Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

རྒྱ་གར་བྱང་ཤར་ཁུལ་གྱི་བོད་མི་བཞི་བཅུ་ལྷག་ལྡི་ལི་ནས་རང་ཁྱིམ་དུ་ཕྱིར་ལོག

ཁ་ས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ས་གནས་འགོ་འཛིན་གྱི་མཐུན་འགྱུར་འོག་རྒྱ་གར་བྱང་ཤར་ཁུལ་ནས་ཡིན་པའི་སློབ་ཕྲུག་དང་དེ་བཞིན་ལྡི་ལི་ཁུལ་དུ་ལས་ཀ་བྱེད་མཁན་བཅས་ཁྱོན་བོད་མི་གྲངས་ ༤༠ ལྷག་ཙམ་ཞིག་རང་ཁྱིམ་དུ་ཕྱིར་ལོག་གནང་ཡོད་པ་རེད། རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་མེའོ་ཆོས་འཕེལ་གླིང་དང་ཏི་ཛུ་དར་རྒྱས་གླིང་། ཀྲུ་ཀྲིང་བཅས་ཀྱི་བོད་མི་བཅས་དེ་དག་ཁག་གཅིག་ཉེ་སྔོན་སློབ་གྲྭ་ཁག་སྒོ་བརྒྱབ་ རྗེས་རྒྱལ་ས་ལྡི་ལིར་ལུས་པ་དང་། གཞན་དེ་རྣམས་ལྡི་ལིའི་མགྲོན་ཁང་དང་ཟ་ཁང་སོགས་ནང་ལས་ཀ་བྱེད་མཁན་རེད་འདུགརླུང་འཕྲིན་ཁང་གིས་རང་ཁྱིམ་དུ་ཕྱིར་ཕེབས་མཁན་བོད་མི་དེ་དག་ལས་ཁག་ཅིག་ལ་བཅར་འདྲི་ཞུས་པར་ཁག་ཅིག་ཟླ་བ་གཉིས་ལྷག་གི་རིང་ལས་མེད་ལུས་པར་བརྟེན་ཁང་གླའི་ངལ་འཕྲད་དང་། སོ་སོའི་ནང་མི་སྤུན་མཆེད་ཚོས་བློ་འཚབ་གནང་བ། ལྷག་པར་ལྡི་ལིའི་ཕྱི་ཕྱོགས་སུ་མཁོ་ཆས་ཉོ་བར་ཞེད་སྣང་གནང་དགོས་པ་སོགས་ཀྱི་དཀའ་ངལ་ཡོད་སྟབས་གནས་སྐབས་རིང་རང་ཁྱིམ་དུ་ཕྱིར་ལོག་མ་གནང་ཐབས་མེད་གྱུར་ཡོད་པར་གསུངས་སོང་།ལྡི་ལི་ས་གནས་འགོ་འཛིན་གྱི་མཐུན་འགྱུར་འོག་རྒྱལ་ས་ལྡི་ལི་ནས་ད་བར་ཡུ་པི་དང་།  ཨུཏྲ་ཁནྜ། ལ་དྭགས། ཧི་མཱ་ཅལ་སོགས་ཀྱི་མངའ་སྡེ་སོ་སོར་བོད་མི་མང་པོ་ཞིག་ཕྱིར་ལོག་གནང་ཟིན་པ་མ་ཟད། ས་གནས་འགོ་འཛིན་གྱིས་འགྲེལ་བརྗོད་གནང་བར་བོད་མི་མང་པོ་ཞིག་རང་ཁྱིམ་དུ་ཕྱིར་ཕེབས་རྒྱུར་སྒུག་བཞིན་ཡོད་པ་གསུངས་སོང་བ་དང་། ལྡི་ལི་ནས་མངའ་སྡེ་གཞན་ཁག་ཏུ་ཕྱིར་ལོག་གནང་བར་ཕྱིར་ལོག་གནང་ཡུལ་མངའ་སྡེའི་ གཞུང་གི་ཆོག་མཆན་རག་དགོས་པ་ཡོད་པ་མ་ཟད་མི་རེ་ངོ་རེར་ལྡི་ལི་ནས་ས་གནས་གཞུང་གི་ངོས་ནས་ནད་ཡམས་དུག་སེལ་ Scanning བྱས་ཟིན་པའི་ལག་འཁྱེར་བཅས་དགོས་ཀྱི་ཡོད་པ་རེད།དཔེར་ན་ཁ་སང་རྒྱ་གར་བྱང་ཤར་ཁུལ་གྱི་བོད་མི་བཞི་བཅུ་ལྷག་ལྡི་ལི་ནས་རང་ཁྱིམ་དུ་ཕྱིར་ལོག་གནང་ཡོད་པ་ལྟར་བོད་མི་དེ་དག་ལ་ལྡི་ལི་ས་གནས་འགོ་འཛིན་གྱིས་ཨ་རུ་ནཱ་ཅལ་འཛུལ་ཆོག་པའི་ཆོག་མཆན་ཆ་ཚང་ཞུས་ཡོད་ཀྱང་། ལྡི་ལི་གསར་པའི་ Vasant Vihar ཁུལ་དུ་ནད་ཡམས་དུག་སེལ་ Scanning  གནང་སར་རྒྱ་གར་བ་སྟོང་ཕྲག་མང་པོ་མཉམ་དུ་ནད་ཡམས་མེད་པའི་ཆོག་མཆན་ཞུ་དགོས་པ་དང་། ལྷག་པར་ད་ལྟའི་གནས་སྐབས་རྒྱུན་ལྡན་ལྟར་གནམ་གྲུ་དང་མེ་འཁོར་འགྲུལ་བཞུད་སོགས་ཀྱི་ཆ་རྐྱེན་མེད་སྟབས་འགྲུལ་སྐྱེལ་གླ་འཁོར་དང་སྒེར་འཁོར་ནང་འགྲོ་དགོས་པར་བརྟེན། མེའོ་དང་ཀྲུ་ཀྲིང་། ཏི་ཛུ་བཅས་ནི་རྒྱ་གར་བྱང་ཤར་གྱི་ས་མཚམས་ས་ཁུལ་ཡིན་པས་ཁོང་ཚོ་ཁ་སང་འགྲུལ་སྐྱེལ་གླ་འཁོར་གཉིས་གླ་ནས་ཕེབས་ཡོད་པ་དང་། བོད་མི་དེ་དག་རང་ཁྱིམ་དུ་འབྱོར་བར་ཉུང་མཐར་ཉིན་གྲངས་ལྔ་འགོར་གྱི་འདུགགཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐེམ་སྤང་གི་དུས་ཚོད་དེའི་ཁྲོད་འཚོ་བའི་དཀའ་ངལ་འཕྲད་བཞིན་པའི་བོད་མི་རེ་རེར་ཛ་དྲག་ངེལ་སེལ་རོགས་རམ་དུ་ཧིན་སྒོར་ ༥༠༠༠ གནང་རྒྱུ་གསལ་བསྒྲགས་གནང་ཟིན་པ་བཞིན་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་རྒྱ་བལ་འབྲུག་གསུམ་ནས་ཛ་དྲག་ངེལ་སེལ་རོགས་རམ་དེའི་སླད་སྙན་ཞུ་ཕུལ་མཁན་ཁྱོན་བོད་མི་ ༢༠༠༠ ཙམ་བྱུང་འདུགཞུ་སྙན་ཕུལ་མཁན་བོད་མི་དེ་དག་ཁོངས་ནས་ཕོན་ཆེ་ཤོས་དྷ་ས་གཡས་གཡོན་དུ་བཞུགས་མཁན་བོད་མི་ཁྱོན་ ༧༠༠ ལྷག་ཙམ་བྱུང་ཡོད་པ་དང་། དེ་རྗེས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་བལ་ཡུལ་ཆོས་འབྱོར། འབྲུག་ཡུལ། ལ་དྭགས། ལྡེ་ར་ལྡུན་སོགས་ཆགས་ཀྱི་ཡོད་པ་དང་། ད་ཆར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་ས་གནས་འགོ་འཛིན་ལས་ཁུངས་ཁག་བརྒྱུད་དེ་དཀའ་ངལ་ནང་ལྷུང་བའི་བོད་མི་དེ་དག་གི་གནས་བབ་ཐད་ཞིབ་འཇུག་གནང་མུས་རེད་འདུག དེའི་བར་ན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་ཀྱང་རྒྱ་བལ་འབྲུག་གསུམ་གྱི་བོད་མི་ཉམ་ཐག་ ༡༣༠༠ ལྷག་ཙམ་གྱི་ངེལ་སེལ་ཆེད་ཧིན་སྒོར་འབུམ་ ༡༢༠ ལྷག་ཙམ་འགྲོ་གྲོན་བཏང་བ་དང་དེ་བཞིན་དཀའ་ངལ་ནང་ལ་ལྷུང་བའི་བོད་ཕྲུག་ཉམ་ཐག་ ༦༠༠ ལྷག་གི་ཆེད་ཧིན་སྒོར་འབུམ་ ༤༣ ལྷག་བགོ་འགྲེམས་གནང་ཟིན་ཡོད་པར་འགྲེལ་བརྗོད་གནང་འདུག

བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་པཎ་ཆེན་རིན་པོ་ཆེ་འཛིན་བཟུང་བཙན་ཁྲིད་བྱས་པའི་ཉིན་མོ་དྲན་གསོ་ཞུས་སོང་།

རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༥ ལོའི་ཕྱི་ཟླ་ ༥ ཕྱི་ཚེས་ ༡༧ ཉིན་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉིན་མ་མཆོག་འཛིན་བཟུང་བཙན་བྱས་ཏེ་ཁ་སང་ལོ་ངོ་ ༢༥ འཁོར་བའི་དུས་སྐབས་སུ་བོད་མིའི་སྒྲིག་འཛུགས་དབུས་པའི་བོད་མི་མང་ཚོགས་དང་། བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་མི་སྒེར་སོགས་ནས་ལས་འགུལ་གྱི་རྣམ་པ་འདྲ་མིན་ཐོག་ཉིན་མོ་དེ་སྲུང་བརྩི་དང་དྲན་གསོ་གནང་བ་དང་སྦྲགས། ཆུང་སྲིད་རིན་པོ་ཆེ་དབུས་པའི་ནང་མི་རྣམ་པ་མགྱོགས་མྱུར་གློད་བཀྲོལ་དགོས་པ་སོགས་ཀྱི་དགོས་འདུན་བཏོན་གནང་སོང་། དེ་ཡང་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཁ་སང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་གཞུང་གིས་འཛིན་བཟུང་བཙན་བྱས་ཏེ་ད་བར་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༢༥ འཁོར་བའི་དུས་ཚིགས་ཐོག་ཡོངས་ཁྱབ་གསུང་བཤད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་ལ་ཆུང་སྲིད་རིན་པོ་ཆེ་དབུས་པའི་ཁོང་གི་ནང་མི་ལྷན་རྒྱས་དང་བྱ་བྲལ་རིན་པོ་ཆེ་བཅས་རྒྱ་གཞུང་གིས་བཙན་འཁྲིད་བྱས་ཏེ་ད་བར་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༢༥ འཁོར་གྱི་ཡོད་ཅིང་། འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་ནང་པ་དང་ཁྱད་པར་བོད་མི་ས་ཡ་དྲུག་གིས་རིན་པོ་ཆེའི་ཞལ་མཇལ་དང་གསུང་ཐོས་རྒྱུར་སྐོམ་པ་ཆུ་འདོད་ལྟར་རེ་སྒུག་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་ཆུང་སྲིད་རིན་པོ་ཆེ་ཁོང་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བོད་ཀྱི་སྲོལ་རྒྱུན་གྱི་བླ་སྤྲུལ་ངོས་འཛིན་གནང་སྲོལ་བཞིན་པཎ་ཆེན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་ཡོད་ཀྱང་། རྒྱ་ནག་གཞུང་གིས་དེར་ཆབ་སྲིད་དགོས་མཁོ་དང་བསྟུན་ནས་རྒྱུན་ཏན་ལྟར་འཁྱོགས་བཤད་བྱེད་བཞིན་པ་དེར་འཛམ་གླིང་མི་མང་གི་ངོས་ནས་ཡིད་ཆེས་གནང་གི་མེད་པའི་གདེང་སྤོབས་དང་ཡིད་ཆེས་ཡོད་ཅེས་གསུངས་འདུག་པ་མ་ཟད། ལྷག་པར་དུ་བོད་མི་ཚོའི་སེམས་གཏིང་ནས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཁོ་ནར་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་བརྩི་བཞིན་ཡོད་ཅེས་གསུངས་འདུག མ་ཟད་རྒྱ་ནག་གཞུང་གིས་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ཆེས་ཆུང་ངུ་ནས་བཙན་ཁྲིད་བྱས་ནས་ད་ཆ་མི་ལོ་ ༢༥ གར་སོང་ཆ་མེད་དུ་གྱུར་བ་དེ་ནི་མིའི་མི་ཚེའི་ལོ་ལ་གཞིགས་ན་ཉུང་ཉུང་ཞིག་རྩ་བ་ནས་མིན་པ་དང་། ལྷག་པར་དུ་མི་ཚེའི་འཚར་ལོངས་ཀྱི་བརྒྱུད་རིམ་གལ་ཆེ་ཤོས་དེ་བཙན་དབང་འོག་བཞུགས་དགོས་བྱུང་བ་དེ་ནི་གསབ་ཐབས་མེད་པའི་གྱོང་གུད་ཆེན་པོ་ཞིག་ཡིན་ལ། ཡང་སྒོས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནས་སྟངས་དེ་ལྟར་གྱུར་པ་ནི། རིན་པོ་ཆེ་སྐུ་སྒེར་གྱི་གནས་ཚུལ་ཙམ་མིན་པར་བོད་མི་ས་ཡ་དྲུག་གི་ཆོས་དད་རང་དབང་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། རྒྱ་ནག་གཞུང་གིས་ཁ་ཞེ་གཉིས་མེད་ཀྱིས་མི་རིགས་འཆམ་མཐུན་ངོས་ལེན་གནང་གི་ཡོད་ན། སྔ་འགྱོད་ཕྱི་སྡོམ་གྱི་ཚུལ་དུ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་པའི་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་དཀའ་སྡུག་མྱོང་བཞིན་པའི་ཁོང་གི་ནང་མི་ལྷན་རྒྱས་དང་། བྱ་བྲལ་རིན་པོ་ཆེ། བོད་ཀྱི་ཆབ་སྲིད་བཙོན་པ་བཅས་རྒྱ་ནག་གཞུང་གི་བཙན་དབང་འོག་ནས་གང་མགྱོགས་གློད་བཀྲོལ་གཏོང་དགོས་པའི་རེ་སྐུལ་ཞུས་འདུག དེ་བཞིན་བཀའ་ཤག་གི་ཡོངས་ཁྱབ་གསུང་བཤད་བསྒྲགས་གཏམ་དེའི་ནང་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་བོད་རྒྱལ་ཁབ་དང་མི་རིགས་ལ་བསྐྱངས་པའི་མཛད་རྗེས་ཁག་ཅིག་ཀྱང་དྲན་གསོ་ཞུས་པ་དང་། ད་བར་དྲང་བདེན་ལ་དགའ་བའི་རྒྱལ་སྤྱིའི་སྲིད་གཞུང་དང༌། གྲོས་ཚོགས། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ། སྒེར་པ་བཅས་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་བ་དང་ཆབས་ཅིག་ཏུ་རྒྱ་ནག་གཞུང་ལ་སྔར་ལྷག་གནོན་ཤུགས་སྤྲོད་རྒྱུར་རོགས་སྐྱོར་ཡོང་པའི་འབོད་སྐུལ་སོགས་ཀྱང་ཞུས་འདུག དེ་བཞིན་ཁ་སང་དགོང་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་ངོ་དེབ་དྲ་གནས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བཀྲིས་ལྷུན་པོའི་མཁན་པོ་གཟིགས་རྒྱབ་རིན་པོ་ཆེ་མཆོག དེ་བཞིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་བསྟན་འཛིན་རྡོ་རྗེ་ལགས་དང་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་བཅས་ལྷན་བཞུགས་ཐོག་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་དང་འབྲེལ་བའི་ཐོག་ལ་བགྲོ་གླེང་གི་ལེ་ཚན་ཞིག་གོ་སྒྲིག་ཞུས་སོང་བ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་ནས་ཆུང་སྲིད་རིན་པོ་ཆེ་གློད་བཀྲོལ་མ་བཏང་གི་བར་དུ་བོད་མིའི་འབད་བརྩོན་དེ་ནམ་ཡང་ཆད་མི་སྲིད་ཅེས་གསུངས་ཡོད། དེ་བཞིན་གཟིགས་རྒྱབ་རིན་པོ་ཆེ་མཆོག་གིས་རྒྱལ་མཆོག་ཡབ་སྲས་གཉིས་ཀྱི་འབྲེལ་ལམ་གྱི་གལ་གནད་དང་། བུ་ཆུང་ཚེ་རིང་ལགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་པཎ་ཆེན་རིན་པོ་ཆེ་དང་བོད་ཀྱི་གནད་དོན་སོགས་ཀྱི་ཐོག་ལ་གསུངས་བཤད་གནང་ཡོད། མ་ཟད་བསྟན་འཛིན་རྡོ་རྗེ་ལགས་ནས་རིན་པོ་ཆེ་མཆོག་གི་གནད་དོན་དང་ཞུ་གཏུགས་ཀྱི་ལས་འགུལ་ཐོག་གསུངས་བཤད་དང་སྦྲགས།  རིན་པོ་མཆོག་གི་གནད་དོན་སོགས་ཀྱི་ཐད་ལ་བཀའ་མོལ་ཙམ་མིན་པར་དངོས་སུ་ཕྱག་བསྟར་གནང་རོགས་ཞེས་འབོད་སྐུལ་ནན་པོ་གནང་སོང་། སྐབས་དེར་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་འདས་པའི་ཟླ་བ་གཅིག་ལྷག་གི་རིང་ལ་སྐུ་ཚབ་དོན་ཁང་ཁག་གིས་ཆུང་སྲིད་རིན་པོ་ཆེ་དང་འབྲེལ་བའི་ལས་འགུལ་སྤེལ་བ་ཁག་གསལ་བཤད་གནང་སོང་པ་མ་ཟད། བགྲོ་གླེང་གི་ལས་རིམ་ཆ་ཚང་གྲུབ་མཚམས་སུ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་པ་རྣམས་ཀྱིས་སྣེ་ཁྲིད་ཐོག་སྨོན་ལམ་གསུངས་འདོན་དང་སྦྲགས་མར་མེ་གསོལ་འདེབས་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད། ཁ་ས་དགོང་མོའི་མཆོད་མེའི་ལས་འགུལ་དེའི་ནང་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དང་། རྒྱལ་སྤྱིའི་ཁྱོན་ཡོངས་སུ་བཞུགས་པའི་བོད་མི་དང་བོད་དོན་རྒྱབ་བསྐྱོར་བ་སོགས་ཀྱང་མཉམ་ཞུགས་གནང་ཡོད་པ་དང་། ལྷག་པ་གཞུང་དང་ད་ལྟའི་ཛ་དྲག་གི་དུས་སྐབས་འདིར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་དངོས་སུ་ཁྲོམ་གཞུང་དུ་ཐོན་ཏེ་ངོ་རྒོལ་སྐད་འབོད་སོགས་ཀྱི་ལས་འགུལ་སྤེལ་རྒྱུ་ཁག་པོ་ཆགས་ཡོད་སྟབས་དྲ་ཐོག་བརྒྱུད་རིན་པོ་ཆེའི་གནད་དོན་ཐོག་ལ་བགྲོ་གླེང་དང་། མཚན་རྟགས་བསྡུ་རུབ། དེ་བཞིན་ཞུ་གཏུགས་སོགས་ཀྱི་ལས་འགུལ་སྣ་མང་སྤེལ་འདུག་པ་དང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཀྱང་རིམས་ནད་དང་འབྲེལ་བའི་ཛ་དྲག་གི་དུ་སྐབས་རྐྱེན་པས་མ་བུ་མཇལ་དུ་འགྲོ་ཞེས་པའི་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་ཐུབ་མེད་ཀྱང་། ༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙོན་འཇུག་བྱས་ཏེ་མི་ལོ་ཧྲིལ་པོ་ ༢༥ འཁོར་བར་བོད་ཀྱི་གཞོན་སྐྱེས་ཚོའི་སེམས་ནང་གི་འཆར་སྣང་མཚོན་པའི་རི་མོའི་སྒྱུ་རྩལ་གྱི་ལས་འགུལ་ཞིག་སྤེལ་འདུག གཞི་རྩའི་ཉེ་ཆར་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༣༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དང་། ལྷག་པར་དུ་ཆུང་སྲིད་རིན་པོ་ཆེ་རྒྱ་གཞུང་གི་བཙན་ཁྲིད་འོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༢༥ འཁོར་བའི་དུས་སྐབས་སུ་ཨ་རི་དང་འཇར་མན། དེ་བཞིན་Italy དང་ཅེཀ་སྤྱི་འཐུན་རྒྱལ་ཁབ་སོགས་རྒྱལ་སྤྱིའི་རྒྱལ་ཁབ་མི་ཉུང་བ་ཞིག་གི་གནད་ཡོད་མི་སྣ་དང་། གྲོས་ཚོགས་འཐུས་མི། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཀྱིས་རྒྱ་གཞུང་ལ་ཆུང་སྲིད་རིན་པོ་ཆེ་ཡི་དབུས་པའི་ནང་མི་རྣམ་པའི་ད་ལྟའི་གནས་སྟངས་གང་ཡིན་གསལ་པོ་བཟོ་པ་དང་། རིན་པོ་ཆེ་ཡི་དབུས་པའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པའི་འབོད་སྐུལ་ཡིག་ངག་གཉིས་ཐོག་ནས་གནང་ཡོད་པ་རེད། དེ་བཞིན་ཡོ་རོབ་ཀྱི་ཁུལ་དུ་ཡང་པཎ་ཆེན་ཆུང་སྲིད་མཆོག་རྒྱ་ནག་གིས་བཙན་ཁྲིད་བྱས་ནས་མི་ལོ་ཉེར་ལྔ་འཁོར་བའི་དུས་ཚིགས་དྲན་གསོ་བྱས་པ་སོགས་ཀྱི་གནད་དོན་ཁག་གཤམ་གྱི་སྒྲ་ལྡན་གྱི་གསར་ལམ་ནས་གསན་རོགས་ཞུ།    

གཉན་རིམས་རྐྱེན་པས་དཀའ་ངལ་འཕྲད་མཁན་བོད་རིགས་ཚོར་ཧིན་སྒོར་འབུམ་ལྔ་བཅུ་གནང་རྒྱུ།

ཁ་སང་ཉིན་ཕྱི་དྲོ་ཆུ་ཚོད་ ༥ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཕྱི་འབྲེལ་དྲུང་ཆེ། དེ་བཞིན་ཏོག་དབྱིབས་རིམས་ནད་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་ཚེ་རིང་མཚམས་གཅོད་ལགས་སོགས་ལྷན་ཞུགས་ཐོག་གཞུང་འབྲེལ་གསར་འགོད་ལྷན་ཚོགས་ཤིག་གནང་སྟེ་གཉན་རིམས་རྐྱེན་པས་ཛ་དྲག་གི་གནས་སྟངས་ཁྲོད་མངའ་སྡེ་དང་རྫོང་གཞན་ནང་དུ་ལྷག་པ་དང་ལས་ཤོར་བོད་རིགས་ཆིག་སྟོང་ཙམ་ལ་འཚོ་སྣོན་ཧིན་སྒོར་འབུམ་ལྔ་བཅུ་གནང་རྒྱུ་ཡིན་པ་གསུངས་སོང་།སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ Covid 19 འམ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་གོད་ཆག་ཁྲོད་བོད་མི་མང་དག་ཅིག་རྒྱ་གར་གྱི་མངའ་སྡེ་གཞན་ནང་ལྷག་པའི་རྐྱེན་གྱིས་རང་གནས་མངའ་སྡེར་ཕྱིར་ཕེབས་མ་ཐུབ་པའི་གནས་སྟངས་སུ་གྱུར་པ་དང་ཁག་ཅིག་ལས་ཀ་ཤོར་བའི་དཀའ་ངལ་འཕྲད་བཞིན་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ཆེས་ཛ་དྲག་གི་དུས་སྐབས་འདིར་བོད་མིའི་སྒྲིག་འཛུགས་ནས་དེ་འབྲེལ་དཀའ་ངལ་འོག་ལྷུང་པའི་བོད་མི་རེ་རེ་ལ་འཚོ་སྣོན་ཆེད་ཧིན་སྒོར་ལྔ་སྟོང་རེ་གནང་གི་ཡོད་པ་བཞིན་ཁྱོན་བོད་མི་ཆིག་སྟོང་ཙམ་ལ་ཧིན་སྒོར་འབུམ་ལྔ་བཅུ་གནང་རྒྱུ་ཡིན་པ་གསུངས་སོང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཟླ་བ་སྔོན་མའི་ཕྱི་ཚེེས་ ༢༦ ཉིན་རྒྱ་གར་དབུས་གཞུང་གིས་མངའ་སྡེ་གཞན་ནང་ལྷག་པའི་གང་ཟག་དེ་རྣམས་རང་གནས་མངའ་སྡེར་ཕྱིར་འགྲོ་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད་ཀྱང་། ད་ལྟའི་ཆར་ས་ཁུལ་གཞན་ནང་ལྷག་པའི་བོད་མི་དེ་དག་རིམ་བཞིན་རང་གནས་མངའ་སྡེ་སོ་སོར་ཕྱིར་ཕེབས་ཐུབ་སླད་དུ་འབད་བརྩོན་གང་ཐུབ་གནང་མུས་ཡིན་པ་དང་། འོན་ཀྱང་རྒྱ་གར་གྱི་ཡུལ་ཁྲིམས་ཀྱི་གནས་སྟངས་རྐྱེན་པས་ Adhar card ཡོད་མཁན་བོད་མི་རྣམས་ནས་རང་ཉིད་ཀྱི་ Adhar card དེ་ས་གནས་གང་ནས་བཟོས་པ་བཞིན་མངའ་སྡེ་དེར་བསྐྱོད་ཆོག་པ་ལས་དེ་མིན་དཀའ་བའི་གནས་ཡིན་པ་ལྟར། ད་ལྟའི་ཆར་རྒྱ་གར་ Gujarat མངའ་སྡེའི་གྲོང་ཁྱེར་བྷ་རི་ཌ་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཆེས་ཆེར་འགྲོ་ཉེན་འོག་ཁུལ་དེར་སློབ་གཉེར་གནང་བཞིན་པའི་བོད་རིགས་སློབ་མ་རྣམས་རང་ཉིད་ཀྱི་སྡོད་ཁང་ནས་ཕྱིར་ཐོན་དགོས་པའི་བཀའ་རྒྱ་བསྒྲགས་པར་བརྟེན་བོད་མིའི་སྒྲིག་འཛུགས་ནས་མངའ་སྡེ་སོ་སོའི་འབྲེལ་ཡོད་ལས་ཁུངས་ཁག་ལ་འབྲེལ་ལམ་ཞུས་པ་བརྒྱུད་གོང་གསལ་བོད་རིགས་སློབ་མ་རྣམས་རང་ཉིད་ཀྱི་ Adhar card ཐོག་འཁོད་པའི་ཁ་བྱང་ལྟར་ཕྱིར་སློག་དང་དེ་མིན་སློབ་མ་གཞན་རྣམས་ལྡི་ལིར་བཞུགས་གནས་གྲ་སྒྲིག་གནང་རྒྱུ་ཡིན་པ་གསུངས་སོང་།སྐབས་དེའི་གསར་འགོད་ལྷན་ཚོགས་ཐོག་སྲིད་སྐྱོང་མཆོག་གིས་བདུན་ཕྲག་རྗེས་མའི་ནང་བོད་གཞིས་སྒར་ཁག་ཡོངས་རྫོགས་སུ་ Sanitization ཏོག་དབྱིབས་གཉན་རིམས་སྔོན་འགོག་དང་འབྲེལ་བའི་གཙང་བཟོ་གནང་རྒྱུ་ཡིན་པ་གསུངས་སོང་བ་མ་ཟད། དེ་རིང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཕྱི་དྲོ་ཕྱག་ཚོད་ ༧ ཐོག་དྷ་ས་གནས་ཆུང་གྲྭ་ཚང་དུ་བོད་མིའི་ཁྲོད་ཏོག་དབྱིབས་གཉན་རིམས་རྐྱེན་འདས་གྲོངས་སུ་གྱུར་པའམ་ནད་ཀྱིས་མནར་བཞིན་པ་རྣམས་ཀྱི་སླད་དུ་ཞབས་རིམ་གསོག་སྒྲུབ་གནང་རྒྱུ་ཡིན་པ་རེད། གཞན་ཡང་སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་གཉན་རིམས་དང་འབྲེལ་བའི་སྤྱི་ཡོངས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་མ་ཟད། ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་སླེབས་ལ་ཉེ་བའི་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ཧྲིལ་པོ་ ༢༥ འཁོར་བའི་ཉིན་མོ་དང་བསྟུན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་ཕྱི་ཚེས་ ༡༧ ཉིན་དྲྭ་ལམ་བརྒྱུད་བོད་སྐད་ཐོག་མཁས་པའི་བགྲོ་གླེང་གཙོས་ལས་འགུལ་ཁག་གཅིག་སྤེལ་རྒྱུ་ཡིན་པ་གསུངས་སོང་། འབྲེལ་ཡོད་པར་བོད་མིའི་སྒྲིག་འཛུགས།

བཞུགས་སྒར་དུ་ཕྱིར་ཕེབས་པའི་བོད་མི་དག་ལ་བཞུགས་གནས་དང་ཞལ་ལག་མཐུན་རྐྱེན་སྦྱོར་རྒྱུ་རེད་འདུག

རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གནས་སྟངས་ཁྲོད་ཟླ་བ་འདིའི་ཕྱི་ཚེས་ ༤ ཉིན་སླར་ཡང་རྒྱ་གར་དབུས་གཞུང་གིས་རིམས་ནད་སྔོན་འགོག་ལ་དམིགས་ཏེ་ཐེམ་སྤང་གི་བཀའ་རྒྱ་རིམ་པ་གསུམ་པ་དེ་བཏང་སྟེ་ཟླ་བ་འདིའི་ཕྱི་ཚེས་ ༡༧ བར་ཁྱོན་གཟའ་འཁོར་གཉིས་ཀྱི་རིང་ལ་མུ་མཐུད་ཕྱི་ལ་གང་བྱུང་མི་འགྲོ་བར་སོ་སོའི་ནང་དུ་བཞུགས་དགོས་པའི་གནས་སྟངས་སོར་གནས་བྱུང་ཡོད་པ་རེད།འོན་ཀྱང་རྒྱ་གར་དབུས་གཞུང་གིས་རྒྱ་གར་ཡུལ་གྱི་གཙོས་པའི་རྒྱ་གར་ནང་དུ་གནས་སྡོད་བྱེད་མཁན་གང་ཟག་གང་ཞིག་རང་ཉིད་གཏན་སྡོད་བྱེད་ཡུལ་མངའ་སྡེའི་ཕྱི་ཕྱོགས་མངའ་སྡེ་གཞན་ནང་དུ་ལྷག་མཁན་ཚོར་ཟླ་སྔོན་མའི་ཕྱི་ཚེས་ ༢༦ ཉིན་ནས་གནས་ཡུལ་མངའ་སྡེའི་ནང་དུ་འགྲོ་ཆོག་པའི་བཀའ་རྒྱ་ཡོངས་གྲགས་གནང་དོན་ལྟར་མངའ་སྡེ་གཞན་ནང་ལུས་པའི་༸རྒྱལ་བའི་བཞུགས་སྒར་ཧི་མཱ་ཅལ་མངའ་སྡེ་ནང་དུ་གནས་བཞུགས་བོད་མི་མི་ཉུང་བ་ཞིག་གོང་ཚེས་ཉིན་ནས་བཟུང་སྟེ་ཉིན་རེ་བཞིན་ཡོང་མཁན་ཇེ་མང་དུ་འགྲོ་མུས་ཡིན་པ་རེད། འདི་ག་རླུང་འཕྲིན་ཁང་གིས་རྒྱལ་ས་ལྡི་ལི་ནས་ཆེས་ཐོག་མ་ཧི་མཱ་ཅལ་མངའ་སྡེར་ཕྱིར་ཡོང་བའི་བོད་མི་གཅིག་དང་དེ་བཞིན་དྷ་སཱའི་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་གཉིས་སུ་གནས་ཚུལ་དེ་འབྲེལ་སྐོར་བཅར་འདྲི་ཞུས་ཡོད།རྩ་བའི་ཐེངས་འདིའི་རྒྱ་གར་རྒྱལ་ཡོངས་ཐེམ་སྤང་གི་བཀའ་རྒྱ་རིམ་པ་གསུམ་པ་འདི་ཟླ་བ་འདིའི་ཕྱི་ཚེས་ ༡༧ བར་གནས་ཀྱི་ཡོད་པ་དང་། རྒྱ་གར་ནང་ལ་ད་ལྟའི་ཆ་ལ་ཏོག་དབྱིབས་རིམས་ནད་ཕོག་པ་མི་གྲངས་ ༥༦༣༤༢ ལྷག་དང་འདས་གྲོངས་སུ་ཕྱིན་པའི་མི་གྲངས་ ༡༨༨༦ ལྷག དེ་བཞིན་དྲག་སྐྱེད་བྱུང་བ་མི་གྲངས་ ༡༦༥༤༠ ཆགས་ཀྱི་ཡོད་པ་རེད། ཧི་མཱ་ཅལ་མངའ་སྡེ་ནང་ཏོག་དབྱིབས་རིམས་ནད་ཕོག་པ་མི་གྲངས་ ༤༥ དང་འདས་གྲོངས་སུ་ཕྱིན་པའི་མི་གྲངས་ ༢ དེ་བཞིན་དྲག་སྐྱེད་བྱུང་བ་མི་གྲངས་ ༣༨ ཆགས་ཀྱི་ཡོད་པ་རེད།

གཉན་རིམས་རྐྱེན་པས་ཚེ་སྲོག་ཤོར་བའམ་ནད་མནར་རྣམ་པའི་ཕྱིར་ཞབས་རིམ་གསོག་སྒྲུབ་ ཐོག་རོགས་རམ་གནང་རྒྱུ།

ད་ཆ་རྒྱལ་སྤྱིའི་ཁྱོན་དུ་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་འགྲོ་མུས་ལ་བརྟེན་ནས་མི་ས་ཡ་མང་པོ་འདས་གྲོངས་སུ་གྱུར་པའམ་ནད་ཀྱིས་མནར་བཞིན་པའི་ཆེས་ཛ་དྲག་གི་གནས་སྟངས་ཆགས་ཡོད་པའི་ཁྲོད་འདིར་བོད་མིའི་སྒྲིག་འཛུགས་ཆོས་རིག་ཁུངས་ཀྱིས་བོད་མིའི་ཁྲོད་གོང་གསལ་གཉན་རིམས་ཀྱིས་ཚེ་སྲོག་ཤོར་པའམ་ནད་ཀྱིས་མནར་བཞིན་པ་རྣམས་ཀྱི་སླད་ཞབས་རིམ་གསོག་སྒྲུབ་གནང་བློ་ཡོད་རིགས་ལ་རོགས་སྐྱོར་གནང་རྒྱུའི་གསལ་བསྒྲགས་སྤེལ་འདུགད་ཆ་རྒྱལ་སྤྱིའི་ཁྱོན་དུ་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་འགྲོ་མུས་ལ་བརྟེན་ནས་མི་ས་ཡ་མང་པོ་འདས་གྲོངས་སུ་གྱུར་བའམ་ནད་ཀྱིས་མནར་བཞིན་པའི་ཆེས་ཛ་དྲག་གི་གནས་སྟངས་ཆགས་ཡོད་པའི་ཁྲོད་འདིར་བོད་མིའི་སྒྲིག་འཛུགས་ཆོས་རིག་ཁུངས་ཀྱི་ངོས་ནས་བོད་མིའི་ཁྲོད་གོང་གསལ་གཉན་རིམས་རྐྱེན་པས་ཚེ་སྲོག་ཤོར་བའམ་ནད་ཀྱིས་མནར་བཞིན་པ་རྣམ་པའི་ཕྱིར་ཞབས་རིམ་གསོག་སྒྲུབ་གནང་རྒྱུའི་གསལ་བསྒྲགས་སྤེལ་འདུག རྩ་བའི་རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ Covid 19 འམ་ཏོག་དབྱིབས་གཉན་རིམས་དེ་ད་ཆ་འཛམ་གླིང་རྒྱལ་ཁབ་ ༢༡༣ ཙམ་གྱི་ནང་ཁྱབ་བརྡལ་ཕྱིན་པའི་འོག་མི་ས་ཡ་གཉིས་དང་ཕྱེད་ཀ་ལྷག་ལ་ནད་གཞི་དེ་ཕོག་པ་དང་མི་འབུམ་བརྒལ་བ་རྐྱེན་འདས་སུ་གྱུར་བ་སོགས་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་བྱུང་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་ཉེ་ཆར་གཉན་རིམས་དེ་འབྲེལ་གསར་འགོད་གསལ་བསྒྲགས་སྤེལ་སྐབས་དོན་རྐྱེན་འདིའི་འོག་ཨ་རི་དང་ཁེ་ན་ཌ། དབྱིན་ཡུལ། སི་པན། དེ་བཞིན་ཕ་རན་སི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་ཏུ་ད་བར་བོད་མི་བརྒྱ་ཙམ་ལ་གཉན་རིམས་ཕོག་ཡོད་པར་ཚོད་དཔག་གནང་བཞིན་པ་དང་དེའི་ཁོངས་བོད་མི་ཉུང་ཤས་ཤིག་འདས་གྲོངས་སུ་གྱུར་ཡོད་པར་ར་སྤྲོད་བྱུང་ཡོད་ཀྱང་། ད་ལྟའི་ཆར་བོད་མིའི་ཁྲོད་གཉན་རིམ་དེ་ཕོག་ཡོད་མེད་ཐོག་གསང་རྒྱ་གནང་བཞིན་རྐྱེན་བོད་མི་གང་ཚོད་ཙམ་ལ་གཉན་རིམས་དེ་ཕོག་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པར་གསུངས་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་ཟླ་བ་འདིའི་ཚེས་ ༡ ཉིན་གསལ་བསྒྲགས་སྤེལ་བའི་ནང་དོན་ལ་གཞིགས་ན། དེ་ལྟ་ནའང་ཡོངས་ཁྱབ་ཛ་དྲག་གི་གནས་སྟངས་དེའི་ཁྲོད་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀོད་ཁྱབ་ལམ་སྟོན་འོག་བོད་མིའི་ཁྲོད་གཉན་རིམས་དེ་རྐྱེན་འདས་གྲོངས་སུ་གྱུར་བའམ་ནད་ཀྱིས་མནར་བཞིན་པ་རྣམས་མྱུར་དུ་ནད་ལས་གྲོལ་ཏེ་ཚེ་ལྷག་དོན་ལྡན་ཡོང་བ། ཚེ་འདས་དང་ནད་པའི་ནང་མི་ཉེ་འཁོར་བཅས་པར་ནད་དེ་མི་འགོས་བ་བཅས་ཀྱི་སླད་དུ་སྨོན་གསུང་འདོན་དང་རྐྱེན་སེལ་རིམ་གྲོ་བྱ་རྒྱུའི་ཐོག་རོགས་སྐྱོར་དགོས་གལ་ཡོད་རིགས་ནས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་འབྲེལ་གཏུག་ཞལ་བྱང་ཐོག་མཚན་ཐོ་དང་གནས་ཚུལ་སྙིང་བསྡུས་ཟུར་འབུལ་གནང་ཐོག་མཆོད་དོད་དང་སྐུ་ཡོན་གྱི་འགྲོ་གྲོན་བོད་མིའི་སྒྲིག་འཛུགས་ཀྱི་ཛ་དྲག་མ་དངུལ་ཁོངས་ནས་གནང་ཆོག་རྒྱུའི་ཐུགས་ཐག་བཅད་ཡོད་པ་མ་ཟད། ཆོས་ཕྱོགས་ཀྱི་གནང་སྒོ་དེ་དག་དུས་ཐོག་སྨིན་འགྲུབ་ཡོང་བ་དང་དྲྭ་བརྙན་བརྒྱུད་ཐད་སྲིང་བྱེད་སྟབས་སོགས་ལ་དམིགས་ཏེ་གནས་སྐབས་དྷ་སར་རྟེན་གཞི་བྱས་པའི་གནས་ཆུང་སྒྲ་དབྱངས་གླིང་གྲྭ་ཚང་དང་ཀིརྟི་བྱེས་པ་གྲྭ་ཚང་གཉིས་ལ་འབོད་སྐུལ་ཞུས་འདུག གཞི་རྩའི་དེང་སྐབས་འཛམ་གླིང་ཡུལ་གྲུ་མང་པོར་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་རྐྱེན་པས་མི་རྒྱུ་གཉིས་ཀར་གོད་ཆག་ཤུགས་ཆེན་ཕོག་བཞིན་པའི་ཛ་དྲག་གི་དུས་སྐབས་འདིར་བོད་མིའི་ཚོགས་སྒེར་མང་དག་ཅིག་གིས་དབུལ་ཕོངས་རྣམས་ལ་ཉེར་མཁོ་བཟའ་ཆས་སོགས་སྦྱིན་གཏོང་གི་ལས་འགུལ་སྣ་མིན་སྤེལ་བཞིན་ཡོད་པར་མ་ཟད། ཉེ་ལམ་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་བརྒྱུད་མངའ་སྡེ་སོ་སོའི་ངལ་སེལ་རོགས་སྐྱོར་ཐེབས་རྩར་ཞལ་འདེབས་དང་ལྷག་དོན་བོད་པའི་དགོན་སྡེ་གྲྭ་ཚང་ཁག་དང་བསྟན་བདག་བླ་ཆེན་རྣམ་པས་དབུས་པའི་བླ་སྤྲུལ་མཁན་སློབ་མང་པོས་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་སྨོན་དང་ཛ་དྲག་མཐུན་འགྱུར་རོགས་རམ་སོགས་གནང་མུས་ཡིན་པ་རེད།

སྲིད་སྐྱོང་མཆོག་གིས་སྐུ་ཞབས་ Michael Van Walt ལགས་ལ་འཚམས་འདྲི་ཞུས་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱལ་སྤྱིའི་རྩོད་རྙོག་འདུམ་འགྲིག་གི་ལས་དོན་གནང་མཁན་དང་༸གོང་ས་མཆོག་གིས་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་སྐུ་ཞབས་ Michael Van Walt ལགས་ལ་ཡོ་རོབ་ནི་ཐར་ལན་ཌི་གཞུང་གིས་ཆེས་མཐོའི་གཟེངས་རྟགས་ Knighthood ཞེས་པ་དེ་འབུལ་བཞེས་གནང་བར་དགའ་བསུའི་འཚམས་འདྲི་ཞུས་འདུགKnighthood འམ་ Order of Orange-Nassau ཞེས་པའི་གཟེངས་རྟགས་དེ་ནི་ནི་ཐར་ལན་ཌི་གཞུང་ནས་ཕྱི་ལོ་ ༡༨༩༢ ལོ་ནས་བཟུང་སྤྱི་ཚོགས་ཁྲོད་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་གྱི་མི་སྣར་གནང་བའི་ཆེས་མཐོའི་གཟེངས་རྟགས་ཤིག་ཡིན་པ་དང་སྲིད་སྐྱོང་མཆོག་གིས་དགའ་བསུའི་འཚམས་འདྲི་ནང་སྐུ་ཞབས་ Michael Van Walt ལགས་ལ་ཆེས་མཐོའི་གཟེངས་རྟགས་དེ་ཐོབ་པ་དེས་འདས་པའི་དུས་ཡུན་མང་པོའི་རིང་ལ་སྐུ་ཞབས་ Michael ལགས་ཀྱིས་རྒྱལ་སྤྱིའི་ཐོག་ཞི་བ་དང་གྲོས་མོལ་གྱི་ལམ་ནས་ཕྱག་ལས་རྒྱ་ཆེ་གནང་ཁག་ལ་ཆེ་བསྟོད་ངོས་འཛིན་ཞུས་པ་ཞིག་ཡིན་པར་འགྲེལ་བརྗོད་དང་སྦྲགས། བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་བསུའི་འཚམས་འདྲི་ཡོད་ཅེས་གསུངས་འདུག སྲིད་སྐྱོང་མཆོག་ནས་སྐུ་ཞབས་ Michael ལགས་ནི་དུས་རིང་པོ་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་གྲོགས་པོ་རྙིང་གྲས་ཤིག་ཡིན་པ་དང་ཁོང་གིས་འདས་པའི་དུས་ཚོད་ནང་རྒྱལ་སྤྱིའི་ཐོག་བོད་དོན་འབྲེལ་བའི་ཚོགས་འདུའི་ཐོག་ལྷན་ཞུགས་གནང་བ་མ་ཟད་བོད་དོན་དང་འབྲེལ་བའི་ལམ་སྟོན་སྣ་མང་ཞིག་གནང་བ་དེ་དག་རྒྱལ་སྤྱིའི་ཐོག་བོད་ཀྱི་ལོ་རྒྱུས་རྒྱས་བཤད་གནང་རྒྱུར་ཐུགས་ཕན་ཆེན་པོ་གསོས་ཡོད་པ་གསུངས་འདུག གཞི་རྩའི་སྐུ་ཞབས་ Michael Van Walt ལགས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་སྒྲིག་འཛུགས་ཆེ་ཁག་དང་སྲིད་གཞུང་མང་དག་ཅིག་དང་ལྷན་དུ་ཞི་བ་དང་གྲོས་མོལ་གྱི་ཐོག་ནས་རྩོད་རྙོག་ཁག་འདུམ་འགྲིག་གནང་ཐབས་ཐོག་ཕྱག་ལས་རྒྱ་ཆེ་གནང་མྱོང་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་ ༡༩༧༠ མགོ་སྟོད་ནས་རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་དང་འབྲེལ་བའི་ལས་རིམ་ལ་རྒྱབ་སྐྱོར་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ལམ་གོང་འཕེལ་གཏོང་ཐབས། དེ་བཞིན་བོད་རྒྱ་གྲོས་མོལ་གྱི་ཐབས་སོགས་ལ་ཕྱག་རོགས་གཙོ་བོ་གནང་མཁན་ཞིག་ཡིན་པ་རེད། འབྲེལ་ཡོད་པར་བོད་མིའི་སྒྲིག་འཛུགས།

བོད་ཀྱི་འགྲེམས་སྟོན་ཁང་དབུ་བརྙེས་ནས་མི་ལོ་ ༢༠ འཁོར་བ།

དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་འགྲེམས་སྟོན་ཁང་གསར་འཛུགས་གནང་ནས་མི་ལོ་ ༢༠ འཁོར་བའི་དུས་ཚིགས་སྲུང་བརྩི་ཞུས་ཡོད་པ་རེད།རླུང་འཕྲིན་ཁང་གིས་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བཀྲིས་ཕུན་ཚོགས་ལགས་སུ་འདས་པའི་མི་ལོ་ ༢༠ རིང་ལ་འགྲེམས་སྟོན་ཚན་པའི་ལས་འཆར་གྱི་འཕེལ་རིམ་དང་དེ་བཞིན་འགྲེམས་སྟོན་ཁང་བརྒྱུད་ནས་རྒྱལ་སྤྱིའི་ཐོག་ནུས་པ་ཇི་ཙམ་ཐོན་ཡོད་པ་སོགས་དང་འབྲེལ་བའི་དམིགས་བསལ་བཅར་འདྲི་ཞུས་ཡོད།

མཐོ་སློབ་ཁག་ཏུ་ཡོད་པའི་བོད་ཕྲུག་དགོས་ངེས་ཅན་ཚོར་འཚོ་སྣོན་གྱི་རོགས་རམ་གནང་རྒྱུ།

དེ་རིང་ཉིན་དགུང་ཆུ་ཚོད་ ༡༢ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཤེས་རིག་བཀའ་བློན་པད་མ་དབྱངས་ཅན་མཆོག ཏོག་དབྱིབས་རིམས་ནད་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་ཚེ་རིང་མཚམས་གཅོད་ལགས་བཅས་ལྷན་ཞུགས་ཐོག་གཞུང་འབྲེལ་གསར་འགོད་ལྷན་ཚོགས་ཤིག་གནང་བ་བརྒྱུད་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ཛ་དྲག་གི་གནས་སྟངས་ཁྲོད་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་ཡོད་པའི་བོད་ཕྲུག་དགོས་ངེས་ཅན་ཚོར་འཚོ་སྣོན་གྱི་རོགས་རམ་གནང་རྒྱུ་ཡིན་པ་གསུངས་སོང་།སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྤྱིར་རྒྱ་ནག་གཞུང་གིས་དམ་དྲག་སོགས་བྱས་པར་བརྟེན་བོད་ནང་གི་རིམས་ནད་ཁྱབ་གདལ་ཐད་གནས་ཚུལ་མཁོ་སྒྲུབ་ཞུ་རྒྱུ་ཁག་པོ་ཆགས་ཀྱི་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་སྐད་སྡེ་ཚན་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་ད་བར་གནས་ཚུལ་མཁོ་སྒྲུབ་ཞུས་ཡོད་པའི་ཁོངས་སུ་བོད་ནང་ལ་ཏོག་དབྱིབས་རིམས་ནད་ཕོག་པའི་མི་གྲངས་ ༨༦༦ ཙམ་བྱུང་ཡོད་ཀྱང་། རིམས་ནད་ཁྲོད་ཚེ་སྲོག་ཤོར་ཡོད་པའི་གྲངས་ཐོའི་ཐད་ད་བར་རྩད་གཅོད་སོགས་ཐུབ་རྒྱུ་ཁག་པོ་ཆགས་ཀྱི་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། གཞིས་ལུས་བོད་ཡོངས་ལ་ཆེས་ཛ་དྲགས་ཀྱི་དུས་སྐབས་འདིར་བྱེས་བཞུགས་བོད་མིའི་ངོས་ནས་གདུང་སེམས་མཉམ་བསྐྱེད་ཡོད་པ་གསུངས་སོང་།  དེ་བཞིན་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་ནས་ཐེངས་འདིའི་ཛ་དྲག་གི་དུས་སྐབས་འདིར་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་སློབ་སྦྱོང་གནང་བཞིན་པའི་བོད་པའི་སློབ་མ་རྣམས་ལ་སློབ་ཁྲིད་དང་དྲྭ་རྒྱའི་མཐུན་རྐྱེན། དེ་བཞིན་ཁང་གླ་སོགས་འཚོ་སྣོན་དང་འབྲེལ་བའི་ཐོག་དཀའ་ངལ་འཕྲད་བཞིན་པའི་དགོས་ངེས་ཅན་གྱི་སློབ་མ་ཚོར་རོགས་རམ་གང་ཐུབ་གནང་གཏན་ཁེལ་ཡོད་པ་དང་། དགོས་ངེས་ཅན་གྱི་མཐོ་རིམ་སློབ་མ་ཚོས་ཟླ་ ༤ ཚེས་ ༣༠ བར་ཤེས་རིག་ལས་ཁུངས་ལ་འབྲེལ་བ་གནང་དགོས་སྐོར་གསུངས་སོང་། བོད་མིའི་སྒྲིག་འཛུགས་ཀྱི་དབུས་ཉམ་ཐག་ཚོགས་ཆུང་གི་མིང་གཞུང་ཁོངས་སུ་ཡོད་པའི་ཉམ་ཐག་མཐོ་རིམ་སློབ་མ་རྣམས་ལ་ཧིར་སྒོར་ ༢༠༠༠ ཐམ་པ་གནང་རྒྱུ་ཡིན་པ་གསུངས་ཡོད། བཀའ་བློན་མཆོག་གིས་ད་ལྟའི་ཆ་ལ་མཐོ་སློབ་ཁག་ཙམ་མ་ཟད་སློབ་གྲྭ་ཁག་ཀྱང་སྒོ་བརྒྱབ་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད་སྟབས་ཤེས་རིག་ལས་ཁུངས་ཀྱི་དྲྭ་རྒྱ་ཐོག་སློབ་ཁྲིད་ཐབས་ལམ་དང་འབྲེལ་བའི་དཔེ་དེབ་དང་བརྙན་ཐུང་། དེ་བཞིན་དྲྭ་ཐོག་སློབ་ཁྲིད་ཀྱི་མཐུན་འགྱུར་སོགས་གོ་སྒྲིག་ཞུ་མུས་ཡིན་པས་སློབ་མ་ཚོ་དང་ལྷག་པར་དུ་ཕ་མ་ཚོས་འགན་བཞེས་ཐོག་མཐུན་རྐྱེན་དེ་དག་བེད་སྤྱོད་གང་ཐུབ་གནང་སྐྱོང་ཡོང་བའི་སྐུལ་མ་གནང་སོང་།  གཞན་ཡང་སྐབས་དེའི་གསར་འགོད་ལྷན་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་རིམས་ནད་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་སྤྱི་ཡོངས་ཀྱི་གནས་ཚུལ་ངོ་སྤྲོད་དང་ལྷག་པར་དུ་ཚོགས་ཆུང་གི་ངོས་ནས་ད་བར་བོད་མི་གནས་ཡུལ་ས་གནས་ ༢༧ ནང་གནས་བཞུགས་བོད་མི་ ༡༨༠༥༦ ལ་རིམས་ནད་དང་འབྲེལ་བའི་ནད་རྟགས་ཡོད་མེད་བརྟག་དཔྱད་གནང་ཡོད་པ་སོགས་ཞིབ་ཕྲ་ངོ་སྤྲོད་གནང་སོང་བ་མ་ཟད། རིང་མིན་ཕྱི་ཟླ་ ༥ ཚེས་ ༣ ནས་རྒྱ་གར་རྒྱལ་ཡོངས་ཐེམ་སྤང་གི་བཀའ་རྒྱ་མཇུག་སྒྲིལ་ཟིན་སྐབས་བོད་མིའི་གནས་ཡུལ་ས་གནས་ཁག་ཏུ་མུ་མཐུད་སྔོན་འགོག་གི་ལས་དོན་གནང་སླད་གཞིས་ཆགས་ཁག་གི་ Entry Gate ཞེས་འཛུལ་སྒོ་གཙོ་ཁག་ཏུ་ཐོ་འགོད་དང་ནད་རྟགས་ཡོད་མེད་སོགས་ཀྱི་བརྟག་དཔྱད་གནང་ས་གོ་སྒྲིག་ཞུ་དགོས་པའི་ཡོངས་ཁྱབ་གཞེན་བསྐུལ་སོགས་གནང་ཡོད།གཞི་རྩའི་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་ཁྱབ་གདལ་བྱུང་བའི་ Covid19 འམ་ཏོག་དབྱིབས་རིམས་ནད་དེ་ད་ཆ་རྒྱལ་སྤྱིའི་རྒྱལ་ཁབ་ ༢༡༣ ལྷག་ཏུ་ཁྱབ་སྟེ་མི་སེར་ ༢༤༧༥༧༢༣ ལ་རིམས་ནད་དེ་ཕོགས་པ་མ་ཟད་མི་སེར་ ༡༦༩༡༥༡ གི་ཚེ་སྲོག་ཤོར་ཡོད་པ་དང་། རྒྱ་གར་ནང་ལ་མཚོན་ན་ད་ལྟའི་ཆར་རིམས་ནད་དེ་ཕོག་མཁན་ ༡༦༤༥༤ དང་ཚེ་སྲོག་ཤོར་མཁན་ ༦༨༡ ཆགས་ཀྱི་འདུག

ཆེས་མཐོའི་ཁྲིམས་ཞིབ་པ་ཟུར་པ་བློ་བཟང་མཁས་གྲུབ་ལགས་འདས་གྲོངས།

དགུང་ལོ་བཞི་བཅུ་ལྷག་གི་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བའི་ཕྱག་ལས་གནང་མྱོང་མཁན་ཆེས་མཐོའི་ཁྲིམས་ཞིབ་པ་ཟུར་པ་བློ་བཟང་མཁས་གྲུབ་ལགས་ཁ་ཉིན་ཨ་རིའི་རྒྱལ་ས་ Washington Dc ནང་སྐུ་ཚེ་མ་ཟིན་པའི་གནས་ཚུལ་བྱུང་འདུགདམ་པ་ཁོང་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འཕྲལ་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཆེས་མཐོའི་ཁྲིམས་ཞིབ་པ་ཟུར་པ་མཆོག་སྐུ་ཚེ་མ་ཟིན་པར་ཐུགས་གསོ་གནང་བ་དང་སྦྲགས། དམ་པ་དེ་ཉིད་ཀྱི་ཤུལ་ལུས་ནང་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུས་འདུག གཞི་རྩའི་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་པ་ཟུར་པ་བློ་བཟང་མཁས་གྲུབ་ལགས་དམ་པ་དེ་ཉིད་ཕྱི་ལོ་ ༡༩༣༩ ལོར་ཁམས་བྲག་གཡབ་ཏུ་འཁྲུངས་ཞིང་། ཆུང་དུས་ལྷ་སའི་ནང་གི་ར་སྟོད་དགོན་པར་ཞུགས་ཏེ་ནང་ཆོས་སློབ་གཉེར་གནང་རྗེས་ ༡༩༥༩ ལོར་རྒྱ་དམར་པོས་བཙན་འཛུལ་གྱིས་བོད་ལ་དུས་ལོག་ཆེན་པོ་བྱུང་རྐྱེན་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཡོད་པ་རེད། ཕྱི་ལོ་ ༡༩༦༣ ལོ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུ་བར་ཞུགས་པ་དང་ཐོག་མར་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་གནང་བ། དེ་རྗེས་རིམ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་དང་སྦིར་ནང་ཆེན་ས་གནས་འགོ་འཛིན། དྷ་ས་ས་གནས་འགོ་འཛིན་དང་མཉམ་འབྲེལ་འགན་འཛིན། དེ་བཞིན་ཆེས་མཐོའི་ཁྲིམས་ཞིབ་པ་སོགས་ཀྱི་ཐུགས་འགན་བཞེས་མྱོང་ཡོད་པ་རེད།

Latest news