Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

སྲིད་སྐྱོང་མཆོག་ཆོས་ལུགས་མཐུན་སྒྲིལ་ལྷན་ཚོགས་ཐོག་ལྷན་ཞུགས་གནང་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཉེ་ཆར་རྒྱ་གར་གྱི་ Madha Pradesh མངའ་ཁུལ་གྱི་ Indore གྲོང་ཁྱེར་ནང་ཚོགས་པའི་ཆོས་ལུགས་མཐུན་སྒྲིལ་དང་འགྲོ་བ་མིའི་བདེ་དོན་གོང་མཐོར་གཏོང་ཐབས་སྐོར་གྱི་ལྷན་ཚོགས་ཐོག་མཉམ་ཞུགས་གནང་ཡོད་པ་རེད།  དེ་ཡང་ཚོགས་འདུ་དེ་བཞིན། Madha Pradesh མངའ་སྡེའི་རིག་གཞུང་སྲུང་སྐྱོབ་ལས་ཁུངས་དང། Sanchi ནང་པའི་མཐོ་སློབ། དེ་བཞིན་ཆོས་ལུགས་དང་སྤྱི་ཚོགས་ཉམས་ཞིབ་བསྟི་གནས་ཁང་བཅས་ཀྱི་གོ་སྒྲིག་འོག ཟླ་བ་འདིའི་ཚེས་ ༢༤ ནས་ ༢༦ བར་བཅས་སུ་ Indore གྲོང་ཁྱེར་ནང་གི་ Brilliant Convention བསྟི་གནས་ཁང་གི་ཚོགས་ཁང་ནང་དུ་ཚོགས་འདུག་པ་དང། ཚོགས་ཆེན་དེའི་ཐོག་ Madhya Pradesh མངའ་སྡེ་བློན་ཆེན་ Shivraj Singh Chouhan མཆོག་དང་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Sumitra Mahajan མཆོག རྒྱ་གར་གྱི་ RSS ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ Bhavyaji Joshi དང། དམིགས་བསལ་སྐུ་མགྲོན་འབྲུག་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་དམ་ཆོས་རྡོ་རྗེ་ལགས་དང། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག Shri Shri Ravi Shankar མཆོག་གི་དབུས་པའི་ཧིནྡུ་དང་ཁ་ཆེ། གཅེར་བུ་བ་དང་ནང་པ་སོགས་ཆོས་ལུགས་འདྲ་མིན་གྱི་བླ་ཆེན་ཁག་ལྷན་ཞུགས་གནང་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་དགེ་མཆོག་ནས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་བརྩེའི་ཐོག་སྩལ་བའི་བཀའ་སློབ་ཁག་ལུང་འདྲེན་དང་སྦྲགས་ཏེ། ཆོས་ལུགས་མཐུན་སྒྲིལ་དང་འགྲོ་བ་མིའི་བདེ་དོན་གོང་མཐོར་གཏོང་ཕྱིར་ཆོས་དང་སྲིད་ཀྱི་དབུ་ཁྲིད་གང་ཟག་སུ་ཡིན་རུང་གཙོ་བོ་བྱམས་བརྩེ་དང། མཐུན་སྒྲིལ། མཉམ་གནས་དང་སྤྱི་ཚོགས་ཕན་བདེ་བསྒྲུབ་རྒྱུའི་འདུན་པ་བཅས་ཀྱི་ཁྱད་ཆོས་བཞི་ཚང་དགོས་ངེས་ཡིན་པ་དང། རྒྱ་གར་ནི་ལོ་ངོ་བརྒྱ་ཕྲག་མང་པོ་ནས་ཁྱད་ཆོས་དེ་དག་ཚང་པའི་ཆོས་དང་སྲིད་ཀྱི་དབུ་ཁྲིད་བཞུགས་སའི་ས་ཆ་ཁྱད་པར་ཅན་ཞིག་ཡིན་པ་མ་ཟད། ༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུན་དུ་བཀའ་གནང་བ་བཞིན་བོད་ཀྱི་དགེ་རྒན་ཡང་རྒྱ་གར་བ་ཡིན་སྐོར་སོགས་གསུངས་འདུག དེའི་བར་ནས་ Indore ས་ཁུལ་དུ་སུད་ཚོང་གཉེར་བཞིན་པའི་བོད་མི་ཚོང་པ་ཁག་ནས་གདན་ཞུ་གནང་པ་ལྟར་ཚེས་ ༢༥ ཉིན་གྱི་ཕྱི་དྲོ་ཕྱག་ཚོད་གསུམ་པ་ནས་བཞི་པ་བར་སྲིད་སྐྱོང་མཆོག་གིས་ས་གནས་བོད་མི་སུད་ཚོང་བའི་ལྷན་དུ་མཇལ་འཕྲད་དང་གསུང་བཤད་སོགས་གནང་འདུག མཛད་རིམ་ལྟར་ན། དེ་རིང་ཚེས་ ༢༧ ཉིན་སྲིད་སྐྱོང་མཆོག་ Indore ནང་གི་མཛད་རིམ་ཁག་གྲུབ་རྗེས་རྡ་རམ་ས་ལར་ཕྱིར་ཕེབས་གནང་གི་ཡོད་པ་རེད་འདུག

བཞུགས་སྒར་དུ་བོད་རྒྱའི་ཆབ་སྲིད་གནས་བབ་དང་མ་འོངས་འཕེལ་ཕྱོགས་ཐད་ཚོགས་འདུ་དབུ་འཛུགས་པ།

རྒྱ་སྐད་ཐོག་ད་ལྟའི་བོད་རྒྱའི་ཆབ་སྲིད་གནས་བབ་དང་མ་འོངས་འཕེལ་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་བཞུགས་མོལ་གྱི་ཚོགས་འདུ་ཚོགས་ཡོད་པ་རེད།  དེ་རིང་ཟླ་ ༡༠ ཚེས་ ༢༦ ཉིན་རྒྱབ་ཚོུད་ ༢།༠༠ ཐོག་བཞུགས་སྒར་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ་རྒྱལ་སྤྱིའི་བོད་རྒྱ་སྨྱུག་ཚོགས་ཀྱི་གོ་སྒྲིག་འོག་གདན་ཞུ་གསུང་བཤད་གནང་མཁན་ཐའེ་ཝན་ཀྲུང་ཧྭ་སློབ་གྲྭ་ཆེན་པོའི་སློབ་དཔོན་སྐུ་ཞབས་ཙིན་ཅན་ཡོན་ལགས་གཙོས། ཧོང་ཀོང་རང་དབང་རྩོམ་པ་པོ་སྐུ་ཞབས་ཡང་ཁེ་ལིང་ལགས། བོད་རྒྱ་གནད་དོན་ཉམས་ཞིབ་པ་དང་བོད་རྒྱ་སྨྱུག་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང།  དཔྱད་གླེང་པ་ཐའེ་ཝན་སློབ་གྲྭ་ཆེན་པོའི་རྒྱ་ཁབ་གོང་སྤེལ་ཉམས་ཞིབ་ཁང་གི་འབུམ་རམས་པ་སྐུ་ཞབས་ཝོ་ཞིང་ཅེན་ལགས།  བོད་མིའི་སྒྲིག་འཛུགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་རྒྱ་སྐད་སྡེ་ཚན་གྱི་ལས་བྱེད་དང། དེ་བཞིན་རྒྱ་སྐད་གསར་འགྱུར་ཁག་གི་ལས་བྱེད་སོགས་ཁྱོན་མི་༡༥ལྷག་ཆེད་བཅར་ཐོག་ཚོགས་འདུ་དབུ་འཛུགས་གནང་ཡོད་པ་རེད།  ཚོགས་འདུ་དེའི་ནང་ཆེད་ཕེབས་གནང་པའི་རྒྱ་ཏོགས་མཁས་པ་ཚཔས་རྒྱ་སྐད་རང་ནང་ད་ལྟའི་བོད་རྒྱའི་ཆབ་སྲིད་གནས་བབ་དང་མ་འོངས་འཕེལ་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་དགོངས་ཚུལ་བརྗེ་ལེན་སོགས་གནང་གི་འདུག  རྩ་བའི་བོད་རྒྱ་སྨྱུ་ཚོགས་དེ་ནི་སྔ་ལོ་༢༠༡༤ལོར་ཐའེ་ལྦན་གྱི་རྒྱལ་ས་ཐེ་པ་ནང་དབུ་འབྱེད་བྱས་པ་ཡོད་པ་དང། ད་ལྟའི་ཆར་ཚོགས་པ་དེ་བཞིན་ཨ་རི་ནེའུ་ཡོག་གྲོང་ཁྱེར་ནང་དུ་ཁྲིམས་མཐུན་ཐོག་དེབ་སྐྱེལ་བྱས་པའི་ཚོགས་པ་ཞིག་ཆགས་ཡོད་པ་རེད་འདུག་ལ། ད་ལྟའི་ཆར་ཚོགས་པ་དེའི་ནང་རྒྱུན་ལས་ཚོགས་མིའི་ཁོངས་སུ་བོད་མི་བཞི་དང་རྒྱ་རིགས་གསུམ་ཡོད་པ་ལས། སྐབས་དང་པོའི་ཚོགས་གཙོ་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང། ཚོགས་གཞོན་དུ། Newzerlandབཅའ་བཞུགས་རྒྱ་རིགས་མཁས་དབང་སྐུ་ཞབས་ཁྲང་ལྦེན་ཅན་ལགས་དང། བོད་ཀྱི་དཔེ་མཛོད་ཁང་གི་འབུམ་རམས་པ་མཆོག་བསྟན་འཛིན་སྨོན་ལམ་ལགས་དང། སྤྱི་འཐུས་ཟླ་སྒྲོན་ཤར་གླིང་ལགས།  འབྲུག་བསྟན་སྐྱིད་ལགས།  །  ཐའེ་ལྦན་མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ་སྐུ་ཞབས་ཙིན་ཅན་ཡན་ལགས་དང།  དེ་བཞིན་ཧོང་ཀོང་ནས་ཡིན་པའི་རྒྱ་རིགས་རྩོམ་པ་པོ་སྐུ་ཞབས་ཡང་ཁེ་ལིང་་ལགས་བཅས་ཡིན་འདུག  ད་ལྟའི་འཆར་ཚོགས་དེའི་ནང་རྒྱ་བོད་མི་རིགས་ཀྱི་ཚོགས་མི་༤༠ལྷག་ཡོད་པ་རེད།

བོད་ཀྱི་གསོ་བ་རིག་པའི་སྨན་པའི་ཤེས་ཡོན་གོང་སྤེལ་གྱི་ཟབ་སྦྱོང་དབུ་འཛུགས་གནང་སོང།

བཞུགས་སྒར་དུ་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ཤེས་ཡོན་གོང་སྤེལ་གྱི་ཟབ་སྦྱོང་ཐེངས་བཞི་པ་བསྐོར་ཚོགས་གནང་ཡོད་པ་རེད།  དེ་རིང་ཟླ་ ༡༠ ཕྱི་ཚེས་ ༢༦ ཉིན་སྔ་དྲོ་ཚོུད་ ༩།༠༠ སྟེང་བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་དུ་སྨན་པའི་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་ཚེ་རྒྱལ་ལགས། བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་ཕུན་སྐྱིད་ལགས་དང། དེ་བཞིན་ཆེད་དུ་གདན་འབོད་ཞུས་པའི་བགྲོ་གླེང་གི་གསུང་བཤད་པ་རྣམ་པ་གཙོས། སྨན་རྩིས་ཁང་གི་སློབ་སྤྱི་དང་དྲུང་ཆེ་ལས་བྱེད་སོགས་ཁྱོན་མི་གྲངས་བརྒྱ་སྐོར་ལྷན་འཛོམས་སར་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ཤེས་ཡོན་གོང་སྤེལ་གྱི་ཟབ་སྦྱོང་དབུ་འཛུགས་གནང་ཡོད་པ་རེད།  མཛད་རིམ་གྱི་ཆེས་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་ནས་སྣང་གསལ་མར་མེ་ཞལ་ཕྱེ་གནང་གྲུབ་པ་མ་ཟད། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་བོད་ཡིག་དྲ་རྒྱ་གསར་པ་དབུ་འབྱེད་གནང་ཡོད་པ་རེད། དེའི་རྗེས་སུ་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ངག་དབང་བཟོད་པ་ལགས་ཀྱིས་ཚོགས་ཞུགས་པ་ཡོངས་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག བོད་ཀྱི་གསོ་བ་རིག་པའི་ངོ་སྤྲོད་སྙིང་བསྡུས་ཤིག་གནང་སྟེ། ད་ལན་གྱི་ཟབ་འཁྲིད་དེ་བཞིན་རྒྱ་གར་དབུས་AYUSH བློན་ཆེན་ལས་ཁུངས་ནས་མཐུན་སྒྱུར་གནང་པའི་ཟབ་སྦྱོང་ཐེངས་བཞི་པ་དེ་ཆགས་ཀྱི་ཡོད་ཀྱང་། རྒྱ་གར་གཞུང་ནས་བོད་ཀྱི་གསོ་བ་རིག་པའི་མཚན་སྦྱང་དགོངས་བཞེས་གནང་པའི་ཐོག་ནས་ཟབ་སྦྱོང་ཚོགས་པ་དེ་ཆེས་ཐོག་མ་ཆགས་ཀྱི་ཡོད་སྐོར་གསུངས་པ་མ་ཟད། ལྷག་པར་ཉེ་བའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ནང་ལྷན་ཚོགས་ཀྱི་མཚན་སྦྱང་ལ་མིང་བསྒྱུར་སོང་ནས་ད་ཆ་ཁྲིམས་ཡིག་ནང་དོན་ཁག་ཅིག་ལ་འགྱུར་བ་ཕྲན་བུ་ཕྱིན་ཡོད་པ་རྣམས་གསལ་བཏོན་གནང་ཡོད་པ་རེད།  སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་གསོ་བ་རིག་པ་དེ་བཞིན་བོད་ཀྱི་རིག་གནས་གལ་ཆེ་གཅིག་ཡིན་སྟབས། དེའི་ཆེད་དུ་ལྷན་ཚོགས་ཤིག་དགོས་གལ་ཆེ་བར་གཟིགས་པའི་ཐོག་ནས་ཉེ་དུས་གྲོས་ཚོགས་ཀྱི་ནང་དེའི་ཐད་བགྲོ་གླེང་སྔ་རྗེས་རིམ་པ་མང་པོར་བྱུང་ནས། དེའི་ཆེད་དུ་དམིགས་བསལ་གྲོས་ཆོད་དོན་ཚན་བཞི་གཏན་འབེབས་གནང་ཡོད་པ་ལུང་འདྲེན་དང་སྦྲགས། བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་དེ་བཞིན་སྲ་བརྟན་རྒྱུན་གནས་ཐུབ་ཐབས་སུ་གཙོ་བོ་བོད་གཞུང་སྨན་རྩིས་ཁང་རང་ནས་མཐུན་རྐྱེན་གང་ལེགས་བསྐྲུན་དགོས་པའི་ནན་བརྗོད་དང་འབྲེལ། ཁྱད་པར་དུ་ཝཱར་ཎ་དབུས་བོད་ཀྱི་ཆེེས་མཐོའི་གཙུག་ལག་སློབ་གཉེར་ཁང་དང་ལྕགས་པོ་རིའི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་།  དེ་བཞིན་ཧི་མཱ་ལ་ཡའི་རི་བརྒྱུད་ནང་བོད་ཀྱི་གསོ་རིག་རྒྱུན་འཛིན་སྨན་པ་ཚང་མས་ཕྱག་གྲུ་མཉམ་འདེགས་ཐོག་ནས་བོད་ཀྱི་གསོ་རིག་གཞུང་ལུགས་དེ་གསོ་སྐྱོང་དང་མི་ཉམས་རྒྱུན་འཛིན་གནང་ཐབས་སུ་ཧུར་ཐག་གནང་དགོས་པ་མ་ཟད། ད་ལན་གྱི་ཟབ་སྦྱོང་དེའི་ནང་ཚོགས་བཅར་བ་རྣམས་ནས་ཉམས་མྱོང་སྤེལ་རེས་བྱས་ཏེ་བརྗོད་གཞི་ཁག་གི་ཐོག་གཏིང་ཟབ་བགྲོ་གླེང་མཐིལ་ཕྱིན་པ་ཞིག་གནང་གལ་ཆེ་སྐོར་གསུངས་ཡོད་པ་རེད།  དེ་བཞིན་དམིགས་བསལ་སྐུ་མགྲོན་འཕྲོད་བསྟེན་དྲུང་ཆེ་ཚེ་རྒྱལ་ལགས་ཀྱིས་བོད་ཀྱི་གསོ་རིག་ལྷན་ཚོགས་ལ་སྨན་པ་དགོས་གལ་ཆེ་བ་དང། སྨན་པ་ཚོ་ལའང་བོད་ཀྱི་གསོ་རིག་ལྷན་ཚོགས་དེ་དགོས་ངེས་ཞིག་ཡིན་སྟབས། ཚང་མས་ཕྱར་གྲུ་མཉམ་འདེགས་གནང་དགོས་སྐོར་གསུངས་པ་དང་ཆབས་ཅིག སྨན་པ་ཚོའི་ངོས་ནས་ད་ཆ་ཁྲིམས་ཡིག་ནང་གྱུར་བ་གང་ཕྱིན་ཡོད་པ་དེ་གའི་ཐོག་ལ་དམིགས་བསལ་ཐུགས་སྣང་གནང་སྟེ། འཕོ་འགྱུར་ལྷན་ཚོགས་ཀྱི་ཚོགས་མི་གསར་པ་འོས་བསྡུ་གནང་སྐབས་དེའི་ནང་ངེས་པར་དུ་ཆ་ཤས་བླངས་དགོས་པའི་སྐུལ་མ་ཡང་གནང་ཡོད་པ་རེད།

རྡ་སྟེང་བོད་ཁྱིམ་དབུ་བརྙེས་ནས་མི་ལོ་ ༥༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་གནང་སོང་།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་ཤེས་ཡོན་ལྟེ་གནས་ཆེ་གྲས་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༥༥འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཞུས་ཡོད་པ་རེད།  དེ་རིང་ཟླ་ ༡༠ ཚེས་ ༢༣ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་སྟེང་བོད་ཁྱིམ་དུ་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ ༥༥འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་༸རྒྱལ་་བ་ཀརྨ་པ་དབུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དབུ་བཞུགས་གཙོས་པའི་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག གཞན་ཡང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དགེ་ལས་སློབ་ཕྲུག་མང་ཚོགས་བཅས་ཁྱོན་མི་གྲངས་སྟོང་ཚོགས་བརྒལ་བ་ལྷན་འཛོམས་ཐོག་དུས་དྲན་སྲུང་བརྩི་དབུ་འཛུགས་གནང་སོང།   སྐུ་མགྲོན་གཙོ་བོ་དཔལ་༸རྒྱལ་བ་ཀརྨ་པ་མཆོག་གིས་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་དེ་རིང་མི་ལོ་ ༥༥ འཁོར་བའི་དུས་ཚིགས་ཁྱད་པར་ཅན་འདིའི་བརྒྱུད། ཤེས་ཡོན་ལྟེ་གནས་ཁང་དེ་ད་བར་ཚགས་ཚུད་གནས་ཕྱིར་སྐུ་ལས་འཛེམ་མེད་བསྐྱོན་མཁན་གྱི་དགེ་ལས་སློབ་ཕྲུག་ཡོངས་ལ་འཚམས་འདྲིའི་བསྔགས་བརྗོད་གནང་པ་མ་ཟད། ད་ལྟའི་དུས་ཚོད་འདིར་ཤིན་ཏུ་ནས་ཤེས་ཡོན་དགོས་གལ་ཆེ་བ་ཆགས་ཡོད་སྟབས། ང་ཚོ་བོད་རིགས་རྣམས་ནས་ད་ལྟའི་གནས་སྟངས་འདིར་ཡིད་འམ་ནས་མ་བཞུགས་པར། ད་དུང་ཡར་རྒྱས་གོང་འཕེལ་དང་འགྱུར་བ་གཏོང་རྒྱུ་མཚོན་པའི་སོ་སོའི་ནོར་འཁྲུལ་ཁག་ཡོ་བསྲང་བྱ་རྒྱུར་འབད་དགོས་པའི་བླང་དོར་གྱི་བཀའ་སློབ་ལམ་སྟོན་སྩལ་སོང་།  དཔལ་༸རྒྱལ་བ་ཀརྨ་པ་མཆོག་གིས་ད་དུང་གསུངས་དོན་ལ། བོད་མི་རྣམས་བཙན་བྱོལ་མིའི་ལུང་པར་སླེབས་དགོས་པའི་གནས་སྟངས་དང་རང་ཉིད་ལ་འཁྲིད་པའི་ལས་འགན་ཁག་ཡང་ཡང་དྲན་གསོ་ཞུས་པའི་ཐོག་ནས་དེ་དག་ནམ་ཡང་བརྗེད་རྒྱུ་མེད་པའི་གཞེན་སྐུལ་གནང་པ་མ་ཟད། ལྷག་དོན་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་ཡུལ་སྲོལ་གོམས་གཤིས་མ་བརླག་པའི་ཕྱིར་བོད་ཕྲུག་ཚོས་ད་ལྟ་ནས་གྲ་སྒྲིག་གནང་དགོས་པའི་བླང་དོར་གྱི་བཀའ་སློབ་སྩལ་ཡོད་པ་རེད།   དེ་རྗེས་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་རང་རེ་རང་དབང་ལུང་པར་གནས་པའི་སློབ་ཕྲུག་ཡོངས་ཀྱིས་བོད་ནང་གི་བོད་མི་གཞོན་སྐྱེས་མང་པོས་བོད་མིའི་ངོ་བོ་སྲུང་སྐྱོབ་སླད་རང་གི་སྐུ་སྲོག་བློས་གཏོང་གནང་བ་ལ་བསམ་ཞིབ་ནན་ཏན་གྱིས་རང་དགོས་ཀྱི་ཤེས་ཡོན་ལ་སྦྱང་བརྩོན་ཧུར་ཐག་གིས་དེང་དུས་ཀྱི་ཤེས་ཡོན་ལྡན་པའི་འཛམ་གླིང་སྤྱི་དང་དཔུང་པ་མཉམ་གཤིབ་ཐུབ་པ་བྱ་གལ་ཆེ་བ་ཡིན་སྐོར་གསུངས་ཡོད་པ་རེད།   དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ནས་བོད་ཕྲུག་ཁྱིམ་སྡེ་དེ་བཞིན་ཐོག་མ་དབུ་བརྙེས་པ་ནས་བཟུང་། ད་བར་ཚགས་ཚུད་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཤེས་ཡོན་ཐོག་ཞབས་འདེགས་རླབས་ཆེན་གྲུབ་ཡོད་པར་བསྔགས་བརྗོད་གནང་པ་དང་ཆབས་ཅིག བཀའ་ཤག་ངོས་ནས་ཀྱང་དུས་ཀུན་ཏུ་ཤེས་ཡོན་དེ་གལ་ཆེར་བརྩི་བཞིན་ཡོད་སྟབས། སློབ་མ་ཚོས་ཤེས་ཡོན་སྦྱོང་རྒྱུའི་གོ་སྐབས་བཟང་པོ་ཆུད་བཟོས་སུ་མི་གཏོང་བར་ཤེས་ཡོན་ཐོག་ལ་རང་ཉིད་ཀྱི་དྭང་དུ་བླངས་ཏེ། བོད་མི་རིགས་ཀྱི་ཁྱད་ཕན་ཆེད་ཞབས་འདེགས་ཞུ་རྒྱུའི་ཀུན་སློང་འཁྱེར་དགོས་པའི་ལམ་སྟོན་སོགས་གནང་ཡོད་པ་རེད།

རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་ Guwahati ནང་ཚོགས་རྒྱུ་རེད་འདུག

རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་འདི་བཞིན་རྒྱ་གར་བྱང་ཕྱོགས་ཨ་རུ་ན་ཅལ་མངའ་སྡེའི་གྲོང་ཁྱེར་ Guwahati ནང་ཚོགས་རྒྱུ་ཡིན་པ་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་རེད།     དེ་རིང་ཟླ་ ༡༠ ཚེས་ ༢༣ཉིན་རྒྱབ་ཏུ་བཞུགས་སྒར་མེག་གྷན་དུ་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁྱབས་ཚོགས་གཙོ་སྐུ་ཞབས་ Anand Kumar ལགས་དང། ཚོགས་གཙོ་ N.K. Trikha ལགས། དེ་བཞིན་ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ R.K.Khrimey ལགས་དབུ་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་པ་དང་སྦྲགས། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་འདི་བཞིན་རྒྱ་གར་བྱང་ཕྱོགས་ཨ་རུ་ན་ཅལ་མངའ་སྡེའི་གྲོང་ཁྱེར་ Guwahati ནང་ཚོགས་རྒྱུ་ཡིན་པ་ཡོངས་ཁྱབ་གསལ་བསྒྲགས་གནང་སོང།   ཚོགས་ཆེན་དེ་ཡང་ཕྱི་ཟླ་ ༡༡ པའི་ཚེས་ ༢ དང་ ༣ བཅས་སུ་ཚོགས་རྒྱུ་ཡིན་པ་རེད་འདུག་པ་དང། ད་ལན་གྱི་ཚོགས་ཆེན་དེའི་ནང་དུ་རྒྱ་གར་རྒྱལ་ཡོངས་ནས་བོད་དོན་རྒྱབ་སྐྱོར་ཚོགས་མི་ ༡༨༠ ལྷག་འདུ་འཛོམས་བྱུང་གི་ཡོད་པ་རེད་འདུག ཚོགས་འདུ་དེའི་ཁྲོད་བོད་མཐོ་སྒང་གི་ཁོར་ཡུག་གནད་དོན་གཙོས། ད་ལྟའི་བོད་ནང་གི་རང་ལུས་མེར་བསྲེག་དང། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། དེ་བཞིན་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་འཛིན་བཞིན་པའི་སྲིད་བྱུས་བརྒྱུད་རྒྱ་གར་བདེ་འཇགས་ཐོག་ཤུགས་རྐྱེན་ཐེབས་པ་སོགས་ཀྱི་སྐོར་གྲོས་བསྡུར་གནང་རྒྱུ་ཡིན་པ་རེད་འདུག  རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ R.K.Khrimey ལགས་ཀྱིས་ཐེངས་དེའི་ཚོགས་ཆེན་དེ་གྲོང་ཁྱེར་Guwahati ནང་ཚོགས་དགོས་ཇི་ཡིན་གསུངས་པར་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་སྲིད་བྱུས་གང་འདྲ་ཞིག་ལག་བསྟར་བྱས་པ་དེའི་ཤུགས་རྐྱེན་དང་པོ་དེ་རྒྱ་གར་བྱང་ཤར་ས་ཁུལ་ཁག་ནང་བྱུང་གི་ཡོད་སྟབས། ས་གནས་དེའི་མང་ཚོགས་ཁྲོད་ལ་བོད་ཀྱི་གནད་དོན་དེ་རྒྱ་གར་བདེ་འཇགས་ལ་ཇི་ཙམ་གལ་གནད་ཆེ་བ་ཆགས་ཡོད་མེད་གོ་རྟོགས་དང་ཚོགས་ཆེན་དེའང་འབྲས་སྨིན་སོན་པ་ཞིག་ཡོང་ཆེད་ཡིན་པ་གསུངས་སོང།  རྩ་བའི་ཁོང་རྣམ་པས་གསར་འགོད་ལྷན་ཚོགས་མ་བསྐོང་གོང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་ནས་ཚོགས་ཆེན་དང་འབྲེལ་བའི་གནད་དོན་ཁག་སྙན་སེང་ཞུས་ཡོད་པ་རེད། ད་ལན་གྱི་ཚོགས་ཆེན་དེའི་ཐོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་ཐུགས་རེ་ཆེན་པོ་གནང་གི་ཡོད་པ་རེད།

བཞུགས་སྒར་དུ་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་དབུ་འཛུགས་གནང་སོང།

བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་དབུ་འཛུགས་གནང་ཡོད་པ་རེད།   དེ་རིང་ཟླ་ ༡༠ ཕྱི་ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་བཞུགས་སྒར་གྱི་ཉེ་འདབས་སུ་ཡོད་པའི་དབུས་བོད་ཀྱི་སྣེ་ལེན་ཁང་དུ་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གྲོས་སྟོན་པ་བློ་བཟང་ལགས་གཙོས། རྒྱ་གར་གྱི་མཐོ་སློབ་ཁག་འདྲ་མིན་ནང་འབུམ་རམས་པའི་སློབ་གཉེར་གནང་བཞིན་པའི་བོད་ཀྱི་ན་གཞོན་ཉམས་ཞིབ་ ༡༣ དང་། དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བཅས་ཁྱོན་མི་གྲངས་ ༣༠ སྐོར་ཞིག་ལྷན་འཛོམས་ཐོག་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་དབུ་འཛུགས་གནང་སོང།  སྐབས་དེར་སྲིད་སྐྱོང་མཆོག་གིས་ཁོང་རང་ཉིད་ཀྱི་བོད་དོན་འཐབ་རྩོད་ཐོག་འཛིན་བཞིན་པའི་བོད་ ༥ དང་། ༥༠ དེ་བཞིན་བོད་ ༢༠༢༠ བཅས་ཀྱི་སྒོ་ནས། བོད་གཞིས་བྱེས་གཉིས་སུ་མི་རབས་གསར་རྙིང་འཕོ་འགྱུར་དང། སྤྱི་ཚོགས་འགྱུར་གྲོས་སོགས་ཀྱི་གནས་བབ་ཁག་རིམ་པ་བཞིན་འགྲེལ་བརྗོད་གནང་བ་དང་འབྲེལ། གནས་བབ་དེའི་འོག་བཙན་བྱོལ་ནང་གི་བོད་པའི་འགོ་ཁྲིད་ཚོར་བོད་པའི་མི་རབས་གསར་པ་ཚོའི་སེམས་ཁོངས་ནང་བོད་པའི་ཡིན་པའི་བློ་སྤོབས་བཅོས་མ་མ་ཡིན་པ་ཞིག་སྐྲུན་རྒྱུའི་འགན་ཆེན་པོ་ཡོད་ཅེས་གསུངས་སོང།  ད་དུང་སྲིད་སྐྱོང་མཆོག་གིས་མུ་མཐུད་གསུངས་དོན་ལ། ན་གཞོན་ཉམས་པ་ཚོའི་ངོས་ནས་བཙན་བྱོལ་སྤྱི་ཚོགས་ཀྱི་འཕོ་འགྱུར་དེའི་ནང། བོད་མི་རིགས་ཀྱི་ངོ་བོ་དང།   བོད་ཀྱི་འཐབ་རྩོད་ཀྱི་ངོ་བོ་རྒྱུན་གནས་ཐུབ་ཐབས་སོགས་ཀྱི་ཐད་ཕན་ཐོགས་ཡོད་པའི་ཉམས་ཞིབ་གནང་ཐུབ་ཚེ། བོད་པ་རང་ལ་དགེ་མཚན་ཆེན་པོ་ཡོད་པ་དང། ད་ལྟ་ང་རང་ཚོའི་མི་ཐོག་འདིའི་སྐབས་རང་དབང་དང་གོ་སྐབས། དེ་བཞིན་གདམ་ག་ཡོད་བཞིན་དུ་ བོད་དོན་ཆེད་འབད་བརྩོན་མ་བྱས་པར་བསྡད་པ་ཡིན་ན། སླད་མར་མི་རབས་གསར་པ་ཚོས་ཕམ་ཉེས་ཆེ་ཤོས་ཀྱི་སྐྱོན་བརྗོད་བྱ་ཡུལ་དེ་ང་ཚོའི་ང་ཚོའི་མི་ཐོག་འདི་ཆགས་རྒྱུ་ཡིན་པ་གསུངས་སོང། གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་ཞུས་པའི་བོད་དང་བོད་མི་ཞེས་པའི་བརྗོད་གཞི་གཙོས་པའི་བརྗོད་གཞི་ཁག་ ༢༩ ཐོག་རང་རིགས་ན་གཞོན་ཉམས་ཞིབ་པ་སོ་སོའི་ངོས་ནས་གཏམ་བཤད་དང་བགྲོ་གླེང་བྱ་རྒྱུ་ཡིན་པ་རེད།  

བོད་མིའི་སྒྲིག་འཛུགས་ཀྱིས་མཐོ་སྒང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཆེད་ཞི་རྒྱ་ཆེ་བའི་ལས་འགུལ་ཞིག་དབུ་འཛུགས་གནང་སོང།

བོད་མིའི་སྒྲིག་འཛུགས་ནས་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཆེད་རྒྱལ་སྤྱིའི་ཁྲོད་ལ་ཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་རྒྱུ་དབུ་འཛུགས་གནང་ཡོད་པ་རེད།   དེ་རིང་ཟླ་ ༡༠ ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཕྱི་དྲེལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་རིང་མིན་ཕ་རན་སི་རྒྱལ་ས་Parisནང་COP21ཞེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ལྷན་ཚོགས་ཚོགས་ཚོགས་རྒྱུ་དང་བསྟུན། བོད་མིིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང། ཕྱི་དྲེལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་རྣམ་གཉིས་ དབུས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། དེ་བཞིན་ཕྱི་དྲེལ་ལས་ཁུངས་ཀྱི་དྲུང་ཆེ་རྣམ་པ་གཉིས་བཅས་ལྷན་འཛོམས་ཐོག ཐོག་མར་༸གོང་ས་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་ཐོག་དམིགས་བསལ་སྩལ་བའི་བཀའ་སློབ་བརྙན་འཕྲིན་ལམ་ནས་སྟོན་གནང་པའི་ནང་༸གང་ཉིད་མཆོག་གིས་ ”ང་ཚོར་སྡོད་ཁང་སའི་གོ་ལ་སྔོན་པོ་འདི་ལས་མེད། འདིའི་ཡང་ཐོག་ལ་བོད་ཆགས་ཡོད། འཛམ་གླིང་གི་སྣེ་གསུམ་པར་གྲགས་པའི་བོད་དེ་ཡང་ལྷོ་བྱང་གི་སྣེ་གཉིས་ལྟར་གལ་གནད་ཆེན་པོ་ཡིན། དེར་བརྟེན་བོད་མི་ཙམ་མིན་པར་གོ་ལ་ཁྱོན་ཡོངས་ཀྱི་ཁོར་ཡུག་གནས་སྟངས་རྒྱུན་གནས་ཐུབ་པ་ཞིག་ཡོང་སླད་མཐོ་སྒང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས།’’ ཞེས་བཀའ་སྩལ་ཕེབས་པ་གྲུབ་པ་དང། དེ་རྗེས་ཕྱི་དྲེལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས། ད་ལན་གྱི་དབུ་འཛུགས་ཞུས་པའི་ལས་འགུལ་དེའི་རྒྱབ་ལྗོངས་དང། དམིགས་ཡུལ་སོགས་ངོ་སྤྲོད་གནང་པ་དང་འབྲེལ། ལས་འགུལ་དེ་ཡང་རིང་མིན་ཟླ་བ་འདིའི་ཕྱི་ཚེས་ ༣༠ ནས་ཟླ་བ་རྗེས་མའི་ཕྱི་ཚེས་ ༡༡ བར་ཕ་རན་སི་རྒྱལ་ས་Parisནང་དུ་OP21ཞེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ལྷན་ཚོགས་དང་བསྟུན་གོ་སྒྲིག་ཞུས་པ་ཞིག་ཡིན་མ་ཟད། ལས་འགུལ་དེའི་བརྒྱུད་ནས་མཐོ་སྒང་བོད་ཀྱི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་རྒྱལ་སྤྱིའི་ཐོག་གོ་རྟོགས་རྒྱ་ཆེ་སྤེལ་རྒྱུ་དང། ལྷག་པར་དུ་རིང་མིན་རྒྱལ་ཚོགས་ཀྱི་ཁོར་ཡུག་ལྷན་ཚོགས་ཀྱི་གཙོས་པའི་ཁོར་ཡུག་ཚོགས་འདུ་རིན་པའི་ནང་དུ་མཐོ་སྒང་བོད་ཀྱི་ཁོར་ཡུག་གནས་སྟངས་གསལ་ཐུབ་ཆེད་ཡིན་ཞེས་སོགས་གསུངས་སོང། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འདས་པའི་ལོ་ངོ་༥༠ རིང་མཐོ་སྒང་བོད་ཀྱི་འཁྱགས་རོམ་བརྒྱ་༥༠ ལྷག་ཙམ་ཞུར་ཚར་ཡོད་པ་དང། དེའི་གོ་ལ་སྤྱིའི་གནམ་གཤིས་ཚ་དྲོད་རྒྱས་པ་བྱས་པ་ཡིན་ན། ལྡབ་གསུམ་གྱི་བོད་ནང་ཆེ་བ་ཡོད་པ་དང། དེ་བཞིན་མཐོ་སྒང་བོད་ཀྱི་འཁྱགས་རོམ་ཞུར་ཚད་དེ་ཡང་༢༠༥༠བར་མུ་མཐུད་གནས་པ་ཡིན་ན། འཛམ་གླིང་གནམ་གཤིས་འགྱུར་ལྡོག་ལ་གནོད་སྐྱོན་ཆེན་པོ་ཐེབས་རྒྱུ་ཡིན་པ་གསུངས་པ་མ་ཟད། ལྷག་པར་དུ་དེ་དག་གི་བྱུང་རྐྱེན་གཙོ་བོ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ནང་དུ་རྒྱ་རིགས་མི་འབོར་ཕོན་ཆེན་གནས་སྤོས་བྱས་པ་དང། ནགས་ཚལ་ཕོན་ཆེ་གཅོད་པ། དེ་བཞིན་ཁོར་ཡུག་ལ་གནོད་པའི་འཛུགས་སྐྲུན་ལས་གཞི་སྤེལབ་སོགས་ལ་བརྟེན་ནས་ཡིན་པ་ཐེར་བཏོན་གནང་སོང།

རཱན་ཅཱི་གྲོང་ཁྱེར་ནང་༸གོང་ས་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་ཕུལ་བའི་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་འདུག

རྒྱ་གར་གྱི་ཇཱར་ཁཾཌ་ (Jharkhand) མངའ་སྡེའི་གྲོང་ཁྱེར་རཱན་ཅཱི་ (Ranchi) དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཧྲིལ་པོ་ ༨ འཁོར་བའི་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད།  དེ་རིང་ཟླ་ ༡༠ ཕྱི་ཚེས་ ༡༧ ཉིན་རཱན་ཅཱི་ནང་གི་བོད་མིའི་སུད་ཚོང་ཚོགས་པའི་གོ་སྒྲིག་འོག་དེ་སྔོན་ཕྱི་ལོ་ ༢༠༠༧ ལོར་༸བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་ཆེས་སྙན་པར་གྲགས་པའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་པའི་ཉིན་མོ་དང་བསྟུན། འདི་ལོ་མགོན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་དང། ༸གང་ཉིད་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་་མཛད་ནས་མི་ལོ་ཧྲིལ་པོ་ ༨ འཁོར་བའི་དུས་ཆེན་གཉིས་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་མངའ་སྡེའི་ཡར་རྒྱས་བློན་ཆེན་སྐུ་ཞབས་ C.P.Sing མཆོག་གཙོས་པའི་རྒྱ་གར་གྱི་གཞུང་འབྲེལ་གནད་ཡོད་མི་སྣ་དང ས་གནས་ཀྱི་འཕགས་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཚབ་དང། དེ་བཞིན་ཁུལ་དེའི་བོད་མི་སུད་ཚོང་བཅས་ལྷན་འཛོམས་ཀྱིས་སྲུང་བརྩི་གཟབ་རྒྱས་ཞུས་འདུག  རྩ་བའི་ས་གནས་གྲོང་ཁྱེར་ནང་༸གོང་ས་མཆོག་གི་༸སྐུ་པར་བཤམ་པ་དང། ཁུལ་དེའི་ཡུལ་མི་ཚོར་༸གོང་ས་མཆོག་༸སྐུའི་མཛད་འཁུར་གསུམ་གཙོས་པའི་རླབས་ཆེན་མཛད་འཕྲིན་ཁག་ངོ་སྤྲོད་དང། དེ་བཞིན་མང་ཚོགས་ལ་མངར་ཟས་བགོད་འགྲེམས་སོགས་གནང་ནས་དགའ་གུས་ཆེན་པོས་བོད་མིའི་སུད་ཚོང་པའི་དགུན་ཚོང་ཡང་དབུ་འཛུགས་གནང་ཡོད་པ་རེད།

འོས་བསྡུ་ལས་ཁང་ལ་དཔང་རྟགས་ར་སྤྲོད་འཕེར་བའི་ཞུ་གཏུགས་གནང་མཁན་བྱུང་མ་སོང་གསུངས་འདུག

བཞུགས་སྒར་དུ་རྟེན་གཞི་བྱས་པའི་སྤྱི་ཁྱབ་འོས་བསྡུ་ལས་ཁང་ནས་སྲིད་སྐྱོང་དང་སྤྱི་འཐུས་སུ་བཞེངས་མཁན་འོས་མིི་རྣམས་འོས་བསྡུའི་སྒྲིག་གཞི་དང་འགལ་ཡོད་པའི་དཔང་རྟགས་ར་སྤྲོད་འཕེར་བའི་ཞུ་གཏུགས་གནང་མཁན་བྱུང་མེད་པའི་ལན་འདེབས་གནང་སོང་། བཙན་བྱོལ་བོད་མིའི་ཕྱི་ལོ་ ༢༠༡༥་༡༦ ལོའི་འོས་བསྡུ་ཆེན་མོའི་ལས་རིམ་འགྲོ་བཞིན་པའི་དུས་མཚམས་འདིར། བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་དང་བོད་དོན་རྒྱབ་སྐྱོར་བ་ ༢༧ བཅས་ནས་སྤྱི་ཁྱབ་འོས་བསྡུ་ལས་ཁང་ལ་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མིར་རྒྱབ་སྐྱོར་གནང་མཁན་གཞུང་འབྲེལ་མིན་པའི་ཚོགས་པ་ངོས་འཛིན་ཞུ་ཕྱོགས་ཐད་དྲང་བདེན་མ་ཡིན་པ་ཆགས་ཉེན་དང། ད་ལྟའི་སྲིད་སྐྱོང་ལས་ཐོག་ནས་གཞུང་འབྲེལ་ཕྱོགས་ཕེབས་ཁྲོད་འོས་བསྡུའི་དྲིལ་བསྒྲགས་གནང་གི་ཡོད་པའི་གནད་དོན་ཁག་ཅིག་ཐོག་ཞུ་སྙན་ཕུལ་ཡོད་པ་ལྟར། འདི་ག་རླུང་འཕྲིན་ཁང་ནས་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་སུ་གོང་ཞུས་ཚོགས་པ་དེ་དག་གི་ཕུལ་བའི་ཞུ་སྙན་སྐོར་བཅར་འདྲི་ཞུས་པར། འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ནས་གཞུང་འབྲེལ་མིན་པའི་ཚོགས་པ་ངོས་འཛིན་ཞུ་ཕྱོགས་ཀྱི་སྐུ་དབང་འཛིན་སྐྱོང་བཀའ་ཤག་ལ་ཡོད་པའི་ལན་འདེབས་གནང་སོང་བ་དང། ད་ལྟའི་སྲིད་སྐྱོང་ལས་ཐོག་མཆོག་ནས་གཞུང་འབྲེལ་ཕྱོགས་ཕེབས་གནང་པའི་ཁྲོད་འོས་བསྡུའི་སྒྲིག་གཞི་དང་འགལ་བའི་དཔང་རྟགས་ར་སྤྲོད་འཕེར་བའི་ཞུ་གཏུགས་གནང་མཁན་བྱུང་མེད་པ་གསུངས་གནང་སོང། རྩ་བའི་སང་ཉིན་ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་བཙན་བྱོལ་བོད་མི་འདུ་འགོད་གང་སར་ ༢༠༡༥ དང་། ༡༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་རྣམ་པའི་སྔོན་འགྲོའི་འོས་འཕང་གི་ཡོད་པ་རེད།

Latest news