཀྱི་ལས་དོན་སྤྱི་དང་ལྷག་པར་དུ་མ་འོངས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐད་ཁྱོན་གྲོས་ཆོད་ ༢༥ ཙམ་གཏན་འབེབས་གནང་ཡོད་ཅེས་གསུངས་ཡོད། གཞི་རྩའི་བདམས་ཐོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནི་རྒྱ་གར་བྱང་ཕྱོགས་བོད་མིའི་གཞིས་སྒར་ལ་དྭགས་ནང་སྐྱེས་ཡོད་པ་ལྟར་གཞི་རིམ་འབྲིང་འོག་གི་སློབ་གཉེར་ལ་དྭགས་རང་དུ་གནང་ཡོད་པ་དང་། གཞི་རིམ་གོང་མ་བོད་ཁྱིམ་གོ་པཱལ་པུར་དུ་སློབ་གཉེར་གནང་འདུག དེ་རྗེས་ O.P. Jindal མཐོ་སློབ་ཏུ་འཛིན་སྐྱོང་ཐོག་སློབ་གཉེར་གནང་བ་མ་ཟད་སློབ་ཞོར་དུ་ལྡི་ལིར་རྟེན་གཞི་བྱས་པའི་རོ་ཧི་ནི་ས་གནས་གཞོན་ནུའི་དྲུང་ཆེ་གནང་མྱོང་ཡོད་པ་རེད།

ཁ་མཆུ་ཨང་ ༢༠ པའི་གྱོད་དོན་གཏན་འབེབས་ཀྱི་ཉན་ཞིབ་གནང་བ།

དེ་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་བརྒྱུད་འཛིན་སྐྱོང་བཀའ་ཤག་གིས་ཁོང་ལ་མ་ཉེས་ཁག་གཡོག་གནང་བའི་ཁ་མཆུ་ཨང་ ༢༠ པའི་གནད་དོན་གཏན་འབེབས་ཀྱི་ཉན་ཞིབ་ལས་རིམ་དེ་ཚོགས་སོང་།གནད་དོན་གཏན་འབེབས་ཀྱི་ཉན་ཞིབ་ལས་རིམ་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་དབུས་པའི་ཁྲིམས་ཞིབ་པ་རྣམ་པ་དང་། ཆེ་མཐོའི་ཁྲིམས་ཞིབ་ཁང་གི་ལས་བྱེད་རྣམ་པ། གྱོད་ཡ་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་དང་ཁོང་གི་ཁྲིམས་རྩོད་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ས་གནས་ཁྲིམས་ཞིབ་པ་ཟུར་པ་རྣམ་རྒྱལ་ཚེ་སྐྱིད་ལགས། དེ་བཞིན་གྱོད་ཡ་རྩོད་ལན་པ་འཛིན་སྐྱོང་བཀའ་ཤག་གི་ཁྲིམས་རྩོད་པ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་འགན་འཛིན་བོད་མིང་མང་སྤྱི་འཐུས་བློ་བཟང་གྲགས་པ་ལགས་དང་ངོ་ཚབ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གཙོ་གྱུར་བཀའ་དྲུང་ཚེ་རྒྱལ་ལགས་དང་བཀའ་དྲུང་ཟུར་པ་སྟོབས་རྒྱལ་ཚེ་རིང་ལགས། དེ་བཞིན་དྲུང་ལས་བསྟན་འཛིན་ཕུན་ཚོགས་ལགས་བཅས་དང་། གཞན་ཡང་ཟུར་ཉན་པ་དང་གསར་འགོད་པ་བཅས་ཕེབས་འདུགསྐབས་དེར་ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྤྱི་དམངས་གཏུག་བཤེར་ཁྲིམས་སྒྲིག་གི་དགོངས་དོན་ལྟར་གྱོད་ཡ་ཞུ་སྦྱོར་བ་དང་གྱོད་ཡ་རྩོད་ལན་པ་གཉིས་ཀྱི་ཞུ་རྩའི་ནང་གང་དང་གང་འཁོད་མེད་དང་། ལྷག་པར་དུ་ཟླ་ ༦ ཕྱི་ཚེས་ ༥ ཉིན་ཚོགས་པའི་གནད་དོན་གསལ་བཟོའི་ལས་རིམ་སྐབས་འཛིན་སྐྱོང་བཀའ་ཤག་གིས་དོན་གཅོད་སྤེན་པ་ཚེ་རིང་ལགས་འཕོ་འགྱུར་གནང་དགོས་པའི་རྒྱུ་མཚན་དོན་ཚན་ ༡༠ སྤེལ་བའི་གནད་དོན་ཁག་གི་ཐད་འདྲི་ཞིབ་གནང་རྗེས་ཐག་གཅོད་གང་གནང་ཡོད་མེད་བཅས་ལ་གཞིར་བཞག་ནས་གྱོད་ཡ་ཞུ་སྦྱོར་བ་དང་གྱོད་ཡ་རྩོད་ལན་པ་གཉིས་ནས་རྗེས་མའི་ཁྲིམས་རའི་ཐོག་དོན་ཚན་བཅུ་པོ་དེ་དག་ལས་དངོས་དོན་གྱི་གནད་དོན་བརྒྱད་དང་ཁྲིམས་དོན་གྱི་གནད་དོན་གཉིས་བཅས་གནད་དོན་བཅུའི་ཐོག་ལ་ཕྱོགས་སོ་སོ་ནས་ཁུངས་སྐྱེལ་གནང་དགོས་པ་མ་ཟད། གྱོད་ཡ་ཞུ་སྦྱོར་བ་དང་གྱོད་ཡ་རྩོད་ལན་པ་གཉིས་ནས་གནད་དོན་དེ་དག་ཐོག་གནད་དོན་གཞན་ཁ་སྣོན་དགོས་པ་གཟིགས་ཚེ་ཟླ་ ༦ ཕྱི་ཚེས་ ༡༩ ནང་ཚུད་ལ་ཁྲིམས་དྲུང་ལས་ཁུངས་སུ་ཕུལ་ཟིན་པ་དགོས་ཞེས་གསུངས་སོང་།གཞི་རྩའི་ཐེངས་འདིའི་གནད་དོན་གཏན་འབེབས་ཀྱི་ཉན་ཞིབ་ལས་རིམ་ཐོག་མར་ཆེས་མཐོའི་ཁྲིམས་ཞིབ་པ་མཆོག་ནས་རྩོད་ལན་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ངོས་ནས་གྱོད་གཞིའི་གནད་དོན་ཁག་གི་ནང་གསེས་དོན་ཚན་ཁག་གཅིག་གི་ཐོག་གསལ་བཤད་ལན་འདེབས་དགོས་སྐོར་གསུངས་པ་རྣམས་ལ་ལན་འདེབས་ཁ་གསལ་འགོད་འབུལ་ཞུ་རྒྱུ་དང་དྲང་བདེན་གྱི་ཁྲིམས་བཤེར་ཡོང་ཆེད་ལོ་འདིའི་ཕྱི་ཟླ་ ༩ ཚེས་ ༥ སྟེ་ཟླ་བ་གསུམ་གྱི་དུས་ཚོད་འཕར་འགྱངས་གནང་དགོས་པའི་ཞུ་སྐུལ་དེ་ཁྲིམས་ཞིབ་པའི་ལས་དོན་གནང་ཕྱོགས་ལ་སྒྲོ་སྐུར་དང་ཁྲིམས་ཡིག་གི་བྱ་ལུགས་ལྟར་མ་འགྲུབ་པ་མ་ཟད། ཁྲིམས་ཞིབ་ཁང་གི་ལམ་སྟོན་ཐོག་ལའང་གནས་མེད་པ་སོགས་དོན་བཅུ་ཙམ་འགྲེལ་བརྗོད་དང་སྦྲགས། རྩོད་ལན་པའི་ཞུ་སྐུལ་དེར་བདག་སྤྲོད་བྱས་མེད་ཅེས་གསུངས་སོང་།ད་རེས་གནད་དོན་གཏན་འབེབས་ཀྱི་ཉན་ཞིབ་ལས་རིམ་གྲུབ་མཚམས་སུ་གྱོད་ཡ་ཞུ་སྦྱོར་བ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་རྩོད་ལན་པ་འཛིན་སྐྱོང་བཀའ་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་རྣམ་གཉིས་ལ་བཅར་འདྲི་ཁག་ཅིག་ཞུས་ཡོད།

བཞུགས་སྒར་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་དབུ་འཛུགས།

དེ་རིང་ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་ཚོུད་ ༩ ཐོག་བཞུགས་སྒར་བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་ཁང་གསར་པའི་ནང་དུ་དམིགས་བསལ་སྐུ་མགྲོན་རྒྱ་གར་གྱི་ RSS རྒྱལ་ཞེན་ཚོགས་པའི་དབུ་ཁྲིད་དང་འཕགས་བོད་འབྲེལ་མཐུད་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་ Indresh Kumar ལགས། སྐུ་མགྲོན་ཧིན་བོད་འཛའ་འབྲེལ་ཚོགས་པའི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Anand Kumar ལགས་ཀྱིས་གཙོས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ R.K.Khrimey ལགས། ཚོགས་གཞོན་སྐུ་ཞབས་ Sunder Kumar ལགས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བཅས་དབུ་བཞུགས་ཐོག་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་དབུ་འཛུགས་གནང་སོང་།རྒྱ་གར་རྒྱལ་ཡོངས་ནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་གྱི་མཛད་སྒོའི་ཐོག་སྐུ་ཞབས་ Anand Kumar ལགས་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ R.K.Khrimey ལགས་རྣམ་གཉིས་ཀྱིས་གཙོས་པའི་རྒྱ་གར་གྱི་སྐུ་མགྲོན་རྣམས་ཀྱིས་རྒྱལ་སྤྱིའི་ཁྱོན་ལ་རྒྱ་ནག་སྟོབས་ཤུགས་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་པ་མ་ཟད་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ནས་ལོ་ངོ་ ༦༠ འཁོར་གྱི་ཡོད་པར་བརྟེན་བོད་ཀྱི་གནད་དོན་དང་འབྲེལ་བའི་འཐབ་རྩོད་ཀྱི་ལས་འགུལ་རྒྱུན་གནས་ཐུབ་པ་གནང་དགོས་གལ་ཡིན་པ་དང་། བོད་རྒྱའི་དཀའ་རྙོག་དེ་གང་མགྱོགས་སེལ་བར་རྒྱ་གར་གཞུང་མང་གཉིས་ཀྱིས་འགན་གཙོ་བཞེས་གནང་ཚེ་དེས་བོད་མི་ཙམ་མ་ཟད་རྒྱ་གར་ལའང་དགེ་མཚན་ཆེན་པོ་ཡོད་པ་གསུངས་སོང་།ལྷག་དོན་༸གོང་ས་མཆོག་གིས་དབུས་བོད་མི་རྣམས་རྒྱ་གར་དུ་སྐུ་མགྲོན་གྱི་ངོ་བོ་ཐོག་ནས་སྣེ་ལེན་ཞུས་པ་ལྟར་རྒྱ་གར་གཞུང་མང་གཉིས་ནས་ནམ་ཞིག་བོད་མི་དག་རང་ཡུལ་དུ་ཕྱིར་ཕེབས་སྐབས་ཕེབས་སྐྱེལ་གཟབ་རྒྱས་ཞུ་རྒྱུའི་འོས་འགན་ཡོད་པ་སོགས་གསུངས་ཡོད།སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མི་ཚོའི་སེམས་ནང་ལ་བོད་མིའི་བདེན་དོན་སླད་དུ་རྒྱ་གར་གཞུང་མང་གཉིས་ལས་ལྷག་པའི་བཀའ་དྲིན་ཆེ་བ་གཞན་རྒྱལ་ཁབ་སུའང་མེད་པ་འགྲེལ་བརྗོད་དང་འབྲེལ། འཛམ་གླིང་གི་རྒྱལ་ཁབ་ཚང་མའི་ནང་ལ་རྒྱ་ནག་གི་གནོན་ཤུགས་རྐྱེན་པས་ཁོང་གིས་སྲིད་སྐྱོང་གི་ལས་གནས་བཞེས་པའི་ཐོག་མའི་ལོ་བཞི་ལྔ་ཙམ་གྱི་རིང་རྒྱ་ནག་གིས་འགོག་རྐྱེན་ལ་བརྟེན་ནས་རྒྱལ་སྤྱིའི་ཁྲོད་བོད་དོན་གླེང་རྒྱུའི་གླེང་སྟེགས་ཉུང་དུ་ཕྱིན་ཡོད་པ་དེ་ལྟར་ཡང། ད་སྐབས་ཨོ་སི་ཊོ་ལི་ཡ་གཙོས་ རྒྱལ་སྤྱིའི་རྒྱལ་ཁབ་མང་དག་ཅིག་ནང་རྒྱ་ནག་གི་ཚོང་འབྲེལ་དང་མཉམ་དུ་རིམ་བཞིན་རྒྱལ་ཁབ་སོ་སོའི་ཆབ་སྲིད་དང་ཤེས་ཡོན་སྡེ་ཚན་བཅས་ཀྱི་ཐོག་རྒྱ་ནག་གི་གནོན་ཤུགས་བརྒྱུད་བདེ་འཇགས་ལའང་བརྡབ་གསིག་ཆེན་པོ་འགྲོ་བཞིན་པ་གསལ་པོ་ཆགས་བ་མ་ཟད་དེ་འབྲེལ་བགྲོ་གླེང་ཡང་ཤུགས་ཆེན་ཡོང་གི་ཡོད་སྟབས། འདས་པའི་ལོ་ངོ་གཉིས་གསུམ་ནས་གནས་སྟངས་ལ་འགྱུར་བ་འགྲོ་བཞིན་ཡོད་པ་དང་། རྒྱ་གར་གཞུང་མང་གཉིས་ནས་ཀྱང་དེའི་ཐོག་ཐུགས་སྣང་དང་བགྲོ་གླེང་གནང་རྒྱུ་གལ་ཆེན་པོ་ཡིན་པ་འགྲེལ་བརྗོད་གནང་སོང་།འདི་ག་རླུང་འཕྲིན་ཁང་གི་གསར་འགོས་པས་བོད་མིའི་སྒྲིག་འཛུགས་ཀྱི་འཕགས་བོད་འབྲེལ་མཐུན་ཁང་གི་འབྲེལ་མཐུད་པ་དཔལ་འབྱོར་ལགས་སུ་ཐེངས་འདིའི་ཚོགས་ཆེན་དང་འབྲེལ་བའི་ཐོག་བཅར་འདྲི་ཁག་གཅིག་ཞུ་སྐབས་ཁོང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་གཙོས་པའི་བོད་དེ་རྒྱ་གར་ལ་ཇི་ཙམ་གནད་ཆེ་ཡིན་སྐོར། བོད་ཀྱི་ཁོར་ཡུག རྒྱ་གར་གཞུང་མང་ནས་བོད་ཐོག་རྒྱབ་སྐྱོར་གནང་ཐབས། དེ་བཞིན་ལྔ་དང་ལྔ་བཅུའི་འཆར་སྣང་སོགས་ཀྱི་གནད་དོན་ལྔའི་ཐོག་གླེང་སློང་གནང་གི་ཡོད་པ་གསུངས་སོང་།དེ་བཞིན་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་འཕགས་བོད་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ལྷུན་གྲུབ་ཆོས་བཟང་ལགས་སུ་རྣམ་ཀུན་ཁུལ་དེར་བོད་དོན་དང་འབྲེལ་བའི་ཕྱག་ལས་གང་དང་གང་གནང་གི་ཡོད་མེད་ཐད་ལ་བཅར་འདྲི་ཞུས་པར་ཁོང་གིས་སྔར་བྱུང་མྱོང་མེད་པའི་བོད་མིའི་རང་དབང་སྒེར་ལངས་སྲུང་བརྩི་ཞུས་ཐུབ་ཡོད་པ་མ་ཟད། ལྷག་དོན་རྒྱ་གར་དབུས་གཞུང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་དགོས་པའི་རེ་སྐུལ་གྱི་མཚན་རྟགས་བསྡུ་རུབ་གནང་བཞིན་ཡོད་སྐོར་གསུངས་སོང་།གཞི་རྩའི་ཐེངས་འདིའི་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་འདི་རྐང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མས་གོ་སྒྲིག་ཞུས་པ་ཞིག་ཆགས་ཀྱི་ཡོད་པ་དང་། ལྷན་ཚོགས་ཐོག་ཚོགས་བཅར་བ་མི་གྲངས་ ༡༨༠ ནས་ ༢༠༠ བར་མཉམ་ཞུགས་གནང་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་སྐབས་རྒྱབ་གཉེར་བསམ་འཆར་ཁག་གཞིར་བཞག་སྟེ་འབྱུང་འགྱུར་བོད་དོན་ལས་འགུལ་ཚགས་ཚུད་ཇི་ལྟར་སྤེལ་དགོས་པའི་གོ་བསྡུར་གནང་གི་འདུག

སེར་སྨད་མཁན་རིན་པོ་ཆེ་བཀྲིས་ཚེ་རིང་མཆོག་ལ་སྙན་གྲགས་ཅན་གྱི་དབྱིན་ཇི་གོང་མའི་ཆེ་བསྟོད་གཟེངས་རྟགས་འབུལ་གཏན་ཁེལ་བ།

དབྱིན་ཇི་རྒྱལ་མོ་མཆོག་གིས་ལོ་གཅིག་ནང་དབྱིན་ཇིའི་ལོ་གསར་དང་དབྱིན་ཇི་རྒྱལ་མོའི་འཁྲུངས་སྐར་གྱི་དུས་ཚོད་དང་སྟབས་བསྟུན་དམག་ནང་བྱས་རྗེས་འཇོག་མཁན་དང་སྤྱི་ཚོགསས་ནང་གཟེངས་སུ་ཐོན་པའི་ཞབས་འདེགས་ཞུ་མཁན་ལ་གཟེངས་རྟགས་གནང་བའི་མཛད་སྒོ་ཐེངས་གཉིས་སྤེལ་སྲོལ་ཡོད་པ་ལྟར། འདི་ལོ་དབྱར་དུས་སྐབས་རྒྱལ་མོའི་འཁྲུངས་སྐར་གྱི་དུས་ཚིགས་ཐོག་གཟེངས་རྟགས་བཞེས་མཁན་ཁྱོན་མི་གྲངས་ཆིག་སྟོང་བརྒལ་བའི་མཚན་ཐོ་བཏོན་གནང་བའི་ཁོངས་སུ་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་སེ་ར་སྨད་གྲྭ་ཚང་གི་༸སྐྱབས་རྗེ་མཁན་རིན་པོ་ཆེ་དགེ་བཤེས་བཀྲ་ཤིས་ཚེ་རིང་ལགས་སམ་མཚན་གཞན་དགེ་བཤེས་ལྷུན་གྲུབ་དཔལ་འབར་མཆོག་ལ་དབྱིན་ཡུལ་ནང་ལོ་ངོ་བཅུ་ཕྲག་མང་པོར་བོད་བརྒྱུད་ནང་བསྟན་ཐད་ནས་སྤྱི་ཚོགས་ལ་སྨན་པའི་ཞབས་འདེགས་བླ་མེད་ཞུས་པར་ཆེ་བསྟོད་གཟེངས་རྟགས་འབུལ་རྒྱུའི་གསལ་བསྒྲགས་གནང་འདུགདེ་རིང་ཕྱི་ཟླ་ ༦ ཚེས་ ༡༤ ཉིན་རྒྱབ་ཚོུད་ ༢༌༣༠ ཐོག་སེར་སྨད་གྲྭ་ཚང་གི་ཕྱག་མཛོད་ཁང་དང་དབུ་མཛད་དགེ་བསྐོས་བཅས་ཀྱིས་གྲྭ་ཚང་གི་ཐོག་ཁར་མཁན་རིན་པོར་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་དང་རྟེན་འབྲེལ་མཇལ་དར་ཕུལ་བའི་ཐོག་ནས་རྟེན་འབྲེལ་གྱི་མཛད་སྒོ་སྟབསས་བདེ་ཞིག་ཀྱང་ཚོགས་ཡོད་པ་རེད།རྩ་བའི་ད་རེས་རྒྱལ་མོའི་འཁྲུངས་སྐར་དང་འབྲེལ་གཟེངས་རྟགས་འབུལ་བཞེས་མཁན་ཁོངས་བརྒྱ་ཆ་ ༤༧ ཙམ་ཞིག་བུད་མེད་དང་སྒོས་བརྒྱ་ཆ་ ༡༠༌༤ ཙམ་མི་རིགས་ནག་པོ་དང་། ཨེ་ཤ་ཡ་སོགས་ཡིན་སྟབས་གཟེངས་རྟགས་དེའི་ལོ་རྒྱུས་ཁྲོད་ད་ལན་མི་རིགས་ནག་པོ་དང་ཨེ་ཤ་ཡའི་མི་རིགས་ནས་རྒྱལ་མོའི་ཆེ་བསྟོད་ཀྱི་གཟེངས་རྟགས་བཞེས་མཁན་གྱི་བརྒྱ་ཆ་མང་ཤོས་ཆགས་ཡོད་པ་རེད།གཞི་རྩའི་དགེ་བཤེས་བཀྲ་ཤིས་ཚེ་རིང་ལགས་ནི་ཕྱི་ལོ་ ༡༩༥༨ ལོར་བོད་ཀྱི་ནུབ་ཕྱོགས་སུ་ཆགས་པའི་པུ་རང་ཁུལ་དུ་འཁྲུངས་ཤིང་། བོད་ནས་བྲོས་བྱོལ་དུ་ཕེབས་རྗེས་ནང་མི་དང་ལྷན་དུ་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སུ་ཕེབས་རྗེས་སེ་སྨད་གྲྭ་ཚང་ཀོང་པོ་ཁང་ཚན་དུ་ཆོས་ཞུགས་དང་འབྲེལ་གཞུང་ཆེན་ཀ་པོད་ལྔར་གསན་བསམ་སློབ་གཉེར་མཐར་ཕྱིན་གནང་སྟེ་ཕྱི་ ལོ་ ༡༩༩༠ ལོར་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དགོངས་ལམ་སྟོན་དང་འབྲེལ་ནས་ཕྱི་ལོ་ ༡༩༩༡ ལོ་ནས་བཟུང་ཡོ་རོབ་དང་། བྱང་ཨ་མི་རི་ཀ།དེ་བཞིན་ཨེ་ཤ་ཡ་རྒྱལ་ཁབ་སོགས་ནང་བོད་བརྒྱུད་ནང་བསྟན་ཐད་སློབ་ཁྲིད་གནང་གི་ཡོད་པ་རེད་འདུག དགེ་བཤེས་བཀྲ་ཤིས་ཚེ་རིང་ལགས་ནས་ཕྱི་ལོ་ ༢༠༡༧ ལོར་ཨེ་ཤ་ཡ་དང་ཨ་ཕི་རི་ཀའི་ཐོག་གི་ལོན་ཌོན་གཙུག་ལག་སློབ་གཉེར་ཁང་ནས་མི་རྒྱུད་དཔྱད་རིག་ཐད་གཙུག་ལག་རབ་འབྱམས་ཀྱི་སློབ་མཐར་སོན་པ་དང་། ཁོང་ནས་དབྱིན་ཡིག་ཐོག་ The Foundation of Buddhist Thought འམ་ནང་པའི་ལྟ་གྲུབ་ཀྱི་རྨང་གཞི་ཞེས་པའི་ཕྱག་དེབ་པོད་ ༧ ཙམ་བརྩམས་ཡོད་པ་མ་ཟད། སྒོས་སུ་ནང་པའི་ལྟ་གྲུབ་ཀྱི་རྨང་གཞི་དང་ལམ་རིམ་སོགས་ཀྱི་བརྗོད་གཞིའི་ཐད་དྲྭ་རྒྱ་བརྒྱུད་ནང་ཆོས་དོན་གཉེར་བ་ཚོར་སློབ་ཁྲིད་གནང་གི་ཡོད་པ་རེད་འདུག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་ཐོག་ ༩༡ པར་བསྐོ་གཞག་གི་བཀའ་ཡིག་ཕེབས་ཏེ་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༧ ཉིན་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་དངོས་སུ་མཁན་པོའི་ཁྲི་འདོན་མཛད་སྒོ་གཟབ་རྒྱས་གནང་ཡོད་པ་དང་ད་ལྟ་མཁན་པོའི་མཛད་འགན་བཞེས་མུས་ཡིན་པ་རེད།

ཁ་མཆུ་ཨང་ ༢༠ པའི་གནད་དོན་གཏན་འབེབས་ཀྱི་ཉན་ཞིབ་སང་ཉིན་གནང་གཏན་ཁེལ་བ།

ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བརྒྱུད་འཛིན་སྐྱོང་བཀའ་ཤག་གིས་ཁོང་ལ་མ་ཉེས་ཁག་གཡོགས་གནང་བའི་ཁ་མཆུ་ཨང་ ༢༠ པའི་གནད་དོན་གཏན་འབེབས་ཀྱི་ཉན་ཞིབ་སང་ཉིན་གནང་གཏན་ཁེལ་འདུགདེའང་ཟླ་བ་འདིའི་ཚེས་ ༥ ཉིན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་གཙོས་པའི་ཁྲིམས་ཞིབ་པ་རྣམ་པ་དབུ་བཞུགས་དང་། ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་དང་ཁོང་གི་ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད་ལགས། དེ་བཞིན་རྩོད་ལན་པ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་ཁྲིམས་རྩོད་པ་སྤྱི་འཐུས་བློ་བཟང་གྲགས་པ་ལགས་ལྷན་ཞུགས་ཐོག་མ་ཉེས་ཁག་གཡོགས་དང་འབྲེལ་བའི་ཁ་མཆུ་ཨང་ ༢༠ པའི་ཐོག་ཉན་ཞིབ་ཐོག་མ་དེ་དབུ་འཛུགས་དང་འབྲེལ། བཀའ་ཤག་གིས་དོན་གཅོད་སྤེན་པ་ཚེ་རིང་ལགས་འཕོ་འགྱུར་གཏོང་དགོས་པའི་རྒྱུ་མཚན་དོན་ཚན་ ༡༠ སྤེལ་བའི་གནད་དོན་ཁག་གི་ཐད་འདྲི་ཞིབ་གནང་སྐབས། རྩོད་ལན་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་ཀྱིས་གྱོད་གཞིའི་གནད་དོན་ཁག་གི་ནང་གསེས་དོན་ཚན་ཁག་གཅིག་གི་ཐོག་ལེན་འདེབས་ཁ་གསལ་དང་དྲང་བདེན་གྱི་ཁྲིམས་བཤེར་ཡོང་ཆེད་ཁ་མཆུ་དེ་ལོ་འདིའི་ཕྱི་ཟླ་ ༩ ཚེས་ ༥ བར་ཟླ་བ་གསུམ་གྱི་རིང་ཕར་འགྱངས་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།འོན་ཀྱང་དེ་རིང་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གསལ་སྒྲགས་སྤེལ་བའི་ནང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༤༠ གཞིར་བཟུང་ཁ་མཆུ་འདིའི་གནད་དོན་གཏན་འབེབས་ཀྱི་ཉན་ཞིབ་སང་ཕྱི་ཟླ་ ༦ ཚེས་ ༡༥ རེས་གཟའ་སྤེན་པའི་ཕྱི་དྲོ་ཚོུད་ ༢.༣༠ ཐོག་གནང་གཏན་ཁེལ་ཡོད་པ་ཡོངས་ཁྱབ་གསལ་བསྒྲགས་གནང་འདུག གཞི་རྩའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་ནས་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༧ ཉིན་སྐབས་དེའི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་ལས་གནས་ནས་འཕོ་འགྱུར་དང་འབྲེལ་རྗེས་སུ་དོན་ཚན་བཅུ་ཅན་གྱི་གསལ་བཤད་ཅིག་འདོན་སྤེལ་གནང་སྟེ་དོན་གཅོད་སྤེན་པ་ཚེ་རིང་ལགས་ཀྱིས་བཀའ་ཤག་གི་ཐུགས་རེ་བཞིན་ལས་དོན་གནང་མ་ཐུབ་པ་དང་། ཡིད་ཆེས་བློས་འགེལ་མི་ཐུབ་པ། དེ་བཞིན་འཛིན་སྐྱོང་ལ་བྱ་སྤུ་གནོན་གྱི་གོ་རིམ་ལ་ལྟོས་མེད་གནང་ཡོད་པ་བཅས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ཐག་གཅོད་དེ་ལྟར་གནང་དགོས་བྱུང་ཡོད་པ་གསལ་བཤད་གནང་ཡོད་པ་རེད། སྐུ་ཞབས་སྤེན་པ་ཚེ་རིང་ལགས་ཀྱིས་སྐབས་དེར་དོན་གཅོད་འཕོ་འགྱུར་ཐོག་འཛིན་སྐྱོང་གི་ཐག་གཅོད་ལ་ངོས་ལེན་ཞུས་ཡོད་པ་དེ་ལྟར་ཡང་ཁོང་གི་ལས་དོན་ལ་འཐུས་ཤོར་ཕྱིན་པ་སོགས་ཀྱི་གནད་དོན་ཁག་ལ་ངོས་ལེན་རྩ་བ་ནས་ཞུ་ཐབས་མེད་པའི་འགྲེལ་བརྗོད་དང་འབྲེལ། ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༨ ཉིན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུག་གནང་ཡོད་པ་རེད།      

བོད་མིའི་གཞོན་སྐྱེས་ཤིག་ལ་ཧིན་སྒོར་འབུམ་གཅིག་གི་གཟེངས་རྟགས་གནང་འཆར།

དེ་རིང་སྔ་དྲོ་བཞུགས་སྒར་ནོར་བུ་མགྲོན་ཁང་དུ་རྒྱལ་སྤྱིའི་བོད་རིགས་སློབ་མའི་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༣ ཉིན་མོར་བོད་པའི་ཤེས་འཇོན་ལྷག་བསམ་ལྡན་པའི་ན་གཞོན་ཞིག་ལ་ཧིན་སྒོར་འབུམ་གཅིག་དང་གཟེངས་བསྟོད་ཀྱི་ཕྱག་འཁྱེར་གནང་རྒྱུ་ཡིན་པ་གསུངས་སོང་།སྐབས་དེར་རྒྱལ་སྤྱིའི་བོད་རིགས་སློབ་མའི་ལྷན་ཚོགས་ཀྱི་ཚོགས་གཙོ་བོད་ཀྱི་མཛངས་པ་ཉི་མ་ལགས་དང་སྤྱི་ཁྱབ་དྲུང་ཆེ་ཉི་འོད་ལགས། དེ་བཞིན་ཚོགས་མི་ཞི་བདེ་ཉི་མ་ལགས་དང་ཐུབ་བསྟན་ཆོས་འཚོ་ལགས་བཅས་དབུ་བཞུགས་ཐོག་ན་གཞོན་གཟེངས་རྟོགས་འབུལ་ཕྱོགས་ཀྱི་གསར་འགོད་གསལ་བསྒྲགས་མ་གནང་གོང་ལ་ཚོགས་གཙོ་ཉི་མ་ལགས་ཀྱིས་རྒྱལ་སྤྱིའི་བོད་རིགས་སློབ་མའི་ལྷན་ཚོགས་ཀྱིས་བོད་རིགས་སློབ་མ་ཁག་གི་སློབ་སྦྱོང་གོང་འཕེལ་དུ་གཏོང་ཕྱོགས་ཀྱི་ལས་འགུལ་སྤེལ་ཕྱོགས་ཐོག་ལ་གཏམ་བཤད་གནང་མཚམས་སུ་རྒྱལ་སྤྱིའི་སློབ་མའི་ལྷན་ཚོགས་ཀྱིས་ཐེངས་འདིའི་བོད་པའི་གཞོན་སྐྱེས་ཤིག་ལ་གཟེངས་རྟགས་འབུལ་དགོས་པའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་འགྲེལ་བརྗོད་གནང་སྟེ་གཟེངས་རྟགས་དེ་བརྒྱུད་ནས་སྤྱི་ཚོགས་ནང་བསམ་བློ་ཡར་སྐྱེད་ཀྱི་ནུས་ཤུགས་གསར་པ་ཞིག་ཡོང་བར་རེ་བ་བྱེད་བཞིན་ཡོད་པ་གསུངས་སོང་། ཐེངས་འདིའི་བོད་པའི་ན་གཞོན་གྱི་གཟེངས་རྟགས་དེ་འབུལ་རྒྱུའི་འོས་མིའི་ཁོངས་སུ་བསླེབ་པར་ཆ་རྐྱེན་མང་དག་ཅིག་ཡོད་པ་ལས་གཙོ་བོ་ཤེས་འཇོན་དང་ལྷག་བསམ་ལྡན་པ་ཟེར་བ་དེ་འཁོད་ཡོད་པར་བརྟེན་གསར་འགོད་པས་དེའི་གོ་བ་གང་འདྲ་ཞིག་ལེན་དགོས་མིན་ཐོག་བཅར་འདྲི་ཞུས་པར་ཉི་མ་ལགས་ཀྱིས་མ་མཐའ་ཡང་གཞི་རིམ་གོང་མའི་ཤེས་ཡོན་གྱི་གནས་ཚད་ཡོད་ཐོག་བོད་པའི་སྤྱི་ཚོགས་ནང་སྤྱི་ཚོགས་ཞབས་ཞུའི་ཁྲོད་མིག་དཔེ་འོས་པ་ཞིག་དགོས་པའི་ལན་འདེབས་གནང་སོང་།རྩ་བའི་རྒྱལ་སྤྱིའི་བོད་ཀྱི་སློབ་མའི་མཐུན་ཚོགས་ནི་ཕྱི་ལོ་ ༢༠༡༦ ལོར་བོད་རིགས་སློབ་མའི་དབར་ཆིག་སྒྲིལ་དང་སྐུལ་སློང་། དེ་བཞིན་ཤེས་ཡོན་སོགས་གོང་མཐོར་གཏོང་ཕྱོགས་ཀྱི་དམིགས་འབེན་གཞིར་བཞག་ནས་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། ད་ལྟའི་ཆར་རྒྱལ་ཁབ་ ༤༠ ལྷག་གི་ནང་ཚོགས་ཞུགས་ཀྱི་མི་སྣ་ཡོད་པ་དང་། རྒྱ་གར་ནང་བོད་རིགས་སློབ་མའི་འདུས་སྡོད་ཀྱི་ས་ཁུལ་ཡོངས་སུ་ཡན་ལག་ཚོགས་པ་བཙུགས་ཏེ་ཤེས་ཡོན་རྒྱས་གཏོང་ཕྱོགས་ཀྱི་ཐད་ནས་ལས་འགུལ་འདྲ་མིན་སྤེལ་མུས་རེད་འདུག  ཐེངས་འདིའི་བོད་མི་གཞོན་སྐྱེས་ཀྱི་གཟེངས་རྟགས་དེ་ཐོག་མར་བོད་རིགས་སློབ་མིའི་ཚོགས་སྐྱིད་ཁག་གིས་ངོ་སྦྱོར་བྱས་པ་བརྒྱུད་ནས་མཐའ་མིའི་རྟིང་རྩོད་འགྲན་བསྡུར་དུ་མི་ལྔ་གདམས་གསེས་གནང་རྒྱུ་དང་། མི་ལྔའི་མཐའ་མིའི་གདམ་གསེས་དེ་གོ་སྒྲིག་ཚོགས་ཆུང་གཅིག་པོས་ཐག་གཅོད་གནང་རྒྱུ་མ་ཡིན་པར་དྲྭ་ལམ་བརྒྱུད་མི་མང་ལའང་འོས་འདེམས་ཀྱི་བརྒྱ་ཆ་སུམ་ཅུའི་གོ་སྐབས་སྤྲོད་རྒྱུ་ཡིན་པ་རེད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༧ པ་དབུ་འཛུགས།

དེ་རིང་ཕྱི་ཚེས་ ༡༡ ཉིན་སྔ་དྲོ་ཚོུད་ ༩ ཐོག་བཞུགས་སྒར་དྷ་ཤོད་མུ་ནིས་པཱལ་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་དྷ་ས་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Ajay Singh Mankotya  ལགས། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁག་གཅིག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་རྣམ་སྤེལ་ཚང་བློ་བཟང་སྦྱིན་པ་ལགས་ཀྱིས་གཙོས་པའི་རྒྱུན་ལས་ཟུར་པ་ཁག་གཅིག དེ་བཞིན་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་རྣམ་པ་དང་། རྒྱ་གར་གཙོས་པའི་བལ་ཡུལ་དང་བྱང་ཨ་རི། ཨོ་སི་ཊོ་ཡ་དང་ཡོ་རོབ་སོགས་རྒྱལ་སྤྱིའི་ས་གནས་ ༤༠ འི་ཚོགས་མི་ ༡༥༠ ལྷག་འདུ་འཛོམས་ཐོག་བོད་ཀྱི་གཞོན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༧ པ་དབུ་འཛུགས་གནང་སོང་།  ཚོགས་ཆེན་གྱི་ཐོག་མར་སྐུ་མགྲོན་གཙོ་བོ་སྐུ་ཞབས་ Ajay Singh Mankotya ལགས་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་སྣང་གསལ་མཆོད་མེ་ཞལ་འབྱེད་གྲུབ་མཚམས་སུ་ཚོགས་བཅར་བ་རྣམས་སྐུ་བཞེངས་ཐོག་འཕགས་བོད་གཉིས་ཀྱི་རྒྱལ་གླུང་དང་། གཞོན་ནུའི་མཐུན་གཞས་བཅས་བླངས་ཏེ་ད་བར་བོད་རྒྱལ་ཁབ་དང་མི་རིགས་སླད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་གློས་བཏང་གནང་མཁན་རྒྱལ་གཅེས་པ་ཡོངས་ལ་མྱ་ངན་གུས་འདུད་ཞུས་སོང་།བོད་ཀྱི་གཞོན་ལྷན་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་མཛད་སྒོ་ངོ་སྤྲོད་ཀྱི་གསུང་བཤད་གནང་བ་དང་སྦྲགས། སྔ་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་ཨ་རིའི་གྲོང་ཁྱེར་ San Francisco ནང་དགུང་ལོ་ ༦༩ ཐོག་དགོངས་པ་རྫོགས་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་བཀའ་ཟུར་རྒྱ་རི་རིན་པོ་ཆེ་དམ་པ་མཆོག་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་གསར་འཛུགས་གནང་མཁན་ཁོངས་སུ་ཡོད་པ་སོགས་འགྲེལ་བརྗོད་དང་ཆབས་ཅིག་ཏུ་དམ་པ་ཁོང་གི་མཛད་རྗེས་ལ་དྲན་གསོ་ཞུས་ཡོད་པ་རེད།ཉིན་གྲངས་དྲུག་རིང་འཚོགས་རྒྱུའི་ཚོགས་ཆེན་ཐོག་ཚང་མས་གྲོས་གཞི་ཁག་ལ་གྲོས་བསྡུར་ལྷུག་པོ་གནང་སྟེ་བོད་ཀྱི་བསྟན་པ་ཆབ་སྲིད་ལ་སྨན་པའི་གྲོས་ཆོད་ཕྱག་བསྟར་ཐུབ་པ་ཞིག་གནང་དགོས་གལ་ཡིན་པ་དང་ལྷག་པར་དུ་ཆབ་སྲིད་ཀྱི་ཆ་ནས་བོད་དོན་བདེན་མ་གསལ་བར་དུ་སོ་སོའི་འཐབ་རྩོད་ལ་ཡིད་ཆེས་ཡོད་པའི་ཐོག་ནས་ལས་འགུལ་མུ་མཐུད་སྤེལ་དགོས་པ་གསུངས་སོང་།   ཆབ་སྲིད་ཀྱི་ལངས་ཕྱོགས་དང་འབྲེལ་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རང་བཙན་ནི་བོད་པ་ཞིག་གི་ཐོབ་ཐང་ཡིན་པའི་ཆ་ནས་མུ་མཐུད་བོད་རང་བཙན་རྩོད་ངེས་ཡིན་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་གཞན་ཚོར་དགག་བྱ་གང་ཡང་མེད་པ་སོགས་འགྲེལ་བརྗོད་དང་སྦྲགས། དེ་སྔ་ཕྱི་ལོ་ ༢༠༡༣ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ནས་ཕྱིར་འཐེན་ཞུས་པའི་ས་གནས་ཁག་དྲུག་ཡོད་པ་དེ་དག་གིས་དགོངས་པ་རྒྱ་ཆེ་བཞེས་ཏེ་མ་འོངས་པར་སྒྲིག་འཛུགས་འདིར་སླར་འཛུལ་ཞུགས་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།སྐུ་མགྲོན་གཙོ་བོ་དྷ་ས་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Ajay Singh Mankotya  ལགས་ཀྱིས་རྒྱ་གཞུང་གི་དབང་ཡོད་དང་ཐུབ་རྩོད་ཀྱི་ལམ་ནས་རྒྱལ་སྤྱིའི་ཐོག་སོ་སོའི་དབང་ཐང་རྒྱ་སྐྱེད་གཏོང་བཞིན་པ་དེ་ལམ་ལྷོང་ཡོང་རྒྱུ་ཁག་པོ་ཡིན་པ་དང་། བོད་མིའི་ངོས་ནས་སོ་སོའི་མི་རིགས་ཀྱི་ངོ་བོ་མཚོན་པའི་ཐོག་མུ་མཐུད་ལས་འགུལ་སྤེལ་དགོས་གལ་ཡིན་པ་སོགས་ལམ་སྟོན་གནང་ཡོད། ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གོ་སྒྲོག་ཞུས་པའི་རྩོམ་ཡིག་འགྲན་བསྡུར་གྱི་རྩེ་ཕུལ་སོན་པའི་སློབ་མ་དང་། འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་བོད་ཡིག་ཐོག་རྩེ་ཕུད་སོན་མཁན། དེ་བཞིན་ད་བར་གཞོན་ནུ་ལྷན་ཚོགས་ནང་ལོ་ངོ་ ༡༥ ལྷག་ཞབས་ཕྱི་ཞུ་མཁན་གྱི་གང་ཟག་སྒེར་དང་གཟེངས་སུ་ཐོན་པའི་ཕྱག་གནང་མཁན་ས་གནས་གཞོན་ནུ་ཁག་གཅིག་བཅས་ལ་ལེགས་གསོའི་བྱ་དགའ་གནང་སོང་བ་མ་ཟད། ལྷག་པར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལོ་གསུམ་རེའི་མཚམས་སུ་གནང་བཞིན་པའི་རྒྱལ་གཅེས་དཔའ་བོའི་གཟེངས་རྟགས་ཞེས་པ་དེ་ ༢༠༡༧ ལོར་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་པ་བསྟན་འཛིན་ཆོས་དབྱིངས་ལགས་སུ་ཕུལ་ཡོད་པ་རེད།གཞི་རྩའི་ཐེངས་འདིའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༧ ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་ས་གཉིས་ཀྱི་ལས་བསྡོམས་དང་རྩིས་ཁྲར་ཞིབ་གཤེར་གནང་རྒྱུ། དེ་བཞིན་ལས་དོན་བསྐྱར་ཞིབ།  ༸རྒྱལ་བའི་སྐུ་ཕྱྭ་དང་འབྲེལ་བའི་ལས་དོན་སྤེལ་ཕྱོགས། རྒྱལ་གཅེས་དཔའ་བོ་དཔའ་མོའི་མངོན་འདོད་དང་ཞལ་ཆེམ་བསྒྲུབ་ཐབས། བོད་རང་བཙན་སློར་གསོའི་ལས་འགུལ་གོང་འཕེལ་གཏོང་ཕྱོགས་སོགས་གྲོས་གཞི་དོན་ཚན་ ༩ ཐོག་གྲོས་བསྡུར་གནང་རྒྱུ་ཡིན་པ་མ་ཟད། ཚོགས་དུས་ཉིན་མཐའ་མ་སྟེ་རེ་གཟའ་ཉི་མའི་ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་གསར་པ་འོས་འདེམས་གནང་གི་ཡོད་པ་རེད།

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ ༢༠༡༩ ལོའི་༸རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་གསེར་གྱི་གཟེངས་རྟགས་ཐོབ་པ།

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གོ་སྒྲིག་ཐོག་ཕྱི་ཟླ་ ༥ ཚེས་ ༣༡ ནས་བཞུགས་སྒར་དྷ་སྟེང་བོད་ཁྱིམ་གྱི་རྩེད་ཐང་དུ་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༢༥ པ་གནང་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༡༡ ཉིན་རྒྱབ་ཚོུད་ ༣༌༣༠ ཙམ་ལ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དམིགས་བསལ་སྐུ་མགྲོན་དྷ་རྨ་ས་ལའི་གྲོང་སྡེ་བློན་ཆེན་སྐུ་ཞབས་ Devinder Singh Jaggi མཆོག་དབུ་བཞུགས་ཐོག་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༢༥ པའི་མཐའ་མའི་རྩེད་འགྲན་དེ་མོན་གྷོ་འདོད་རྒུ་གླིང་རུ་ཁག་དང་དོན་གྲུབ་གླིང་རུ་ཁག་གཉིས་དབར་གནང་ཡོད།སྐབས་དེར་མོན་གྷོ་འདོད་རྒུ་གླིང་རུ་ཁག་དང་ Clement Town དོན་གྲུབ་གླིང་རུ་ཁག་གཉིས་ནས་ཐོག་མའི་རྩེད་འགྲན་གྱི་སྐར་མ་ ༩༠ ནང་སྤོ་ལོ་རེ་རེ་བླུགས་ཏེ་གཅིག་པ་ཆགས་སྟབས། སླར་སྐར་མ་ཉི་ཤུ་མུ་མཐུད་རྩེད་འགྲན་གནང་ཡང་ཕྱོགས་གཉིས་ཀ་ནས་སྤོལ་ལོ་གཅིག་ཀྱང་བླུགས་མ་ཐུབ་པར་བརྟེན་གཅིག་མཚུངས་རང་སོར་གནས་ཡོད་པ་དང་། ཕྱོགས་གཉིས་ཀྱི་མཐའ་མའི་ཐག་གཅོད་དེ་མདུན་བཀག་མེད་པའི་རྡོག་རྡེག་ཐོག་ནས་ཐག་གནང་དགོས་བྱུང་ཡོད་པ་རེད།མདུན་བཀག་མེད་པའི་རྡོག་རྡེག་སྐབས་སུ་དོན་གྲུབ་གླིང་རུ་ཁག་ནས་སྤོལ་གཉིས་དང་མོན་གྷོ་འདོད་རྒུ་གླིང་རུ་ཁག་ནས་སྤོལ་བཞི་བླུགས་ཡོད་སྟབས་མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ ༢༠༡༩ ལོའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྒྱལ་ཁ་ཐོབ་སོང་།དེ་བཞིན་མཐའ་མའི་རྩེད་འགྲན་ཁྲོད་ཕམ་ཁ་བྱུང་ཏེ་ཨ་གཉིས་པ་སོན་པ་དོན་གྲུབ་གླིང་རུ་ཁག་གི་རུ་དཔོན་བསྟན་འཛིན་དོན་གྲུབ་ལགས་སུ་བཅར་འདྲི་ཞུས་པར་ད་རེས་རྒྱལ་ཁ་ཕམ་ཡང་ལོ་རྗེས་མར་དཀའ་ལས་ལྡབ་ལོག་གསུམ་ལས་མང་བ་བརྒྱབ་ནས་ཡོང་གི་ཡིན་ཞེས་གསུངས་སོང་། ཐེངས་འདིའི་རྩེད་འགྲན་ཁྲོདཨང་དང་པོ་སོན་པར་ཧིན་སྒོར་ ༡༢༠༠༠༠ དང་གསེར་གྱི་བུམ་པ། ཨང་གཉིས་པར་ཧིན་སྒོར་ ༡༠༠༠༠༠ ཨང་གསུམ་པ་དང་བཞི་པར་ཧིན་སྒོར་ ༢༥༠༠༠ རེ་དང་། རྩེད་འགྲན་འདིའི་ཁྲོད་ Quarter Final ཞེས་མཐའ་མའི་འགྲན་བསྡུར་རིམ་པ་དང་པོའི་བར་སླེབས་པའི་རུ་ཁག་གཞན་བཞིར་ཧིན་སྒོར་ཆིག་ཁྲི་རེ་བྱ་དགའ་གནང་ཡོད་པ་རེད།གཞི་རྩེའི་ཐེངས་འདིའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༢༥ པའི་ནང་རྒྱ་གར་གྱི་ས་གནས་ཁག་བཅུ་བདུན་གཙོ་གྱུར་བལ་ཡུལ་དང་བྱང་ཨ་རི། དེ་བཞིན་བྱིན་ཡུལ་བཅས་ནས་བོད་པའི་རྐང་རྩེད་སྤོ་ལོའི་རུ་ཁག་ ༢༣ ནས་མཉམ་ཞུགས་གནང་ཡོད་པ་དང་། ད་རེས་ཀྱི་རྩེད་འགྲན་ཁྲོད་རྐང་སྤོལ་རྩེད་མོ་བ་ཡག་ཤོས་ཀྱི་བྱ་དགའ་དེ་མོན་གྷོ་འདོད་རྒུ་གླིང་རུ་ཁག་གི་བསྟན་འཛིན་སྨོན་ལམ་ལགས་དང་། སྤོ་ལོ་མང་ཤོས་བླུགས་མཁན་གྱི་བྱ་དགའ་དེ་དོན་གྲུབ་གླིང་རུ་ཁག་གི་བསྟན་པ་ལྷུན་གྲུབ་ལགས། དེ་བཞིན་སྒོ་རགས་པ་ཡག་ཤོས་ཀྱི་བྱ་དགའ་དེ་མོན་གྷོ་འདོད་རྒུ་གླིང་རུ་ཁག་གི་བསྟན་འཛིན་བསམ་གྲུབ་ལགས་དང་། ལོ་ཆུང་འབུར་ཐོན་གྱི་བྱ་དགའ་དེ་བོད་ཁྱིན་སློབ་ཕྲུག་རུ་ཁག་གི་བསྟན་འཛིན་སྟོབས་རྒྱལ་ལགས། རྩེད་མོ་མཐུན་ཤོས་རྩེད་མཁན་གྱི་བྱ་དགའ་དེ་Hyderabad རྐང་སྤོལ་རུ་ཁག་བཅས་ལ་ཐོབ་ཡོད་པ་རེད། རྩ་བའི་ཁ་སང་མཐའ་མའི་རྩེད་འགྲན་དངོས་གཞི་དབུ་འཛུགས་མ་གནང་གོང་དུ་ གོ་པཱལ་པུར་བོད་ཁྱིམ་དང་དྷ་སྟེང་བོད་ཁྱིམ་གྱི་ལོ་ངོ་ ༡༤ མན་གྱི་བུ་མོའི་རྐང་རྩེད་སྤོ་ལོའོ་རུ་ཁག་དབར་མཛའ་མཐུན་གྱི་འགྲན་བསྡུར་གནང་གྲུབ་མཚམས་སུ་སྲིད་སྐྱོང་མཆོག་ནས་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་འདི་ཐོག་མར་དབུ་འཛུགས་གནང་ནས་འདི་ལོ་མི་ལོ་ ༢༥ འཁོར་བ་ནི་རླབས་ཆེན་གྱི་བྱས་རྗེས་ཤིག་ཡིན་པ་སོགས་འགྲེལ་བརྗོད་དང་སྦྲགས། ད་བར་རྩེད་རིགས་འདིའི་ཐོག་ཕྱག་ལས་གནང་མཁན་ཡོངས་ལ་བསྔགས་བརྗོད་གནང་བ་མ་ཟད། ལོ་རྗེས་མ་རྩེད་འགྲན་ཐེངས་ ༢༦ པ་ Clement Town དོན་གྲུབ་གླིང་གཞིས་སྒར་དུ་གནང་སྐབས་རུ་ཁག་གང་མང་ནས་མཉམ་ཞུགས་གནང་རོགས་ཞེས་འབོད་སྐུལ་གནང་ཡོད།

བཀའ་ཟུར་མདོ་སྔགས་བསྟན་འཛིན་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ།

ཕྱི་ཟླ་ ༦ ཚེས་ ༧ ཉིན་ཨ་རི་ནང་གི་གྲོང་ཁྱེར་ Madison དུ་དབུས་བོད་མིའི་སྒྲིག་བདེ་སྲུང་བཀའ་བློན་ཟུར་པ་མདོ་སྔགས་བསྟན་འཛིན་མཆོག་སྙུང་གཞི་བཞེས་རྐྱེན་སྨན་བཅོས་དང་རིམ་གྲོ་སོགས་གནང་ཡང་དྲག་སྐྱེད་མེད་པར་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་བསྟུན། དེ་རིང་ཉིན་དགུང་ཚོུད་ ༡༢༌༠༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་བཀའ་ཤག་གི་ཚོགས་ཁང་གསར་པའི་ནང་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་པ་ཁག་ཅིག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྲི་ཞུ་ལས་བྱེད་ཡོངས་ནས་བཀའ་ཟུར་དམ་པ་མཆོག་ལ་མྱ་ངན་གུས་བཏུད་ཞུ་ཕྱིར་ལྷན་འཛོམས་ཀྱིས་བསྔོ་སྨོན་གསུང་འདོན་གནང་བ་མ་ཟད། དེ་རིང་གི་ཉིན་མོར་དབུས་ལས་ཁུངས་ཁག་ནས་ལས་མཚམས་བཞག་ཡོད་པ་རེད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་སྐུ་གཤེགས་དམ་པ་བཀའ་ཟུར་མདོ་སྔགས་བསྟན་འཛིན་མཆོག་དགོངས་པ་རྫོགས་པར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མྱ་ངན་གུས་བཏུད་དང་། བར་དོའི་དངངས་སྐྲག་གང་ཡང་མེད་པར་སངས་རྒྱས་ཀྱི་གོ་འཕང་མགྱོགས་མྱུར་ཐོབ་པའི་སྨོན་ལམ་ཡོད་ཅེས་གསུངས་པ་དང་སྦྲགས། དམ་པ་ཁོང་གི་ཤུལ་ལུས་སྐུ་འཁོར་ནང་མི་ཉེ་འབྲེལ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐུགས་གསོ་གནང་སོང་།གཞི་རྩའི་བོད་མིའི་སྒྲིག་འཛུགས་བདེ་སྲུང་བཀའ་ཟུར་མདོ་སྔགས་བསྟན་འཛིན་མཆོག་ནི་ཕྱི་ལོ་ ༡༩༤༠ ལོར་ལྷ་སར་སྐུ་འཁྲུངས་ཡོད་པ་དང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་པོས་བཙན་གནོན་འོག་བོད་ལ་དུས་གྱུར་ཆེན་པོ་བྱུང་རྐྱེན་༸གོང་ས་མཆོག་གི་སྐུ་སྲུང་ཁོངས་སུ་རང་དམག་རུ་ཤོག་གཉིས་དང་བཅས་བཙན་བྱོལ་རྒྱ་གར་དུ་ཕེབས་ཡོད་པ་རེད། ཕྱི་ལོ་ ༡༩༦༢ ཟླ་ ༢ ཚེས་ ༢༧ ཉིན་ནས་གཞུང་ཞབས་སུ་ཞུགས་པ་དང་། ཐོག་མར་ཨོ་རི་ས་གནས་འགོ་འཛིན་གནང་། དེ་ནས་རིམ་བཞིན་དྲུང་ཆེ་དང་ཆེས་མཐོའི་ཁྲིམས་ཞིབ་པ་གཞན། དེ་བཞིན་བདེ་སྲུང་བཀའ་བློན་སོགས་ཀྱི་ཐུགས་འགན་བཞེས་མྱོང་ཡོད་པ་རེད།

Latest news