Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

འགྱིག་སྣོད་ཀྱིས་ཁོར་ཡུག་ལ་འབགས་བཙོག་བཟོ་བའི་གོ་རྟོགས་ལས་འགུལ།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་རྒྱལ་སྤྱིའི་ཁོར་ཡུག་ཉིན་མོ་དང་བསྟུན་མང་ཚོགས་ལ་འགྱིག་སྣོད་ཀྱིས་ཁོར་ཡུག་ལ་འབགས་བཙོག་བཟོ་བའི་གོ་རྟོགས་ལས་འགུལ་སྤེལ་སོང་། དེ་རིང་ཟླ་ ༦ ཚེས་ ༥ ཉིན་སྔ་དྲོ་ཚོུད་ ༡༠ ཐོག་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་མེག་གྷན་རླངས་འཁོར་བབས་ཚུགས་སུ་འགྱིག་རིགས་བེད་སྤྱོད་གནང་རྒྱུ་མཚམས་འཇོག་དགོས་པ་དང་།  དེ་ལྟར་མ་བྱུང་ཚེ་འགྱིག་རིགས་སྤྱོད་ཚར་རྗེས་བསྐྱར་དུ་སྤྱོད་དགོས་སྐོར་འཁོད་པའི་ཕྲེད་དར་དང། སྦྱར་པང་དུ་འགྱིག་སྣོད་རིགས་བེད་སྤྱོད་གནང་རྒྱུ་ལས་ཁོར་ཡུག་ལ་མི་གནོད་པའི་དངོས་པོ་གཞན་སྤྱོད་རྒྱུ་ཡོད་པ་འགྲེམས་སྟོན་གནང་བ་མ་ཟད་མང་ཚོགས་ལ་དེ་འབྲེལ་ཡིག་ཆ་ཁག་ཅིག་འགྲེམས་སྤེལ་གྱིས་གོ་རྟོགས་ལས་འགུལ་སྤེལ་སོང་། རྩ་བའི་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་དེ་རིང་གི་ཉིན་མོ་དང་བསྟུན་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་གནང་བའི་ནང་བོད་ནང་དུ་ཡུལ་སྐོར་སྤྲོ་འཆམ་པ་དང།  གནས་སྐོར་བ། རྒྱ་ནག་གི་འཛུགས་སྐྲུན་འཕེལ་རྒྱས་སོགས་ལས་གད་སྙིགས་ཕོན་ཆེ་བྱུང་རྐྱེན་ཁོར་ཡུག་ཐོག་དཀའ་ངལ་མང་དག་འཕྲད་སྐོར་གསལ་བཏོན་གནང་འདུག དབུས་བེུད་ལྷན་ཚོགས་ཀྱི་ཁོར་ཡུག་ཚན་པའི་འགན་འཛིན་ཟླ་བ་སྒྲོལ་མ་ལགས་ཀྱིས་འཛམ་གླིང་ནང་མི་འབོར་འཕེལ་རྒྱས་བྱུང་བ་ལྟར་གད་སྙིགས་འགྱིག་ལ་སོགས་པའི་ཐོན་ཡང་དེ་ཙམ་མང་བ་བྱུང་བ་དང་།  དེང་སྐབས་མི་རྣམས་ཀྱིས་འཚོ་བ་སྟབས་བདེར་རོལ་ནས་འགྱིག་སྣོད་སོགས་ཚོད་མེད་སྤྱོད་སྟབས་ཁོར་ཡུག་ལ་དོ་ཕོག་ཆེན་པོ་འགྲོ་བཞིན་ཡོད་པ་རེད། དེས་ན་མི་རེ་ངོ་རེ་ནས་འགན་ཁུར་ཐོག་དགོངས་པ་ཆེ་བཞེས་གནང་དགོས་གལ་སྐོར་སོགས་གསུངས་ཡོད། གཞི་རྩའི་འཛམ་གླིང་ཁོར་ཡུག་ཉིན་མོ་དེ་རྒྱལ་ཚོགས་ནས་ཕྱི་ལོ་ ༡༩༧༢ ལོར་གཏན་འབེབས་གནང་ཡོད་པ་དང་། ༡༩༧༤ ལོར་གོ་ལ་གཅིག་ཁོ་ན་ཞེས་པའི་བརྗོད་གཞི་ཐོག་ཆེས་ཐོག་མ་སྲུང་བརྩི་གནང་ཡོད་པ་ལྟར་ལོ་ལྟར་འཛམ་གླིང་གི་རྒྱལ་ཁབ་ ༡༤༣ ལྷག་ནས་མཉམ་ཞུགས་གནང་བའི་ཉིན་མོ་དེའི་ཐོག་འབགས་བཙོག་གི་གནད་དོན་དང་།  མི་འབོར་འཕེལ་རྒྱས།  གོ་ལའི་ཚ་དྲོད།  རི་སྐྱེས་སྲོག་ཆགས་དང་འབྲེལ་བའི་ནག་ཉེས་སོགས་ཀྱི་སྐོར་གོ་རྟོགས་སྤེལ་བཞིན་ཡོད་པ་རེད། འདི་ལོའི་བརྗོད་གཞི་ནི་འགྱིག་སྣོད་ཀྱིས་ཁོར་ཡུག་འབགས་བཙོག་བཟོ་བའི་དཀའ་ངལ་ལ་གདོང་ལེན་ཞེས་པ་དེ་ཡིན་པ་རེད།

དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ངོ ༢༩ འཁོར་བར་གདུང་སེམས་མཉམ་བསྐྱེད་ཀྱི་ཐོག་ནས་སྲུང་བརྩི་ཞུས་པ།

དེ་རིང་ཟླ་ ༦ ཚེས་ ༤ ཉིན་མོ་སྟེ་དེ་སྔ་ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་གྱི་རྒྱལ་ས་པེ་ཅིང་གི་གནམ་སྡེ་སྒོར་ཆོ་ཐང་ཆེན་དུ་རྒྱ་ནག་གི་མཐོ་རིམ་སློབ་མ་སྟོང་ཕྲག་མང་པོས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་ནས་རྒྱ་ནག་རང་དབང་དང་མང་གཙོའི་ལམ་དུ་བསྐྱོད་དགོས་པའི་དགོས་འདུན་བཏོན་པར་རྒྱ་གཞུང་གིས་གོ་མཚོན་དམག་མི་ཆེད་གཏོང་གིས་སློབ་ཕྲུག་སྟོང་ཕྲག་མང་པོ་དམར་བསད་བཏང་བའི་གནད་དོན་དེ་བྱུང་ནས་ལོ་ངོ་ ༢༩ ཧྲིལ་པོ་འཁོར་བའི་དུས་ཚིགས་དང་བསྟུན། རྒྱལ་སྤྱིའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་གནད་དོན་དེ་དང་འབྲེལ་ཤུལ་ལུས་ནང་མི་དང་རྒྱ་རིགས་མང་ཚོགས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་གོ་རྟོགས་ལས་འགུལ་སྤེལ་བའི་བརྒྱུད་དུས་ཚིགས་དེ་དྲན་གསོ་ཞུས་སོང་། མེག་གྷན་རླངས་འཁོར་བབས་ཚུགས་སུ་རྒྱལ་སྤྱིའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་འོག་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་དྲུག་བཞི་དོན་རྐྱེན་དང་འབྲེལ་བའི་དངོས་ཡོད་གནད་དོན་བཅུ་ཞེས་འཁོད་པའི་ཡིག་ཆ་འགྲེམས་སྤེལ་དང་དོན་རྐྱེན་དེའི་སྐོར་ངོ་སྤྲོད་གནང་ཡོད་པ་མ་ཟད། སྦྱར་པང་ཞིག་གི་སྟེང་དུ་འདས་པོ་དང་འདས་པོའི་ཤུལ་ལུས་ནང་མི་བཅས་པ་ལ་རང་ཉིད་ཀྱི་སེམས་གསོའི་དགོངས་ཚུལ་འབྲི་ས་ཆེད་སྐྲུན་ཞུས་འདུག་པ་དང་། དེར་དོ་སྣང་དང་ཆ་ཤས་བླངས་མཁན་མང་དག་ཞིག་བྱུང་ཡོད། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འགན་འཛིན་བསྟན་འཛིན་གྲགས་པ་ལགས་སུ་ལས་འགུལ་དང་འབྲེལ་བའི་བཅར་འདྲི་ཞུས་པར་དེ་སྔ་ ༡༩༨༩ ལོའི་དོན་རྐྱེན་དེའི་འོག་རྒྱ་རིགས་སློབ་མ་སྟོང་ཕྲག་མང་པོ་དམར་བསད་བཏང་བའི་གནད་དོན་དེ་རྒྱ་རིགས་མང་ཚོགས་ཀྱི་ཁྲོད་ཤེས་རྟོགས་མེད་སྟབས་དེའི་སྐོར་གོ་རྟོགས་སྤེལ་རྒྱུ་ཆེད་དུ་ཡིན་པ་དང་། རྒྱ་ནག་རྒྱལ་ཁབ་ལ་མང་གཙོ་ཞིག་བྱུང་ཚེ་བོད་མི་རིགས་དང་བོད་ཀྱི་རྩ་དོན་ལ་ཁེ་ཕན་ཡོད་སྐོར་གསུངས་སོང་། སྐར་མ་ལྔ་ཅན་གྱི་རྒྱ་ནག་རྒྱལ་དར་དེ་རྣམ་པ་བསྒྱུར་ཏེ་མེ་སྒྱོགས་ལྔ་ཅན་གྱི་མདུན་དུ་བློ་སྟོབས་ཅན་གྱི་རྒྱ་རིགས་ཤིག་ལངས་བསྡད་པའི་རྒྱལ་དར་ནི་ད་བར་ལོ་རྒྱུས་ཀྱི་ཁྲོད་སུ་ཀྱང་ཤེས་རྟོག་མེད་པའི་མི་ཞིག་གིས་དེ་སྔ་དྲུག་བཞིའི་དོན་རྐྱེན་བྱུང་སྐབས་མེ་སྒྱོགས་ཀྱི་མདུན་དུ་ལངས་ནས་འཐབ་རྩོད་བྱས་ཡོད་པ་ནི་ཁོང་གི་བློ་སྟོབས་དེ་མཚོན་བཞིན་ཡོད་པ་གསུངས་ཡོད། དེ་དང་ཕྱོགས་མཚུངས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ནང་ཨ་རིར་གནས་སྡོད་བྱེད་མཁན་གྱི་ཤེས་ལྡན་རྒྱ་རིགས་རང་བཙན་འཐབ་རྩོད་པ་དང་མང་གཙོ་རྩོད་ལེན་བྱེད་མཁན་གྱིས་གོ་སྒྲིག་འོག་རྒྱ་ནག་གཞུང་ཚབ་ཁང་གྱི་མདུན་དུ་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ངོ ༢༩ འཁོར་བར་གདུང་སེམས་མཉམ་བསྐྱེད་ཀྱི་ཐོག་ནས་དུས་དྲན་སྲུང་བརྩི་ཞུས་འདུག རྩ་བའི་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ངོ་ ༢༩ འཁོར་བར་གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོ་ཞིག་ཆགས་ཡོད་པ་དང་། ས་གནས་གང་སར་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡན་ལག་ཁག་ནས་དྲན་གསོའི་ལས་འགུལ་སྤེལ་བཞིན་ཡོད་པ་དང་།  ལྷག་པར་དུ་མཐོ་སློབ་ཁག་འགྲིམ་བཞིན་པའི་སློབ་མ་རྣམས་ནས་ཀྱང་རང་ཉིད་ཀྱི་མཐོ་སློབ་ཁག་ཏུའང་དོན་རྐྱེན་དེའི་སྐོར་ངོ་སྤྲོད་གནང་གི་ཡོད་པ་རེད་འདུག  

བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་ CONIFA འཛམ་གླིང་རྐང་སྤོལ་གཟེངས་རྟགས་ཀྱི་རྩེད་འགྲན་ནས་བུད་འདུག

བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་ཟླ་ ༥ ཚེས་ ༣༡ ནས་ཟླ་བ་འདིའི་ཚེས་ ༩ བར་དབྱིན་ཡུལ་ནང་ཕྱི་ལོ་ ༢༠༡༨ ལོའི་ CONIFA རྐང་སྤོལ་རྩེད་འགྲན་ཆེས་ཐོག་མ་གནང་བཞིན་ཡོད་པ་ལྟར། འདས་པའི་རྩེད་འགྲན་རིམ་པ་དང་པོ་སྟེ་སྡེ་ཚན་སོ་སོ་ནང་གི་རྩེད་འགྲན་མི་འདྲ་བ་གསུམ་པོའི་ནང་ཕམ་ཉེས་བྱུང་ནས་འདི་ལོའི་ CONIFA འཛམ་གླིང་རྐང་རྩེད་སྤོ་ལོའི་གཟེངས་རྟགས་ཀྱི་འགྲན་བསྡུར་ནས་བུད་ཟིན་ཡོད་པ་རེད། བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་ནས་རྩེད་འགྲན་དང་པོ་དེ་ཕྱི་ཚེས་ ༣༡ ཉིན་ Abkhazia རུ་ཁག་དང་གནང་རྗེས་བོད་པའི་རུ་ཁག་ལ་སྤོ་ལོ་ཀླད་ཀོར་དང་ Abkhazia རུ་ཁག་ལ་སྤོ་ལོ་གསུམ་བཅས་ཀྱི་ཐོག་ནས་ཕམ་ཉེས་བྱུང་ཡོད་པ་དང་། རྩེད་འགྲན་གཉིས་པ་ཁ་ཉིན་ Northern Cyprus རུ་ཁག་དང་གནང་རྗེས་བོད་པའི་རུ་ཁག་ལ་སྤོ་ལོ་གཅིག་དང་ Northern Cyprus རུ་ཁག་ལ་སྤོ་ལོ་གསུམ། དེ་བཞིན་འགྲན་བསྡུར་རིམ་པ་དང་པོ་ལས་རྩེད་འགྲན་མཐའ་མ་དེ་ཁ་སང་དགོང་དྲོ་ Karpatalya རུ་ཁག་དང་གནང་སྐབས་བོད་པའི་རུ་ཁག་ལ་སྤོ་གཅིག་དང་ Karpatalya རུ་ཁག་ལ་སྤོ་ལོ་ལྔ་བཅས་ཀྱི་ཧེ་བག་ལས་བོད་པའི་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ཤོར་ཡོད་པ་རེད། ཐེངས་འདིའི་རྩེད་འགྲན་ཁྲོད་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་ནས་ཁྱོན་སྤོ་ལོ་གཉིས་མ་གཏོགས་བླུགས་ཐུབ་མེད་པ་དང་། སྤོ་ལོ་དང་པོ་དེ་རྩེད་འགྲན་པ་སྐལ་བཟང་སྟོབས་རྒྱལ་ལགས་ཀྱིས་ཁ་ཉིན་ Northern Cyprus དང་རྩེད་འགྲན་གནང་སྐབས་བླུགས་ཡོད་པ་རེད། དེ་ནི་ CONIFA འཛམ་གླིང་རྐང་རྩེད་སྤོ་ལོའི་གཟེངས་རྟགས་ཀྱི་འགྲན་བསྡུར་ཁྲོད་བོད་པའི་ངོས་ནས་སྤོ་ལོ་བླུགས་པ་ཆེས་ཐོག་མ་དེ་ཡིན་པ་རེད། ད་རེས་ཀྱི་རྐང་སྤོལ་རྩེད་འགྲན་གནང་སྐབས་ས་གནས་ཁག་གི་བོད་མི་མང་དག་ཞིག་ལྷན་འཛོམས་གནང་ཐོག་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་འཕྱར་ནས་བོད་མིའི་རུ་ཁག་ལ་དགའ་བསུའི་རྣམ་པ་ཤུགས་ཆེ་བཏོན་ཡོད་པ་མ་ཟད། རྩེད་འགྲན་དབུ་འབྱེད་སྐབས་དབྱིན་ཡུལ་བོད་རིགས་ཚོགས་པའི་རིག་གཞུང་སྡེ་ཚན་གྱིས་གོ་སྒྲིག་གནང་ཐོག་རྩེད་རར་གཟིགས་མོ་བ་རྣམས་ལ་བོད་ཀྱི་ཐུན་མིན་ཆང་གཞས་གཟིགས་འབུལ་བརྒྱུད་རྩེད་འགྲན་དབུ་འཛུགས་གནང་ཡོད། ལྷག་དོན་ས་གནས་ཡུལ་མི་ཚོར་བོད་ཀྱི་ངོ་བོ་དང་རིག་གཞུང་མངོན་གསལ་གནང་ཐུབ་ཡོད་པ་སོགས་ཀྱི་གྲུབ་འབྲས་མི་དམན་པ་སོན་འདུག གཞི་རྩའི་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་ CONIFA འཛམ་གླིང་རྐང་རྩེད་སྤོ་ལོའི་གཟེངས་རྟགས་ཀྱི་འགྲན་བསྡུར་ནང་མཉམ་ཞུགས་གནང་བ་ད་རེས་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་དང་། རྩེད་འགྲན་དེའི་སྐབས་རྒྱ་ནག་ཕྱོགས་ནས་རྩེད་འགྲན་གོ་སྒྲིག་གནང་མཁན་ལ་ CONIFA རྒྱལ་སྤྱིའི་རྩེད་འགྲན་དེའི་ནང་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་མཉམ་ཞུགས་གནང་བཅུག་རྒྱུ་མེད་པར་གནོན་ཤུགས་འདྲ་མིན་སྤྲད་ཡོད་པ་རེད། རྒྱ་གཞུང་གི་གནོན་ཤུགས་དེ་དང་འབྲེལ་ CONIFA འཛམ་གླིང་རྐང་རྩེད་སྤོ་ལོའི་གཟེངས་རྟགས་འགྲན་བསྡུར་གྱི་ངེས་སྟོན་པ་སྐུ་ཞབས་ Paul Watson ལགས་ནས་ Independent གསར་ཁང་གི་བཅར་འདྲི་དང་ལེན་དང་འབྲེལ། རྒྱ་གཞུང་གི་གནོན་ཤུགས་རྐྱེན་པས་རྩེད་འགྲན་ལ་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་སྡེ་ཁག་ཅིག་ཕྱིར་འཐེན་བྱས་ཡོད་ཀྱང་། རྩེད་འགྲན་གྱི་སྦྱིན་བདག་གཙོ་བོ་ Ireland ནང་རྟེན་གཞི་བྱས་པའི་རྒྱན་འཛུགས་ཚོང་ལས་ཁང་ Paddy Power ཞེས་པས་རྒྱ་གཞུང་གི་གནོན་ཤུགས་ལ་ལྟོས་མེད་མུ་མཐུད་རྒྱབ་སྐྱོར་གནང་ཡོད་པ་གསུངས་འདུག རྩ་བའི་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་སྡེ་ཚན་སོ་སོ་ནང་གི་རྩེད་འགྲན་ནང་ཕམ་ཉེས་བྱུང་སྟེ་འཐེངས་འདིའི་ CONIFA འཛམ་གླིང་རྐང་རྩེད་སྤོ་ལོའི་གཟེངས་རྟགས་ཀྱི་འགྲན་བསྡུར་ནས་བུད་ཡོད་ཀྱང་། མ་འོངས་ལོ་གཉིས་ཀྱི་རྗེས་ CONIFA འཛམ་གླིང་རྐང་རྩེད་སྤོ་ལོའི་གཟེངས་རྟགས་ཀྱི་འགྲན་བསྡུར་ནང་མཉམ་ཞུགས་ཐུབ་མིན་དང་འབྲེལ་འགྲན་བསྡུར་འདིའི་ནང་ཕམ་ཉེས་བྱུང་བའི་རུ་ཁག་ Ellan Vannin དང་ Tamil Eelam དེ་བཞིན་ Abkhazia བཅས་དང་ལྷན་དུ་རིམ་པས་རྩེད་འགྲན་ཁག་ཅིག་གནང་གི་ཡོད་རེད།

བཞུགས་སྒར་དུ་བོད་རྒྱལ་ཡོངས་ཀྱི་རྐང་སྤོལ་རྩེད་འགྲན་དབུ་འཛུགས།

ཕྱི་ལོ་ ༢༠༡༨ ལོ་འདི་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་རྒྱུར་ཡོངས་བསྒྲགས་གནང་བ་ལྟར། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དྷ་སྟེང་བོད་ཁྱིམ་རྩེད་ཐང་དུ་དེ་རིང་ནས་དབུ་འཛུགས་ཀྱིས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་དང་འབྲེལ་ཉིན་གྲངས་བཅུའི་རིང་བོད་རྒྱལ་ཡོངས་ཀྱི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཆེན་མོ་དབུ་འཛུགས་གནང་སོང་། ཐེངས་འདིའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཆེན་མོའི་ཐོག་རྒྱ་གར་བྱང་ཤར་ཁུལ་གྱི་ཏི་ཛུ་དང་། ལྷོ་ཕྱོགས་མོན་གྷོ། སྦེང་ལོར། དེ་བཞིན་བྱང་ཕྱོགས་ལྡི་ལི། རྡེ་ར་ལྡུན།  ཅན་ཌཱི་གྷར། མ་ན་ལི། སྦིར། སིམ་ལ་སོགས་བོད་མིའི་གནས་སྡོད་ས་གནས་ཁག་འདྲ་མིན་ནས་རྩེད་འགྲན་རུ་ཁག་ ༡༦ གི་ན་གཞོན་རྩེད་འགྲན་པ་ ༡༥༠ ལྷག་འདུ་འཛོམས་བྱུང་འདུག ཐེངས་འདིའི་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཞུ་རྒྱུའི་བོད་རྒྱལ་ཡོངས་ཀྱི་རྐང་སྤོལ་རྩེད་འགྲན་གོ་སྒྲིག་ཞུ་མཁན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་རྩེད་འགྲན་འདི་ནི་གཙོ་བོ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཞུ་རྒྱུ་ཙམ་མ་ཟད། རྩེད་རིགས་ཀྱི་ལམ་ནས་བོད་རིགས་གཞོན་སྐྱེས་ནང་ཁུལ་དབར་མཐུན་ལམ་གོང་འཕེལ་ཡོང་ཆེད་ཡིན་པ་གསུངས་སོང་། རྩེད་འགྲན་གྱི་ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང། དམིགས་བསལ་སྐུ་མགྲོན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇེ་མང་ཀོ་ཊི་ཡ་མཆོག་རྣམ་གཉིས་གཙོས། དྷ་ས་ཁུལ་གྱི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་སེར་སྐྱ་མང་ཚོགས་འདུ་འཛོམས་བྱུང་འདུག སྐུ་ཞབས་ཨ་ཇེ་མང་ཀོ་ཊི་ཡ་མཆོག་གིས་ད་རེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཧིན་བོད་ཡུལ་དབར་མཛའ་མཐུན་གོང་འཕེལ་ཡོང་སླད་རྩེད་འགྲན་འདི་ལྟ་བུ་ཞིག་གོ་སྒྲིག་ཞུས་པར་བསྔགས་བརྗོད་དང་འབྲེལ། མ་འོངས་པར་བོད་རིགས་གཞོན་སྐྱེས་ཚོའི་ངོས་ནས་བོད་མི་དང་ས་གནས་ཡུལ་མི་དབར་མཛའ་མཐུན་གོང་འཕེལ་ཆེད་འདི་ལྟ་བུའི་རྩེད་འགྲན་གོ་སྒྲིག་གནང་གལ་ཡིན་པ་དང་། ལྷག་པར་དུ་དེ་སྔ་བོད་མི་རྒན་རབས་པ་ཚོས་ས་གནས་ཡུལ་མི་དབར་མཛའ་མཐུན་གྱི་འབྲེལ་ལམ་ཞིག་གནང་བ་དེ་ད་ཆ་བོད་རིགས་གཞོན་སྐྱེས་ཚོས་རྒྱུན་སྐྱོང་གོང་འཕེལ་གནང་དགོས་གནད་ཡིན་པ་གསུངས་སོང་། སྤྱི་འཐུས་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བོད་མིའི་རྩེད་འགྲན་པ་ཚོས་རྐང་རྩེད་སྤོ་ལོ་རྩེད་པ་ཙམ་མིན་པར་དེ་དག་གི་ལོ་རྒྱུས་དང་བཅས་པར་དོ་སྣང་དང་ཤེས་རྟོགས་གནང་གནད་ཡིན་པ་སོགས་གསུང་པ་དང་འབྲེལ་ཐེངས་འདིའི་རྩེད་འགྲན་དངོས་གཞི་དབུ་འཛུགས་ཀྱི་གསལ་བསྒྲགས་བསྐྱངས་ཡོད། དབུ་འབྱེད་མཛད་སྒོ་ལེགས་གྲུབ་རྗེས་རྒྱ་གར་ས་གནས་ཡུལ་མི་དང་བོད་མི་དབར་མཛའ་མཐུན་གྱི་འབྲེལ་ལམ་སྲ་བརྟན་གོང་འཕེལ་ཡོང་སླད་དྷ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་དང་རྒྱ་གར་གྱི་ས་གནས་ཡུལ་མི་ལས་གྲུབ་པའི་རྐང་སྤོལ་རུ་ཁག་དང་དྷ་ས་ཁུལ་གྱི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་ཁག་སྐུ་ཚབ་ལས་གྲུབ་པའི་རུ་ཁག་གཉིས་དབར་མཛའ་འབྲེལ་གྱི་རྩེད་འགྲན་གནང་ཡོད་པ་རེད། རྩ་བའི་དེ་རིང་རྐང་རྩེད་སྤོ་ལོའི་དངོས་གཞི་རྩེད་འགྲན་དེ་དེ་རིང་ཉིན་གུང་ཚོུད་ ༡༢ ནས་དབུ་འཛུགས་གནང་ཡོད་པ་དང་། ཐོག་མའི་རྩེད་འགྲན་དེ་མོན་གྷོ་ས་གནས་གཞོན་ནུ་རྐང་སྤོལ་རུ་ཁག་དང་མ་ན་ལི་རྐང་སྤོལ་རུ་ཁག་དབར་རྩེད་གནང་སོང་བ་དང། དེ་རྗེས་དོན་གྲུབ་གླིང་རྐང་སྤོལ་རུ་ཁག་དང་སྦེང་ལོར་ས་གནས་གཞོན་ནུ་རུ་ཁག མཐར་ Victory FC དང་སྦིར་ས་གནས་གཞོན་ནུ་རུ་ཁག་དབར་རྩེད་འགྲན་གནང་ཡོད་པ་རེད། རྩེད་འགྲན་མཐའ་མ་དེ་ཕྱི་ཟླ་ ༦ ཚེས་ ༡༠ ཉིན་གནང་གི་ཡོད་པ་དང་། རྐང་སྤོལ་རྩེད་འགྲན་གྱི་ཨང་དང་པོའི་རྒྱལ་ཁ་སོན་པའི་རུ་ཁག་ལ་བྱ་དགའ་ཧིན་སྒོར་འབུམ་གཅིག་དང་། ཨང་གཉིས་པར་སྟོང་ཕྲག་ལྔ་བཅུ་བཅས་གནང་རྒྱུ་རེད་འདུག  

བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་ CONIFA རྐང་སྤོལ་རྩེད་འགྲན་དང་པོའི་ནང་སྤོ་ལོ་ཀླད་ཀོར་ཐོག་ནས་ཤོར་འདུག

ཁ་སང་ཟླ་ ༥ ཚེས་ ༣༡ ཉིན་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་དང་ Abkhazia རུ་ཁག་གཉིས་དབར་ཕྱི་ལོ་ ༢༠༡༨ ལོའི་ CONIFA རྐང་སྤོལ་རྩེད་འགྲན་ཆེས་ཐོག་མ་གནང་བ་ལས་བོད་མིའི་རུ་ཁག་ལ་སྤོ་ལོ་ཀླད་ཀོར་དང་ Abkhazia རུ་ཁག་ལ་སྤོ་ལོ་གསུམ་བཅས་ཀྱི་ཐོག་ནས་བོད་པའི་རུ་ཁག་ཤོར་འདུག འདི་ལོའི་ CONIFA རྩེད་འགྲན་དེ་ཁ་སང་ནས་དབུ་འཛུགས་ཀྱིས་ཟླ་བ་འདིའི་ཚེས་ ༩ བར་རྩེད་འགྲན་གནང་གི་ཡོད་པ་ལྟར། ཁ་སང་ཟླ་ ༥ ཚེས་ ༣༡ ཉིན་རྩེད་འགྲན་ཉིན་དང་པོའི་ཐོག་རྩེད་རར་དབྱིན་ཡུལ་དང་ཉེ་འཁོར་ས་གནས་ཁག་གི་བོད་མི་མང་དག་ཞིག་ལྷན་འཛོམས་གནང་ཐོག་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་འཕྱར་ནས་བོད་མིའི་རུ་ཁག་ལ་དགའ་བསུའི་རྣམ་པ་ཤུགས་ཆེ་བཏོན་འདུག་པ་མ་ཟད། རྩེད་འགྲན་དབུ་འབྱེད་སྐབས་དབྱིན་ཡུལ་བོད་རིགས་ཚོགས་པའི་རིག་གཞུང་སྡེ་ཚན་གྱིས་གོ་སྒྲིག་གནང་ཐོག་རྩེད་རར་གཟིགས་མོ་བ་རྣམས་ལ་བོད་ཀྱི་ཐུན་མིན་ཆང་གཞས་གཟིགས་འབུལ་བརྒྱུད་རྩེད་འགྲན་དབུ་འཛུགས་གནང་འདུག འདི་ག་རླུང་འཕྲིན་ཁང་ནས་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་གི་རུ་དཔོན་ཀརྨ་ཚེ་དབང་ལགས་སུ་ཁ་སང་གི་རྩེད་འགྲན་དང་འབྲེལ་བའི་ཐོག་བཀའ་འདྲི་ཞུས་པར་ཁོང་གིས་བོད་མིའི་རྐང་སྤོལ་རུ་ཁག་གི་ངོས་ནས་རྩེད་འགྲན་གང་ཐུབ་གནང་ཡོད་པ་དང་། Abkhazia རྩེད་འགྲན་པ་རྣམས་བོད་པའི་རྩེད་འགྲན་པ་རྣམས་དང་མི་འདྲ་བར་ལུས་པོ་བདེ་ཐང་ཐོག་དོ་སྣང་ཆེ་བ་ཡོད་སྐོར་གསུངས་སོང་། རྩ་བའི་འགྲན་བསྡུར་དེའི་ནང་འཛམ་གླིང་ནང་གི་གླིང་ཆེན་ཆེ་ཁག་བཞིའི་ཚོགས་མི་རྒྱལ་ཁབ་ཕན་ཚུན་དབར་ཚུད་རྒྱུགས་གནང་ཐོག་རྩེ་ཕུད་སོན་པའི་རྒྱལ་ཁབ་ ༡༦ གི་སྐུ་ཚབ་རུ་ཁག་དངོས་སུ་མཉམ་ཞུགས་གནང་ཡོད་པ་དང་། ལྷག་དོན་བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་ནས་རྩེད་འགྲན་པ་ ༡༥ དང་ཨ་རི་དང་ཁེ་ན་ཌ། དེ་བཞིན་ཡུ་རོབ་ཁུལ་གྱི་ས་གནས་བཅས་ནས་ཁྱོན་བོད་རིགས་རྩེད་འགྲན་ ༧ ནས་མཉམ་ཞུགས་གནང་འདུག

རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ཚོགས་ཆེན་ཐེངས་དང་པོ་མཇུག་སྒྲིལ་དང་སྐབས་ལྔ་པའི་རྒྱུན་ལས་གསར་འདེམས།

ཟླ་ ༥ ཚེས་ ༢༦ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་བསྐོང་ཚོགས་གནང་བའི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ཚོགས་ཆེན་ཐེངས་དང་པོ་དེ་རིང་མཇུག་སྒྲིལ་དང་འབྲེལ་སྐབས་ལྔ་པའི་རྒྱུན་ལས་གསར་པ་འོས་འདེམས་གནང་སོང་། ཚོགས་ཆེན་མཇུག་སྒྲིལ་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཆེད་ཕེབས་གནང་ཡོད་པ་དང་། སྐབས་དེར་རིན་པོ་ཆེ་མཆོག་གིས་ཐེངས་འདིའི་ཚོགས་ཆེན་ཐོག་བཅར་བའི་གཞོན་སྐྱེས་གཙོ་གྱུར་ཚོགས་བཅར་བ་རྣམས་ལ་འགའ་བསུའི་བསྔགས་བརྗོད་དང་འབྲེལ། དབུ་མའི་ལམ་གྱི་སྲིད་བྱུས་འདི་འབྱུང་འགྱུར་བོད་དོན་བདེན་མཐའ་གསལ་ཐབས་སུ་གྲོས་བསྡུར་རིམ་པ་གནང་མཐར་མང་གཙོའི་ལམ་ནས་གཏན་འབེབས་གནང་བའི་སྲིད་བྱུས་ཤིག་ཡིན་པ་ངོ་སྤྲོད་གནང་སོང་། ལྷག་དོན་སྲིད་བྱུས་འདི་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་བར་སྲིད་བྱུས་དེའི་དགོངས་དོན་རྟོགས་དགོས་གལ་ཡིན་སྟབས། སྲིད་བྱུས་དེ་དང་འབྲེལ་བའི་ཡིག་ཆ་ཁག་ལ་གཟིགས་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པར་ལམ་སྟོན་གནང་སོང་བ་མ་ཟད་མ་འོངས་པར་རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་རིགས་གཏང་དགོས་བྱུང་ཡང་དབུ་མའི་ལམ་གྱི་སྒྲོམ་གཞི་ལ་ཆེ་ས་ནས་འགྱུར་བ་གཏང་དགོས་པ་ཆགས་ཀྱི་མ་རེད་ཅེས་བཀའ་བསྩལ་ཡོད་པ་རེད། རྒྱ་ནག་གི་དམག་སྲིད་དཔལ་གསུམ་གྱི་གནས་བབ་དང་ང་རང་ཚོ་བོད་པའི་ལག་ཏུ་ཡོད་པའི་གདམ་ག་སོགས་ཕྱོགས་གང་ནས་བལྟས་ཀྱང་དབུ་མའི་ལམ་འདི་ཡང་དག་པ་ཞིག་ཡིན་པ་སོགས་གསུངས་ཡོད། དེ་རིང་ཚོགས་འདུ་ཉིན་མཐའ་མིའི་ཐོག་ཚོགས་བཅར་བ་རྣམ་པའི་ངོས་ནས་དགོངས་ཚུལ་ཤུགས་ཆེ་ཕེབས་པ་ལྟར། ད་ཡོད་དབུ་མའི་ལམ་མི་མང་ལས་འགུལ་ཁང་ཞེས་པའི་ཚོགས་པ་དེ་རྒྱལ་སྤྱིའི་དབུ་མའི་ལམ་ལས་འགུལ་ཁང་དུ་བསྒྱུར་བཅོས་ཀྱིས་གཞོན་སྐྱེས་བརྒྱ་ཆ་དགུ་བཅུ་ལྷག་ཡོད་པའི་སྐབས་ལྔ་པའི་རྒྱུན་ལས་མི་གྲངས་བཅུ་དྲུག་གསར་འདེམས་གནང་ཡོད།

དོན་གྲུབ་དབང་ཆེན་ལགས་སུ་ཆེ་བསྟོད་གཟེངས་རྟགས།

ཁ་སང་ཟླ་ ༥ ཚེས་ ༢༩ ཉིན་ཨ་རི་གྲོང་ཁྱེར་ལོས་ཨེན་ཇལ་དུ་ཡོད་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་རྣམས་ཀྱིས་ཆེད་འཛུགས་གནང་བའི་ Visual Artists Guild  ཞེས་པའི་མཐུན་ཚོཊ་ཀྱིས་བོད་མི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ལ་རང་དབང་ཐོབ་པར་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་འདུག མཐུན་ཚོཊ་དེས་ལོ་ལྟར་དྲུག་བཞི་དོན་རྐྱེན་སྲུང་བརྩི་དང་འབྲེལ་སྨྲ་བརྗོད་རང་དབང་གི་ཐོབ་ཐང་རྩོད་ལེན་པ་རྣམས་ལ་ཆེ་བསྟོད་གཟེངས་རྟགས་འབུལ་ལམ་ཞུ་སྲོལ་ཡོད་པ་ལྟར། འདི་ལོའི་ཐེངས་ ༢༩ པའི་དྲུག་བཞི་དོན་རྐྱེན་སྲུང་བརྩི་དང་བསྟུན་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་བོད་མི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་དང་། རྒྱ་རིགས་མང་གཙོའི་ལས་འགུལ་བ་ཀྲང་ལི་ལགས་དང་། རྒྱ་རིགས་ཁྲིམས་རྩོད་པ་ཝང་ཆོན་ཀྲང་གི་བཟའ་ཟླ་ལི་ཝུའེ་ཀྲུ་བཅས་རྒྱ་ནག་གི་བཙོན་ཁང་དུ་དཀའ་སྡུག་དུ་མ་མྱངས་མཐར་རང་དབང་ཐོབ་པ་ཁོང་གསུམ་ལ་སྨྲ་བརྗོད་རང་དབང་གི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་ཡོད་པ་རེད། དེ་སྔ་ཕྱི་ལོ་ ༢༠༡༣ ལོར་དོན་གྲུབ་དབང་ཆེན་ལགས་རྒྱ་གཞུང་གིས་བཙོན་འཇུག་འོག་ཏུ་སྡུག་སྦྱོང་མྱོང་བཞིན་སྐབས་ཚོགས་པ་དེས་དོན་གྲུབ་དབང་ཆེན་ལགས་སུ་སྨྲ་བརྗོད་རང་དབང་གི་གཟེངས་རྟགས་ཤིག་ཁོང་གི་སྐུ་ཟླ་ལྷ་མོ་མཚོའི་ཕྱག་ཏུ་ཕུལ་གནང་བ་དེ་མཛད་སྒོའི་ཐོག་ལྷ་མོ་མཚོ་ལགས་ཀྱིས་དོན་གྲུབ་དབང་ཆེན་ལགས་སུ་དངོས་སུ་འབུལ་ལམ་ཞུས་ཡོད་པ་མ་ཟད། དོན་གྲུབ་དབང་ཆེན་ལགས་ནས་བོད་ནང་ཀྱི་དཀའ་སྡུག་དང་འབྲེལ་བའི་གནས་སྟངས་ངོ་སྤྲོད་དང་འཇིགས་བྲལ་གྱི་གློག་བརྙན་གཟིགས་འབུལ་ཞུས་ཡོད་པ་རེད། སྐབས་དེར་ཚོགས་པ་དེའི་གཙོ་འཛིན་རྒྱ་རིགས་སྐུ་ཞབས་ཨེན་ལའོ་ལགས་གཙོས་ཁེ་ལི་ཕོ་ནི་ཡ་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་གཙོ། དོན་གྲུབ་དབང་ཆེན་ལགས་ཀྱི་ནང་མིར་རོགས་རམ་གནང་མཁན། ས་གནས་བོད་རིགས་བཅས་ཁྱོན་མི་གྲང་བརྒྱ་ལྷག་འདུ་འཛོམས་གནང་འདུག གཞི་རྩའི་བོད་མི་གློག་བརྙན་བཟོ་བསྐྲུན་པ་དོན་གྲུབ་དབང་ཆེན་ལགས་ཀྱིས་ཕྱི་ལོ་ ༢༠༠༨ ལོར་བོད་ནང་གི་བོད་མི་ཚོར་དངོས་སུ་ཐུག་འཕྲད་ཀྱིས་འཇིགས་བྲལ་ཞེས་པའི་གློག་བརྙན་ཞིག་བཟོ་སྐྲུན་གནང་རྗེས་རྒྱ་ནག་གཞུང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ། ཕྱི་ལོ་ ༢༠༠༨ ནས་ ༢༠༡༤ བར་མི་ལོ་དྲུག་གི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོ་མཇུག་ཏུ་ཁོང་བཙོན་གྲོལ་ཐོབ་ཡོད་ཀྱང་རྒྱ་གཞུང་གི་ལྟ་སྲུང་འོག་ལོ་གསུམ་རིང་ཆབ་སྲིད་ཀྱི་ཐོབ་ཐང་གང་ཡང་མེད་པར་གནས་དགོས་བྱུང་ཡོད་པ་རེད། ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༥ ཉིན་བོད་ནས་བྲོས་བྱོལ་གྱིས་ཨ་རིའི་ California མངའ་སྡེའི་ San Fransicco གྲོང་ཁྱེར་དུ་བདེ་འབྱོར་བྱུང་ཡོད་པ་རེད།

ཨོ་སི་ཊོ་ལི་ཡའི་ SBS རླུང་འཕྲིན་ཁང་གི་བོད་སྐད་ལེ་ཚན་དབུ་འཛུགས།

ཨོ་སི་ཊོ་ལི་ཡ་ནང་གི་རླུང་འཕྲིན་ཁང་ཆེ་གྲས་ SBS ཞེས་པས་སྔ་ལོར་རླུང་འཕྲིན་ཁང་གི་བོད་སྐད་ལེ་ཚན་ཞིག་དབུ་འཛུགས་གནང་རྒྱུ་ཡིན་པ་གསལ་བསྒྲགས་གནང་དོན་ལྟར། དེ་རིང་ཕྱི་ཟླ་ ༥ ཚེས་ ༢༨ ཉིན་བོད་སྐད་སྡེ་ཚན་གྱི་རླུང་འཕྲིན་ལེ་ཚན་དངོས་སུ་དབུ་འཛུགས་གནང་འདུག གསར་འགོད་པས་ཨེས་བི་ཨེས་བོད་སྐད་སྡེ་ཚན་གྱི་ལས་བྱེད་པདྨ་སྒྲོལ་དཀར་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ལས་གཞི་དེ་ Australia གཞུང་གི་ངོས་ནས་དཔལ་འབྱོར་མཐུན་འགྱུར་གནང་ཐོག་ཆེད་འཛུགས་གནང་བ་ཞིག་ཡིན་ཞིང་། ད་ལྟའི་ཆར་བོད་སྐད་ཀྱི་རླུང་འཕྲིན་ལས་རིམ་རྣམས་དྲྭ་རྒྱའི་ཐོག་ Pod Cast བརྒྱུད་ནས་རྒྱང་སྲིང་ཞུ་མུས་ཡིན་པ་གསུངས་སོང་། རྩ་བའི་ཨོ་སི་ཊོ་ལི་ཡ་དེ་མི་རིགས་སྣ་མཛོམས་ཀྱི་རྒྱལ་ཁབ་ཞིག་ཡིན་པ་ལྟར། SBS རླུང་འཕྲིན་ཁང་ནས་འཛམ་གླིང་ནང་གི་སྐད་ཡིག་མི་འདྲ་བའི་ཐོག་གསར་འགྱུར་དང་སྤྱི་ཚོགས་ཀྱི་གནས་ཚུལ། དེ་བཞིན་ཁུལ་དེའི་ནང་གི་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་དང་རྐང་བྲོ་གླུ་གཞས་སོགས་ཀྱི་ལེ་ཚན་རྒྱང་སྲིང་ཞུ་བཞིན་ཡོད་པ་རེད། ད་ལྟའི་ཆར་རླུང་འཕྲིན་ཁང་གི་ངོས་ནས་དབྱིན་སྐད་གཙོས་སྐད་ཡིག་མི་འདྲ་བ་ ༦༨ ནང་ལེ་ཚན་ཁག་རྒྱང་སྲིང་ཞུ་ཡི་ཡོད་པ་རེད། རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ལས་བྱེད་དཔལ་མ་སྒྲོལ་དཀར་ལགས་ཀྱི་པ་ལགས་ནི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་པའི་ཆ་ནས་བོད་མིའི་ཆབ་སྲིད་བཙོན་ཟུར་གྱི་ལས་གཞི་འོག་ Australia ནང་ཕེབས་པ་ཞིག་རེད་འདུག་པ་དང་། པདྨ་ལགས་ཁོང་རྒྱ་གར་དང་ཨོ་སི་ཊོ་ལི་ཡ་གཉིས་ཀྱི་ནང་གསར་འགོད་པའི་ལས་རིགས་ཐོག་སློབ་སྦྱོང་གནང་མྱོང་ཡོད་སྟབས་ཁོང་ནི་ལྟའི་ཆར་ SBS བོད་སྐད་རླུང་འཕྲིན་ལས་རིམ་གྱི་ལས་བྱེད་གཅིག་པོ་དེ་ཆགས་ཀྱི་འདུག དེ་རིང་ཉིན་དང་པོའི་ལས་རིམ་ནང་ཨོ་སི་ཊོ་ལི་ཡའི་བོད་རིག་མཐུན་ཚོགས་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགོ་ཁྲིད་ཁག་ཅིག་ལ་བཅར་འདྲི་ཞུས་འདུག་པའི་ནང་ཁོང་རྣམས་ནས་ SBS བོད་སྐད་རླུང་འཕྲིན་ལེ་ཚན་དབུ་འཛུགས་གནང་ཐུབ་པར་དགའ་བསུ་དང་ཡི་རང་ཡོད་པ་གསུངས་འདུག

བོད་སློབ་ཁག་གི་འཛིན་རིམ་བཅིུས་ཀྱི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་སྔར་ལོ་ལས་ལེགས་པ་སོན་འདུག

ཟླ་ ༥ ཕྱི་ཚེས་ ༢༦ ཉིན་ཕྱི་ལོ་ ༢༠༡༨ ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པ་ལྟར། ཡིག་རྒྱུགས་ཆེན་མོ་དེའི་ནང་ཞུགས་མཁན་བོད་པའི་སློབ་གྲྭ་ཁག་གི་སློབ་མ་ ༡༡༩༣ ནས་སློབ་མ་ ༡༡༤༠ ཐམ་པ་ཡིག་རྒྱུགས་གཙང་འཕྲོད་བྱུང་འདུག་པ་དང་། འདི་ལོའི་ཡིག་རྒྱུགས་ཆེན་མོ་གྲུབ་འབྲས་ནི་བརྒྱ་ཆ་ ༩༥༌༥༦ སོན་ཡོད་སྟབས་སྔ་ལོའི་གྲུབ་འབྲས་དང་བསྡུར་ཚེ་བརྒྱ་ཆ་ ༣༌༧༩ འཕར་ཆ་བྱུང་འདུག དེ་ཡང་འདི་ལོའི་ཕྱི་ཟླ་ ༣ པའི་ནང་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོ་ནང་བོད་པའི་སློབ་གྲྭ་ཁག་ ༡༦ ནས་སློབ་མ་ ༡༡༩༣ གྱིས་ཚན་རིག་དང་འབྱུང་རིག དེ་བཞིན་ཚོང་རིག་བཅས་སྡེ་ཚན་སོ་སོའི་ནང་ཡིག་རྒྱུགས་ཀྱི་ཆ་ཤས་བླངས་ཡོད་པ་དང་། དེ་དག་ཁྲོད་ནས་སློབ་མ་ ༡༡༤༠ ཐམ་པ་ཡིག་རྒྱུགས་གཙང་འཕྲོད་བྱུང་ཡོད་སྟབས་ཕྱོགས་བསྡོམས་ཀྱི་བརྒྱ་ཆ་ ༩༥༌༥༦ སོན་ཡོད་པ་མ་ཟད། འདི་ལོའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་དེ་སྔ་ལོའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་ལས་བརྒྱ་ཆ་ ༨༌༧༢ ལེགས་པ་སོན་འདུག འདི་ལོའི་འཛིན་རིམ་བཅིུས་ཀྱི་གྲུབ་འབྲས་ཁྲོད་སེ་ལ་ཀུ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་བརྩོན་གྲུས་ལགས་ལ་བརྒྱ་ཆ་ ༩༣ ཐོབ་སྟབས་ཚན་རིག་སྡེ་ཚན་གྱི་ཨང་དང་པོ་དང་། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་སྟོབས་ལྡན་ལགས་ལ་བརྒྱ་ཆ་ ༩༤༌༢ སོན་སྟབས་ཚོང་རིག་སྡེ་ཚན་གྱི་ཨང་དང་པོ། དེ་བཞིན་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་མ་མཁའ་སྤྱོད་དབང་མོ་ལགས་ལ་བརྒྱ་ཆ་ ༩༢ ཐོབ་སྟབས་འབྱུང་རིག་སྡེ་ཚན་གྱི་ཨང་དང་པོ་བཅས་ཆགས་ཀྱི་ཡོད་པ་རེད། ཁོང་རྣམ་པ་གསུམ་གཙོས་སྡེ་ཚན་སོ་སོའི་ནང་གྲུབ་འབྲས་རྩེ་ཕུད་སོན་པའི་སློབ་མ་གསུམ་རེ་ལ་འདི་ལོའི་དགའ་ལྡན་ཕོ་བྲང་གི་བྱ་དགའ་ཐོབ་ཀྱི་ཡོད་པ་རེད། རྩ་བའི་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཕྱི་ལོ་ ༢༠༡༣ ལོ་ནས་བཟུང་འཛིན་རིམ་བཅིུས་ཀྱི་ཡིག་རྒྱུགས་ཁྲོད་སློབ་ཚན་བརྒྱ་ཆ་མཐོ་ཤོས་ལྔའི་ཕྱོགས་བསྡོམས་བརྒྱ་ཆ་ ༩༥ ལོན་མཁན་ཚོར་སྲིད་སྐྱོང་སློབ་ཡོན་གནང་རྒྱུ་དབུ་འཛུགས་གནང་ཡོད་ཀྱང་། སློབ་ཡོན་དེ་ཐོབ་ཆེད་བོད་ཡིག་ཐོག་ཉུང་མཐར་བརྒྱ་ཆ་དེ་སྔོན་ ༦༠ དང་སྔ་ལོར་བརྒྱ་ཆ་ ༧༥ ལོན་དགོས་པའི་ཆ་རྐྱེན་བསྐྱར་བཅོས་གནང་ཡོད་སྟབས་འདི་ལོའི་ཡིག་རྒྱུགས་ཁྲོད་སློབ་ཚན་བརྒྱ་ཆ་མཐོ་ཤོས་ལྔའི་ཕྱོགས་བསྡོམས་བརྒྱ་ཆ་ ༩༥ སོན་མཁན་བྱུང་ཡོད་ཀྱང་། བོད་ཡིག་ཐོག་དགོས་ངེས་ལྟར་བརྒྱ་ཆ་སོན་མེད་རྐྱེན་སླར་ཡང་སྲིད་སྐྱོང་སློབ་ཡོན་བཞེས་མཁན་སློབ་མ་གཅིག་ཀྱང་བྱུང་མི་འདུག འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་ཆེན་མོའི་ཁྲོད་བོད་པའི་སློབ་མ་ ༡༡༩༣ ནས་རྒྱུགས་འཕྲོད་པའི་གྲངས་འབོར་ ༡༡༤༠ དང་རྒྱུགས་མ་འཕྲོད་པའི་གྲངས་འབོར་  ༡༡ ཆགས་ཀྱི་འདུག་པ་མ་ཟད། སློབ་ཚན་གཅིག་རྒྱུགས་མ་འཕྲོད་ནས་བསྐྱར་རྒྱུགས་གཏོང་མཁན་གྲངས་འབོར་ ༤༢ བཅས་ཆགས་ཀྱི་འདུག

Latest news