Tibetan Royal Year of 2151 | Year of the Wood Dragon

བོད།

དགེ་འདུན་པ་རིན་ཆེན་ཚུལ་ཁྲིམས་ལགས་སུ་ལོ་བཞིའི་ཁྲིམས་ཐག་བཅད་པ།

ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡ ཉིན་གྱི་དགོང་མོར་རྔ་བ་རྫོང་ཀོར་མདོ་ཟེར་བའི་ས་ཚིགས་ཤིག་ནས་འཛིན་བཟུང་བྱས་པའི་དགེ་འདུན་པ་རིན་ཆེན་ཚུལ་ཁྲིམས་ལགས་དང་ཁོང་གི་རོགས་པ་གྲྭ་བ་གཉིས་ཀྱི་ཁོངས་ནས་རོགས་པ་གཉིས་ཉིན་ཤས་རྗེས་གློད་བཀྲོལ་བཏང་ཡོད་ཀྱང་། དགེ་འདུན་པ་རིན་ཆེན་ཚུལ་ཁྲིམས་ལགས་ད་དུང་རྒྱ་ནག་གིས་བཀག་སྐྱིལ་བྱས་ཡོད་པ་མ་ཟད་རྒྱ་ནག་གི་ཁྲིན་ཏུ་གྲོང་ཁྱེར་དུ་ཡོད་པའི་བཙོན་ཁང་ཞིག་ཏུ་མི་ལོ་བཞིའི་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ར་འཕྲོད་བྱུང་འདུག གསར་ཁང་ལ་བཙན་བྱོལ་དུ་ཡོད་པའི་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཀྱི་ནང་མིར་འདི་ལོའི་ཟླ་ ༣ ཚེས་ ༢༦ ཉིན་རྒྱ་ནག་གི་ཁྲིམས་ཁང་ནས་ཁ་པར་ཞིག་འབྱོར་ནས་གྲྭ་ཚུལ་ཁྲིམས་ལགས་ཁྲིན་ཏུ་གྲོང་ཁྱེར་ནང་གི་བཙོན་ཁང་ཞིག་ཏུ་ལོ་ ༤ ཁྲིམས་ཐག་བཅད་ཡོད་པ་དང་འབྲེལ་ནས་ནང་མི་རྣམས་ཁོང་ལ་བལྟ་རུ་འགྲོ་མཆོག་གི་ཡོད་པར་བརྗོད་འདུག རྩ་བའི་སྔར་ལོ་གྲྭ་ཚུལ་ཁྲིམས་རིན་ཆེན་ལགས་འཇུ་བཟུང་བྱས་པའི་གནད་དོན་དང་འབྲེལ་ནས་འདི་གར་གནས་ཚུལ་མཁོ་སྤྲོད་བྱུང་བ་ལྟ་ན། ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༣ ཚེས་༢༣ ཉིན་གྲྭ་ཚུལ་ཁྲིམས་ལགས་ཀྱི་ནང་ལ་བརྡ་ཐོ་ཞིག་འབྱོར་བའི་ནང་དུ་གྲྭ་ཚུལ་ཁྲིམས་ལགས་རྒྱ་ནག་གཞུང་གི་ཁྲིམས་སྲོལ་ཨང་ ༡༢༤ བར་འགལ་ནས་རྒྱལ་ཁབ་ལ་ངོ་ལོག་བྱེད་མཁན་ཡིན་པར་བརྗོད་ཡོད་འདུགདེ་བཞིན་གནས་ཚལ་མཁོ་སྤྲོད་པས་ད་དུང་། སྤྱིར་གྲྭ་ཚུལ་ཁྲིམས་ལགས་ཕྱི་ལོ་ ༢༠༡༨ ལོར་རང་ཉིད་ཀྱི་ནུ་བོ་ནོར་བུ་ཚེ་རིང་དང་མཉམ་དུ་ཐེངས་གཉིས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་མྱོང་ཡོད་པ་དང་། དེའང་ཁོང་གིས་ཕྱི་ཕྱོགས་ཀྱི་བོད་མི་ཁག་ཅིག་དང་མཉམ་དུ་བོད་དོན་གླེང་སློང་བྱས་ཡོད་པ་དེ་ཁོང་གི་སྐད་འཕྲིན་ཞིབ་བཤེར་བརྒྱུད་ནས་ཤེས་རྟོགས་བྱུང་ཡོད་པར་བརྟེན་དུས་དེ་ནས་བཟུང་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཀྱིས་སྐད་འཕྲིན་བེད་སྤྱོད་གཏོང་མི་ཆོག་པར་བཟོས་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོའི་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་༸སྐུའི་འཁྲུངས་སྐར་གྱི་ཉིན་ལ་ཁ་པར་གྱི་ལམ་ནས་ཕྱི་རྒྱལ་ན་ཡོད་པའི་བོད་མི་ཞིག་དང་མཉམ་དུ་ཚོུད་གཉིས་ལྷག་ལ་ཁ་བརྡ་བྱས་པའི་བརྒྱུད་རིམ་ཆ་ཚང་སྒྲ་འཇུག་བྱས་ཡོད་པ་དང་དེ་བཞིན་ཁོང་གིས་སྦྲགས་ཁང་བརྒྱུད་ནས་ཕྱི་ལོག་གི་དཔེ་ཆ་གལ་ཆེན་པོ་མང་པོ་ཞིག་བོད་ནང་གི་ས་ཆ་གང་མང་ཞིག་ལ་འགྲེམས་སྤེལ་བྱས་ཡོད་པའི་ཉེས་འཛུགས་བྱས་ཡོད་པ་རེད་འདུག དེ་བཞིན་ཁོང་གིས་བོད་དུ་ཆད་ལྟ་བ་ཞེས་པའི་ཁོང་རང་སྒེར་ཀྱི་རྩོམ་རིགས་དྲ་ཚིགས་ཤིག་གཉེར་བཞིན་པ་དེ་ཡང་སྒོ་བརྒྱབས་ཡོད་པ་དང་ཁོང་གིས་སྐད་འཕྲིན་རྒྱབ་ལྗོངས་སུ་རྒྱ་གར་དུ་སློབ་སྦྱོང་བྱེད་བཞིན་པའི་ཕ་མ་གཅིག་པའི་གཅུང་མོ་ཤེས་ཡོན་དང་འབྲེལ་བའི་ཚོགས་འདུ་ཁག་ལ་སོང་བའི་འདྲ་པར་ཁག་བཞག་ཡོད་པ་ནི་བོད་དོན་ཆབ་སྲིད་ལ་འབྲེལ་བ་ཡོད་པར་ཉེས་འཛུགས་བྱས་ཡོད་ལུགས་སོགས་བརྗོད་འདུག གཞི་རྩའི་གྲྭ་ཚུལ་ཁྲིམས་ལགས་ནི་མདོ་སྨད་སི་ཁྲོན་ཞིང་ཆེན་རྔ་བ་རྫོང་གི་དཀའ་ཤུལ་སྡེ་བའི་གཉེར་བ་ཚང་ཞེས་པའི་ཞིང་པའི་ཁྱིམ་ཚང་དཀྱུས་མ་ཞིག་ལ་སྐྱེས་ཤིང་། ད་ལྟ་རང་ལོ་ ༢༩ ཡིན་པ་དང་ཁོང་ལོ་དྲུག་ཙམ་ནས་མདོ་སྨད་རྔ་ཡུལ་གྱི་བོན་གྱི་དགོན་པ་ཆེ་ཤོས་སྣང་ཞིག་དགོན་པར་ཆོས་ཞུགས་བྱས་ཏེ་སློབ་གཉེར་རྒྱུན་སྐྱོང་གིས་ད་ལྟ་སྔགས་ཀྱི་འཛིན་གྲྭ་ཐོན་ཡོད་འདུག ཁོང་གི་ཕ་མིང་ལ་བཀྲ་ཤིས་དོན་གྲུབ་དང་ལོ་ ༦༨ ཡིན་ཞིང་། མ་མིང་ལ་མཚོ་མོ་ཟེར་ཞིང་ལོ ༥༧ ཡིན་པ་དང་་ཁོང་ལ་ཕ་མ་གཅིག་གི་སྤུན་མཆེད་ལྔ་ཡོད་འདུག

རྫ་དབོན་པོ་ཡུལ་ཚོའི་ཁྱིམ་ཚང་མང་པོ་ནས་༸རྒྱལ་བའི་སྐུ་པར་མར་ཕབ་ཏུ་བཅུག་པ།

ཨ་རིར་རྟེན་གཞི་བྱས་པའི་ Human Right watch ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ངོས་ནས་རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་སེལ་ཤུལ་རྫོང་རྫ་སྨད་དབོན་པོ་ཡུལ་ཚོ་ནས་ཡིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་གྲྭ་བསྟན་འཛིན་ཉི་མ་ལགས་སྔར་ལོ་རྒྱ་ནག་གི་བཙོན་ཁང་དུ་གཅར་རྡུང་བཏང་ནས་ཚེ་སྲོག་ཤོར་བའི་རྗེས་སུ།  རྒྱ་ནག་གིས་མུ་མཐུད་དུ་རྫ་སྨད་དབོན་པོ་ཁུལ་དུ་དམག་མི་ཆེད་གཏོང་གིས་བོད་མིའི་ཁང་ཁྱིམ་རེ་རེར་ཞིབ་འཇུག་གིས་དྲག་གནོན་སྔར་ལྷག་བྱེད་ཀྱི་ཡོད་པ་མངོན་གསལ་གནང་འདུགཚོགས་པས་གནས་ཚུལ་སྤེལ་བའི་ནང་དུ། འདི་ལོའི་ཟླ་བ་ ༣ པའི་ཚེས་༥ ཉིན། རྒྱ་ནག་མི་མང་བཅིངས་གྲོལ་དམག་གི་ཁྱབ་ཁོངས་འཇིགས་སྐུལ་ལ་གདོང་ལེན་གྱི་སྡེ་ཚན་ཞིག་རྫ་བོན་པོ་སྡེ་ཁུལ་སོ་སོར་ཆེད་སྐྱོད་ཀྱིས། བོད་མི་རྒན་གྲས་ཁག་ཅིག་གི་ཁྱིམ་ཚང་གཙང་བཟོ་བྱེད་ཚུལ་འོག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་སྐུ་པར་སྒྲིག་བཤམ་བྱས་པ་ཁག་མར་ཕབ་ནས་རྒྱ་ནག་གི་དཔོན་རིགས་ཀྱི་པར་རིས་བོད་མིའི་དད་རྟེན་གྱི་མཆོད་མདུན་དུ་བཤམ་དུ་བཅུག་པ་མ་ཟད། ཚོགས་པར་རག་སོན་བྱུང་བའི་བརྙན་ཐུང་ཞིག་གི་ནང་དུ། རྒྱ་ནག་གི་ཉེན་རྟོགས་པ་དང་དམག་མི་རྣམས་ཀྱིས་ལག་ཏུ་རྒྱ་ནག་གི་རྒྱལ་དར་ཕྱར་ནས་རྒྱ་དམག་གི་འབོད་ཚིག་སྒྲོག་བཞིན། མི་འབོར་ ༣༠༠༠ ལྷག་ཙམ་ཡོད་པའི་དབོན་པོ་ཡུལ་ཚོའི་ཁྲོམ་གཞུང་དུ་རུ་བསྒྲིགས་པ་མངོན་རྒྱུ་ཡོད་པ་རེད་འདུག རྫ་སྨད་དབོན་པོ་སྡེ་ཁུལ་གྱི་ཡུལ་མི་རྣམས་ཀྱིས་འགྲེལ་བརྗོད་བྱས་པ་ལྟར་ན། རྒྱ་ནག་གིས་གྲྭ་བསྟན་འཛིན་ཉི་མ་ལགས་བཙོན་ཁང་དུ་གཅར་རྡུང་གིས་དམར་གསོད་བཏང་བའི་དོན་རྐྱེན་དང་འབྲེལ་ནས། ཡུལ་མི་ཁག་ཅིག་གིས་སྤྱི་ཚོགས་དྲྭ་རྒྱའི་ཐོག་བསྟན་འཛིན་ཉི་མ་ལགས་ཀྱི་དགོངས་རྫོགས་ལ་སེམས་འཚབ་ཡོད་པའི་རྣམ་འགྱུར་བསྟན་པའི་བོད་མི་ཁག་ཅིག་རྒྱ་ནག་གིས་འཛིན་བཟུང་བཀག་སྐྱིལ་བྱས་ཡོད་པ་དང་། ད་ཆ་བོད་མི་དེ་དག་གང་དུ་ཡོད་མེད་སོགས་ཀྱི་གནས་ཚུལ་ཙམ་ཡང་ཤེས་རྟོགས་བྱུང་མེད་པར་བསྒྲགས་པ་མ་ཟད། རྫ་དབོན་ཡུལ་གྱི་ཡུལ་མི་རྣམས་ལ་བཙན་དབང་གིས་མི་སྒེར་གྱི་ཁ་པར་ནང་དུ་མཉེན་ཆས་ཤིག་གསར་ཏུ་ཕབ་ལེན་བྱེད་དུ་བཅུག་སྟེ་ཡུལ་མི་རྣམས་ཀྱི་ཁ་པར་བརྒྱུད་ལམ་གྱི་གནས་ཚུལ་ཡོད་ཚད་མཁོ་སྒྲུབ་བྱེད་ཐུབ་པར་བཟོས་ཡོད་པར་བསྒྲགས་འདུགདེ་བཞིན་གནས་ཚུལ་དེ་དང་འབྲེལ་ནས་འགྲེལ་བརྗོད་བྱས་པའི་ནང་དུ། རྫ་སྨད་དབོན་པོ་ཁུལ་གྱི་རྒྱ་ནག་གི་དམར་ཤོག་གི་དྲུང་ཆེ་ Yang Mingguang ཟེར་བ་ཆེད་དུ་རྫ་སྨད་དབོན་པོ་ཁུལ་དུ་ཡོང་ནས་རྟོག་ཞིབ་རིམ་པ་བྱས་ཏེ་ཁུལ་དེའི་དགོན་པའི་གྲྭ་བ་རྣམས་ཀྱིས་སྤྱི་ཚོགས་བརྟན་བརླིང་གི་ལས་དོན་ལ་ཤུགས་སྣོན་བྱེད་དགོས་བའི་ལམ་སྟོན་བྱས་པའི་ཕྱིར་ཉིན་ནས་བཟུང་། རྒྱ་དམག་གིས་ཁུལ་དེའི་བོད་ཁྱིམ་རེ་རེ་རྟོག་ཞིབ་ཀྱིས་མགོན་པོ་གང་གི་སྐུ་པར་མར་ཕབ་པའི་ལས་གཞི་དེ་དངོས་སུ་འགོ་འཛུགས་བྱས་ཡོད་པ་ཞིག་ཡིན་སྐོར་ཡོངས་གྲགས་གནང་འདུག སྐབས་དེ་ནས་བཟུང་། རྒྱ་ནག་གིས་བོད་ཁྱིམ་གང་ཞིག་ཏུ་༸གོང་ས་མཆོག་གི་སྐུ་པར་ཡོད་པ་ཡིན་ན། ཉེས་འཛུགས་ཀྱིས་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུ་ཡིན་པ་མ་ཟད། རྒྱ་ནག་སྲིད་གཞུང་གིས་རོགས་དངུལ་སྤྲད་པ་རྣམས་ཡོངས་སུ་ཕྱིར་རྒྱ་ནག་སྲིད་གཞུང་ལ་རྩིས་སྤྲོད་བྱེད་དགོས་ལུགས་ཀྱི་ཉེན་བརྡ་བཏང་སྟེ། ཟླ་བ་ ༣ པའི་ཚེས་ ༡༧ ཉིན་རྒྱ་ནག་གིས་ཁུལ་དེར་ཚོགས་འདུ་ཞིག་བསྡུ་སྐོང་གིས། ཚོགས་ཞུགས་པ་རྣམས་ཀྱིས་དོན་ཚན་ལྔ་ཅན་གྱི་ཡིག་ཆ་ཞིག་ལ་མཚན་རྟགས་བཀོད་དུ་བཅུག་ཡོད་པའི་ཁོངས་སུ། ༸གོང་ས་མཆོག་གི་སྐུ་པར་མི་ཉར་རྒྱུ་དང་། དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པར་རྗེས་འབྲངས་ཀྱིས་ཁྲིམས་འགལ་གྱི་བྱ་བཞག་ལ་དགག་གཞག་བྱེད་རྒྱུ་ཡིན་པ་སོགས་འཁོད་ཡོད་པར་ལུང་འདྲེན་གནང་འདུག དེ་བཞིན་བོད་མི་སུ་ཞིག་གིས་རྒྱ་ནག་གཞུང་འབྲེལ་མིན་པའི་གནས་ཚུལ་བརྒྱུད་འགོད་བྱེད་པ་ནི་ཆེས་ཉེན་ཁ་ཆེ་རབས་དང་། སྒོས་སུ་གནས་ཚུལ་རིགས་བོད་ཕྱི་ལོགས་སུ་བཏང་བ་ཡིན་ན་ཉེས་ཆད་ལྕི་མོ་གཅོད་རྒྱུ་ཡིན་པར་འཁོད་ཡོད་པར་བརྟེན། རྒྱ་དམག་གིས་བོད་མི་རྒན་པོ་རྣམས་ལ་རོགས་རམ་བྱེད་བཞིན་པའི་པར་རིས་བཀྲམ་ཆོག་པ་ཙམ་ལས་གནས་ཚུལ་གཞན་བརྒྱུད་སྐུར་བྱེད་རྒྱུ་ནི་ཕལ་ཆེར་མི་སྲིད་པ་ལྟ་བུར་གྱུར་ཡོད་པར་འགྲེལ་བརྗོད་བྱས་འདུག གཞི་རྩའི་རྒྱ་ནག་གིས་བོད་ཁུལ་གང་སར་དམ་དྲག་ཆེས་ཆེར་བྱེད་མུས་ཁྲོད། འདི་ལོ་རྒྱ་ནག་གིས་བོད་ཡུལ་བཅིངས་གྲོལ་ཟེར་བ་བཏང་ནས་མི་ལོ་བདུན་ཅུ་འཁོར་བར་སྲུང་བརྩི་བྱེད་རྒྱུ་ཡིན་པར་བསྒྲགས་ནས། བོད་ཁུལ་སྤྱི་དང་། སྒོས་སུ་བོད་ཀྱི་མཐའ་མཚམས་ཁག་ཏུ་མི་མང་གི་འགྲོ་འདུག་བཀག་སྡོམ་སོགས་ཀྱི་ལས་གཞི་སྔར་ལས་རྒྱ་བསྐྱེད་བྱེད་བཞིན་ཡོད་པའི་གནས་ཚུལ་རིམ་པ་ཐོན་ཡོད།

བོད་ཡུལ་གྱི་མཐའ་མཚམས་ཁག་སྔར་ལྷག་འགོག་སྲུང་དོ་དམ་བྱེད་འཆར།

དེ་རིང་རྒྱ་ནག་གཞུང་འབྲེལ་གྱི་ Global Times ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། འདི་ལོ་རྒྱ་ནག་དམར་ཤོག་སྲིད་གཞུང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བ་དང་། བོད་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་ནས་མི་ལོ་བདུན་ཅུ་འཁོར་བའི་དུས་སྟོན་ལ་འཁེལ་གྱི་ཡོད་སྟབས། བོད་ཀྱི་མཐའ་མཚམས་ཁག་སྔར་ལས་དམ་དྲག་བྱེད་རྒྱུ་ཡིན་པར་བསྒྲགས་འདུགདེ་ཡང་གསར་གནས་དེར་འཁོད་པ་ལྟར་ན། རྒྱ་ནག་གིས་ས་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱིས་བོད་དབུས་ཁུལ་དང་ས་འབྲེལ་ཡོད་པའི་མཐའ་མཚམས་ཁག་བཅོ་ལྔ་རུ་ལས་འགུལ་མང་པོ་ཞིག་བཀག་སྡོམ་བྱས་ཡོད་པའི་བརྡ་ཁྱབ་བཏང་བ་མ་ཟད། མཐའ་མཚམས་དེ་དག་ཏུ་ཁྲིམས་འགལ་གྱི་ཐོག་ནས་འགྲུལ་སྐྱོད་བྱས་མི་ཐོག་ཆོག་པར་བཀོག་སྲུང་དོ་དམ་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པར་བསྒྲགས་འདུག དེ་བཞིན་བོད་རང་སྐྱོང་ཉིན་རེའི་ཚགས་པར་གྱིས་གནས་ཚུལ་སྤེལ་བའི་ནང་དུ་ཡང་། བོད་རང་སྐྱོང་ལྗོངས་ཀྱི་མི་མང་བདེ་འཇགས་ཚན་ཁག་དང་ཕྱི་འབྲེལ་སྡེ་ཚན་གཉིས་ཀྱིས་ཀྱང་མཉམ་འབྲེལ་གྱིས་བསྒྲགས་ཡིག་ཅིག་ཕྱི་ལ་བཀྲམས་པའི་ནང་དུ། བོད་ཀྱི་མཐའ་མཚམས་ཁག་ཏུ་བྱེད་སྒོ་བཅོ་ལྔ་མིང་འདོན་གྱིས་བཀག་སྡོམ་བྱེད་རྒྱུ་ཡིན་པར་ཡོངས་གྲགས་བྱས་པའི་ནང་དུ། ཡིག་ཆ་ཚད་ལྡན་མེད་པར་མཐའ་མཚམས་ཁག་ཏུ་འགྲུལ་སྐྱོད་བྱེད་མི་ཆོག་པ་དང་། བྲོས་བྱོལ་པར་ལྟ་རྟོགས། རྒྱལ་ཁབ་ཀྱིས་སྲུང་སྐྱོབ་ཀྱི་འོག་ཏུ་ཡོད་པའི་རི་སྐྱེས་སྲོག་ཆགས་རྔོན་པ་དང་རྩི་ཤིང་རིགས་འཐུ་བ་སོགས་ཀྱང་བཀག་སྡོམ་ནན་མོ་བྱེད་རྒྱུ་ཡིན་པར་འཁོད་འདུག གཞན་ཡང་། བཀག་སྡོམ་གྱི་ལས་གཞི་དེའི་ཁོངས་སུ། མི་སྒེར་གྱི་གནམ་འཕུར་གྱི་ལས་རིགས་སྤྱི་དང་། མཐའ་མཚམས་ཀྱི་འབྲེལ་ལམ་དང་ས་མཚམས་ཀྱི་མངོན་རྟགས། དེ་བཞིན་དམག་མིའི་མཐུན་རྐྱེན་སོགས་ལ་གནོད་གཞིའི་ལས་རིགས་བྱུང་བ་ཤེས་རྟོགས་བྱུང་ཚེ། ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུ་ཡིན་པ་མ་ཟད། ནག་ཉེས་ར་འཕྲོད་བྱུང་ཚེ་ཐད་ཀར་ཁྲིམས་ཁང་གི་ཆེས་མཐོ་དཔོན་རིགས་ལ་རྩིས་སྤྲོད་བྱེད་རྒྱུ་ཡིན་ལུགས་གསལ་འདུག རྒྱ་ནག་གི་བཀོད་འདོམ་འོག་གི་བོད་རིག་པའི་ལྟེ་གནས་ཀྱི་རྒྱ་རིགས་འགོ་གཙོ་ཟུར་བ། Zhu Xiaoming ཟེར་བས་གསར་ལམ་ལ་བརྗོད་པ་ལྟར་ན། ཐེངས་འདིའི་བཀག་སྡོམ་བྱས་པའི་ལས་གཞིའི་རིགས་དེ་དག་ནི་ས་གནས་ཀྱི་ཡུལ་ཁྲིམས་ནང་དུ་སྔ་མོ་ནས་གནས་ཡོད་པ་ཞིག་ཡིན་པ་དང་། བཀག་སྡོམ་དེ་དག་ནི་མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་དམིགས་པའི་བྱེད་ཐབས་ཤིག་ཡིན་པར་འགྲེལ་བརྗོད་དང་སྦྲགས། ཕྱི་ལོ་ ༢༠༢༠ ལོར།  རྒྱ་ནག་དབུས་གཞུང་གིས་བོད་ཁུལ་དུ་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་གཙོ་བྱས་པའི་ཞི་བདེ་དང་བརྟན་བརླིང་ལ་ཤུགས་སྣོན་གྱིས། མི་མང་གི་འཚོ་བ་ཡར་རྒྱས་དང་ཁོར་ཡུག་གཅེས་སྐྱོང་རྒྱུན་འཛིན། དེ་བཞིན་མཐའ་མཚམས་བདེ་འཇགས་སྲུང་སྐྱོབ་སོགས་ལ་ཆེད་དམིགས་ཀྱིས་ལས་གཞི་རྒྱ་བསྐྱེད་བྱས་ཡོད་སྟབས། ད་ལྟའི་ཆར་མཐའ་མཚམས་ཁག་བཅོ་ལྔ་ཡིས་ཀྱང་ལས་གཞ་དེ་དག་ལག་བསྟར་བྱེད་རྒྱུ་གལ་ཆེན་ཡིན་ལུགས་བརྗོད་འདུག གཞི་རྩའི་ས་བྱི་ལོའི་བོད་ཁམས་ཡོངས་ཀྱི་ཞི་རྒོལ་ཆེན་མོ་དང་བསྟུན་ནས། རྒྱ་ནག་གིས་བོད་ནང་གི་མཐའ་མཚམས་ཁག་ལ་ལྟ་རྟོགས་ཀྱི་ལས་གཞི་ལྟོས་བཅོས་ཀྱིས་ཤུགས་སྣོན་བྱས་ཡོད་སྟབས།   བོད་ཁུལ་ནས་བཙན་བྱོལ་དུ་བྲོས་བྱོལ་ལ་ཡོང་མཁན་གྱི་མི་རབས་ཤིག་རྒྱུན་ཆད་པ་ལྟ་བུར་གྱུར་པ་མ་ཟད། འདས་བའི་ལོ་འགའི་རིང་རྒྱ་ནག་གིས་བོད་ཁུལ་གྱི་མཚའ་མཚམས་ཁག་ཏུ་ཁང་ལས་གསར་རྒྱག་གིས་མི་མང་གནས་སྤོར་བྱེད་ཤུགས་ཆེ་རུ་བཏང་སྟེ། མཐའ་མཚམས་ཀྱི་སྟོབས་ཤུགས་རྒྱ་བསྐྱེད་བྱེད་བཞིན་པའི་ཁྲོད། བོད་མི་བྲོས་བྱོལ་དུ་ཡོང་མཁན་གྱི་གནས་བབ་དེ་ནི་ལྟག་ཆུ་ཆད་པའི་རྫིང་བུ་ལྟ་བུར་གྱུར་ཡོད་པ་རེད།

ཨ་མཆོག་མཚན་ཉིད་དགོན་གྱི་ཆབ་སྲིད་བཙོན་པ་གཉིས་གློད་གྲོལ།

ཕྱི་ལོ་ ༢༠༠༨ སྟེ་ས་བྱི་ལོའི་ཞི་རྒོལ་སྐབས་རྒྱ་ནག་གིས་བོད་མདོ་སྨད་རྔ་བ་ཨ་མཆོག་མཚན་ཉིད་དགོན་གྱི་དགེ་འདུན་པ་ཁག་ཅིག་འཛིན་བཟུང་བྱས་པའི་ཁོངས་ནས། མི་ལོ་བཅུ་གསུམ་ལྷག་གི་ཁྲིམས་ཐག་བཅད་པའི་གྲྭ་ཀླུ་སྒྲུབ་ཡེ་ཤེས་ལགས་དང་ཀླུ་སྒྲུབ་ཕུན་ཚོགས་གཉིས་འདི་ལོའི་ཟླ་བ་གསུམ་པའི་ཚེས་ ༡༩ དང་༢༠ ཉིན་གློད་གྲོལ་གྱིས་གྲྭ་ཀླུ་སྒྲུབ་ལགས་དངོས་སུ་རང་དགོན་དུ་ཕེབས་ཐུབ་པ་བྱུང་འདུག བཞུགས་སྒར་དུ་གནས་སྡོད་བྱེད་མཁན་གྱི་ཨ་མཆོག་མཚན་ཉིད་དགོན་གྱི་ཡུལ་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། གྲྭ་ཀླུ་སྒྲུབ་ཡེ་ཤེས་ལགས་ཕྱིར་མཚན་ཉིད་དགོན་གྲོང་དུ་འབྱོར་ནས་གྲྭ་མང་གིས་ལོག་ཕེབས་ཀྱི་མཇལ་དར་སྒྲོན་གྱི་ཡོད་པའི་པར་ཞིག་དང་བཅས་གནས་ཚུལ་མཁོ་མཁོ་སྤྲོད་གནང་བ་དང་ལྷན་དུ། ད་ལྟའི་ཆར་གྲྭ་ཀླུ་སྒྲུབ་ཕུན་ཚོགས་ལགས་གློད་གྲོལ་ཐོབ་ཡོད་པ་ཙམ་ལས། གང་དུ་བཞུགས་ཡོད་པ་སོགས་ཀྱི་གནས་ཚུལ་གསལ་བོར་ཤེས་རྟོགས་བྱུང་མེད་པར་ངོ་སྤྲོད་གནང་སོང་། གཞན་ཡང་ཁོང་གིས་ད་ལྟའི་ཆར་བོད་ཕྱི་ནང་གཉིས་སུ་དམ་དྲག་གི་རྐྱེན་གྱིས་གནས་ཚུལ་ཆ་ཚང་རྒྱུས་ལོན་བྱེད་ཐབས་བྲལ་བར་བརྟེན། ད་ལྟའི་ཁོང་གཉིས་ཀྱི་གཟུགས་གཞིའི་གནས་བབ་སོགས་ཀྱི་ཐད་ནས་གནས་སྐབས་སུ་སྐད་ཆ་གང་ཡང་ཤེས་ཐབས་བྲལ་ནའང་། རིམ་པའི་གནས་ཚུལ་ཞིབ་རྒྱས་ཕྱི་ལ་ཐོན་པར་རེ་བ་ཡོད་པར་ངོ་སྤྲོད་གནང་སོང་། གཞི་རྩའི་ས་བྱིའི་ལོའི་ཞི་རྒོལ་གྱི་སྐབས་སུ། ཨ་མཆོག་མཚན་ཉིད་དགོན་དུ་དགེ་འདུན་ཁག་ཅིག་གི་སྣེ་ཁྲིད་ཀྱི་ཐོག་ནས། སྐྱ་སེར་ཕོ་མོ་མང་པོ་འདུ་འཛོམས་ཀྱིས་དགོན་པའི་ཉེ་འཁྲིས་ཀྱི་ས་གནས་མི་དམངས་སྲིད་གཞུང་གི་ཐོག་ཁའི་རྒྱ་ནག་གི་དར་དམར་མར་ཕབ་སྟེ་བོད་ཀྱི་གངས་སེང་གི་རྒྱལ་དར་བསྒྲེངས་འཛུགས་གནང་སྟེ། བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས་པ། ༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས་པ། དེ་བཞིན་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མྱུར་དུ་ཀློད་གྲོལ་དགོས་པ་སོགས་ཀྱི་སྐད་འབོད་འོག་རྒྱ་ནག་གིས་བོད་ནང་འཛིན་པའི་དྲག་གནོན་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གནང་ཡོད་པ་དང་། ཕྱི་ཟླ་ ༣ པའི་ཚེས་ ༡༨ ཉིན་ནས་རྒྱ་ནག་གི་དྲག་ཆས་སྤྲས་པའི་དམག་མི་འབོར་ཆེན་གྱིས་ཨ་མཆོག་མཚན་ཉིད་དགོན་པའི་བྱེད་སྒོ་ཡོངས་དང་དགེ་འདུན་པ་ཡོངས་ཀྱི་འགྲོ་སྐྱོད་རང་དབང་ལ་བཀག་སྡོམ་གྱིས་དགེ་འདུན་པ་ཁག་ཅིག་འཛིན་བཟུང་བྱས་པའི་ཁྲོད་དུ་གྲྭ་ཀླུ་སྒྲུབ་ཡེ་ཤེས་དང་ཀླུ་སྒྲུབ་ཕུན་ཚོགས་གཉིས་ལ་མི་ལོ་ཧྲིལ་བོ་༡༣ ལྷག་གི་བཙོན་ཐག་བཅད་ཡོད་པ་དང་། སྐབས་དེར་འཛིན་བཟུང་བྱས་པའི་དགེ་འདུན་པ་ཁག་ཅིག་རྗེས་སུ་ག་ལེར་གློད་གྲོལ་བཏང་ཡོད་པ་རེད་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཀརྟི་བྱིས་བ་གྲྭ་ཚང་གིས་འདོན་སྤེལ་བྱས་པའི་མི་ཐོག་གསུམ་གྱི་རྨ་ཁ་ཞེས་པའི་དཔེ་དེབ་ཀྱི་ནང་དུ་གྲྭ་ཀླུ་སྒྲུབ་ཡེ་ཤིས་དང་ཀླུ་སྒྲུབ་ཕུན་ཚོགས་གཉིས་ཀྱི་ལོ་རྒྱུས་འཁོད་པའི་ནང་དུ། རྔ་བ་མཚན་ཉིད་དགོན་གྱི་དགེ་འདུན་པ་ཁག་ཅིག་རྒྱ་ནག་གིས་འཛིན་བཟུང་བྱས་ཏེ་ཟླ་བ་དྲུག་ལྷག་ལ་མི་སྤྱོད་ལས་འདས་པའི་གཅར་རྡུང་བྱས་མཐར། རྔ་བ་ཁུལ་རྐ་ཁོག་རྫོང་གི་ཨ་མཆོག་ཕྱུགས་ལས་ཀྱི་ཞལ་དཀར་ཚང་གི་ཨ་མཆོག་མཚན་ཉིད་དགོན་གྱི་གྲྭ་ཀླུ་སྒྲུབ་ཕུན་ཚོགས། རང་ལོ་ ༢༣ ཡིན་པ་ཡིན་པ་ཁོངས་ལ་ཁྲིམས་ཐག་ལོ་ ༡༣ བཅད་པ་དང་། ཁོང་ནི་ཨ་མཆོག་མཚན་ཉིད་དགོན་གྱི་འཛིན་གྲྭ་ཞིག་གི་སྐྱོར་དཔོན་ཡིན་པ་དང་། སྨྲ་སེང་བཞད་སྒྲ་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་ཡིན་པར་འཁོད་ཡོད་པ་དང་། རྐ་ཁོག་ཨ་མཆོག་མའི་ཚེ་རིང་བཀྲ་ཤིས་ཚང་གི་བུ་ཀླུ་སྒྲུབ་ཡེ་ཤེས་ལགས་ནི་སྐབས་དེར་དགུང་ལོ་ ༣༣ ཡིན་པ་ཁོང་ལ་བཙོན་ཐག་ ༡༣ དང་ཟླ་བ་ ༦ ལྷག་གི་ཁྲིམས་ཐག་བཅད་ཡོད་པར་གསལ་བོར་འཁོད་འདུག

བོད་བཞུགས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་རྒྱ་ནག་གིས་འཛིན་བཟུང་།

བོད་ཨ་མདོ་རྔ་བ་ནས་ཡིན་པའི་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་ལགས་འདི་ལོའི་ཕྱི་ཟླ་དང་པོའི་ནང་རྒྱ་ནག་གསང་བའི་ལས་ཁུངས་ཀྱི་མི་སྣས་འཛིན་བཟུང་བྱས་པའི་རྗེས་གར་སོང་ཆ་མེད་དུ་གྱུར་འདུགདེ་ཡང་ཨ་རི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན།རྩོམ་པ་པོ་སྒོ་ཤེས་རབ་ལགས་ད་ལོའི་ཕྱི་ཟླ་དང་པོའི་ནང་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུ་རུ་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་གསང་བའི་ལས་ཁུངས་ཀྱི་མི་སྣས་འཛིན་བཟུང་བྱས་ཡོད་སྐོར་ངོ་སྤྲོད་གནང་འདུག་པ་མ་ཟད། ཁོང་འཛིན་བཟུང་བྱས་པའི་རྗེས་སུ་ཁོང་གང་དུ་བཀག་ཉར་བྱས་ཡོད་མིན་དང་། ཁོང་གི་གནས་སྟངས་ཅི་འདྲ་ཡོད་མིན་སོགས་ཀྱི་གནས་ཚུལ་ཤེས་རྟོགས་མི་ཐུབ་པར་གར་སོང་ཆ་མེད་དུ་གྱུར་ཡོད་པ་སོགས་མིང་བརྗོད་འདོད་མེད་པའི་བོད་མི་ཞིག་གི་གནས་ཚུལ་མཁོ་སྤྲོད་གནང་འདུག ཁོང་གིས་ད་དུང་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་རྒྱུ་མཚན་ཅི་ཞིག་ལ་བརྟེན་ནས་འཛིན་བཟུང་བྱས་པ་ཤེས་ཐུབ་ཀྱི་མེད་པའི་ཁར་རྒྱ་ནག་གཞུང་གིས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་ནང་མི་དང་ཉེ་འབྲེལ་རྣམས་ལ་གནས་ཚུལ་དེ་གསང་རྒྱ་བྱ་དགོས་པ་དང་།ཅི་སྟེ་རྒྱ་གཞུང་གི་བཙན་བཀའ་ལ་བརྩི་འཇོག་མ་བྱས་ཚེ་ཁྲིམས་འགལ་ཡིན་པར་འཇིགས་སྐུལ་བྱས་ཡོད་པ་རེད་འདུག རྩ་བའི་སྒོ་ཤེས་རབ་རྒྱ་མཚོ་ལགས་ནི་བོད་ཨ་མདོ་རྔ་བ་ནས་འཁྲུངས་ཤིང་།རྔ་པ་ཀིརྟི་དགོན་ཆེན་ནས་ནང་པའི་གཞུང་ཆེན་ཁག་ལ་སློབ་སྦྱོང་གནང།དེ་རྗེས་རྒྱ་གར་དང་བལ་ཡུལ།རྒྱ་ནག་སོགས་ཀྱིས་མཚོན་པའི་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོར་འགྲུལ་བཞུད་གནང་ནས་ཉམས་ཞིབ་གནང་། ཕྱི་ལོ་༡༩༩༨ལོར་རྔ་པ་ཀིརྟི་དགོན་ཆེན་གྱི་གཙོས་རྔ་པ་ཁུལ་གྱི་དགོན་ཁག་བཞི་བཅུ་ལྷག་ལ་རྒྱ་ནག་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཞེས་པའི་གཏིང་ནག་གི་སྲིད་བྱུས་སྤེལ་སྐབས་ཞི་རྒོལ་དང་སྦྱར་ཡིག་སྣ་ཚོགས་ཤེིག་འགྲེམས་སྤེལ་གནང་བའི་རྐྱེན་གྱིས་ལོ་ངོ་ཧྲིལ་པོ་བཞི་ལྷག་ལ་རྒྱ་ནག་གིས་བཙོན་འཇུག་བྱས། དེ་རྗེས་སླར་ཡང་ཉིས་སྟོང་བརྒྱད་ལོར་བོད་ཁམས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས་ལྷ་ས་ནས་ཨ་མདོ་རྔ་བའི་དགེ་འདུན་པ་ཚོས་སྣེ་ཁྲིད་བྱས་ནས་ཞི་རྒོལ་གནང་སྟབས། རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་ལོ་ངོ་གཅིག་གི་རིང་ལ་བཙོན་འཇུག་ཏུ་བཞུགས་དགོས་བྱུང་འདུག     ཉིས་སྟོང་དགུའི་ལོར་ཁོང་གིས་བརྩམས་པའི་ཕྱག་དེབ་ང་ཚོ་སད་རན་ཞེས་པ་ལ་བོད་ཁམས་ཡོངས་ནས་མཚན་སྙན་ཆེན་པོ་ཐོབ་ཡོད་པ་མ་ཟད།ཁོང་གི་བརྩམས་ཆོས་རྒྱུན་ཤེས་དང་ལམ། དཔྱད་འཚོལ་དང་ལྟ་ཚུལ། རང་ལམ་རང་འཚོལ། བླང་དོར་ལྟ་ཚུལ། སྐྱེས་ཆེན་གྱི་བཞུད་ལམ་སོགས་དེབ་གྲངས་བརྒྱད་ལྷག་པར་སྐྲུན་གནང་པ་མ་ཟད། ཁོང་གིས་དཔེ་ཁྲིད་གནང་བའི་དབུ་མ་འཇུག་པ་དང་། གཏམ་རྒྱུད་གསེར་ཐང་། ས་སྐྱ་ལེགས་བཤད་སོགས་ལ་ཡང་ཉན་མཁན་ཁྲི་སྟོང་མང་པོ་བྱུང་ཡོད་པ་རེད།

ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་བཏོན་འདུག

ཁ་སང་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་སྙན་ཐོ་བཏོན་པའི་ནང་དུ། ཞིང་ལྗོངས་ལྔ་ཡིས་ཁྱབ་པའི་བོད་ས་གང་སར་རྒྱ་ནག་གི་དབང་འཛིན་པས་བོད་མི་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་དང་གཏོང་བཞིན་པ་མ་ཟད། བོད་ཁུལ་དུ་རྒྱ་ནག་གི་དཔོན་རིགས་གང་མང་བསྐོ་བཞག་བྱས་ཏེ་བོད་མི་རྣམས་ལ་སྟངས་འཛིན་བྱེད་བཞིན་ཡོད་པ་ལས། སྤྱི་ཡོངས་ཀྱི་ཆ་ནས་བོད་མི་རྣམས་བོད་ཁུལ་དུ་དབང་ཆ་ལྡན་པའི་གོ་གནས་སུ་བསྐོ་བཞག་བྱས་མེད་པ་ཡོངས་གྲགས་ཀྱིས། རྒྱ་ནག་གི་དཔོན་རིགས་རྣམས་ཀྱི་སྟངས་འཛིན་དོ་དམ་གྱི་སྲིད་བྱུས་འོག་ཏུ། བོད་མི་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཐེབས་བཞིན་ཡོད་སྐོར་མངོན་གསལ་གནང་འདུགསྙན་ཐོ་དེར་གསལ་བ་ལྟར་ན། རྒྱ་ནག་ནག་གི་དབང་བསྒྱུར་གྱི་སྲིད་བྱུས་འོག་ཏུ།  བོད་ཁུལ་དུ་བོད་མི་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་མི་སྤྱོད་ལས་འདས་བའི་སྲིད་བྱུས་ལག་བསྟར་གྱིས་ཆབ་སྲིད་ཀྱི་ཉེས་འདོགས་འདྲ་མིན་གྱི་ཁྲོད་ནས་བོད་མི་རྣམས་འཛིན་བཟུང་བྱས་དང་བྱེད་མུས་ཡིན་པ་དང་། ཐ་ན་བཙན་བྱོལ་གྱི་བོད་མི་རྣམས་ལ་ཡང་སྡང་ཟུག་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། བོད་ནང་དུ་སྨྲ་བརྗོད་རང་དབང་། དྲ་རྒྱ་རང་དབང་དང་འདུ་འཛོམས་རང་དབང་སོགས་ལ་བཀག་རྒྱ་དམ་པོ་བྱས་ཡོད་པ་དང་། དེ་བཞིན་བོད་མི་རྣམས་ཀྱིས་ཆབ་སྲིད་ནང་དུ་འཛུལ་ཞུགས་བྱེད་རྒྱུར་བཀག་སྡོམ་བྱས་ཏེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་རྒྱ་ནག་གི་དབང་བསྒྱུར་སྲིད་བྱུས་ཀྱི་འོག་ཏུ་འཇུག་ཐབས་ཀྱིས། བོད་ཁུལ་དུ་རྒྱ་ནག་གི་དཔོན་རིགས་ཀྱིས་ལྐོག་ཟ་རུལ་སུངས་ཀྱི་ལས་ཀ་གཉེར་བ་བརྒྱུད་ནས། བོད་མི་རྣམས་ལ་དྲག་པོའི་འཇིགས་སྐུལ་བྱས་ཏེ་བྱིས་པ་མངལ་ནས་གསོད་པ་སོགས་ཕྱོགས་ཡོངས་ནས་དབང་བསྒྱུར་གྱི་སྲིད་བྱུས་དོ་ནན་ངང་ལག་བསྟར་བྱེད་ཀྱི་ཡོད་པ་མངོན་གསལ་གནང་འདུགསྙན་ཐོའི་ནང་དུ། སྔར་ལོ་རྒྱ་ནག་གིས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་མི་སྤྱོད་ལས་འདས་བའི་སྡུག་སྦྱོང་མནར་གཅོད་དྲག་པོ་བཏང་ཡོད་པ་མངོན་གསལ་གནང་བའི་ནང་དུ། རྒྱ་ནག་གིས་ཁམས་འབྲི་རུ་ནས་ཡིན་པའི་འབྲོག་མོ་ལྷ་མོ་ལགས་ཀྱིས་ཕྱི་རྒྱལ་དུ་དངུལ་བཏང་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་བཙོན་ཁང་དུ་གཅར་རྡུང་དྲག་པོ་བཏང་སྟེ་་དམར་གསོད་བྱས་ཡོད་པ་ལུང་འདྲེན་གནང་ཡོད་པ་དང་། དེ་བཞིན་བོད་མི་རྣམས་བཙོན་འཇུག་བྱས་པའི་བརྒྱུད་རིམ་གྱི་ནང་དུ་ཟླ་བ་མང་པོར་ཁེར་རྐྱང་གི་བཀག་སྡོམ་བྱས་བའི་ཁྲོད། ཟས་བཅུད་ཀྱི་མ་འདང་བ་དང་ཉི་འོད་མ་མཐོང་བ། དེ་བཞིན་སྨན་བཅོས་ལྟ་སྐྱོང་སོགས་ཞན་པའི་དབང་གིས་བོད་ཀྱི་ཚབ་སྲིད་བཙོན་པ་རྣམསཀྱི་གཟུགས་གཞིའི་འཕྲོད་བསྟེན་གྱི་གནས་བབ་ཛ་དྲག་གི་ངང་གནས་ཡོད་པ་འགྲེལ་བརྗོད་ཀྱིས།  ཁམས་ནག་ཆུ་ས་ཁུལ་ནས་ཡིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་དགེ་འདུན་ཤེས་རབ་ལགས་རྒྱ་ནག་གི་གཅར་རྡུང་དང་མནར་གཅོད་བྱས་པའི་དབང་གིས་འདས་གྲོངས་སུ་གྱུར་ཡོད་པ་ལུང་འདྲེན་གནང་འདུག དེ་བཞིན་སྙན་ཐོ་ནང་དུ། རྒྱ་ནག་གི་ནང་དུ་རང་དབང་ལྡན་པའི་ཁྲིམས་དང་ཁྲིམས་རྩོད་པ་མེད་པ་ཟད། ཁྲིམས་ཁང་གི་དབང་ཚད་ཡོད་ཚད་དམར་ཤོག་སྲིད་གཞུང་གི་དབང་བསྒྱུར་གྱི་འོག་ཏུ་ཡོད་སྟབས། བོད་ནང་གི་ཆབ་སྲིད་ཀྱི་བཙོན་པ་མང་པོ་ཞིག་ལ་འོས་འཚམས་ཀྱི་ཁྲིམས་གཏུགས་ཀྱི་ཐོབ་ཐང་གཅིག་ཀྱང་རག་གི་མེད་པར་ཁྲིམས་ཐག་གཅོད་ཀྱི་ཡོད་པ་མངོན་གསལ་གྱིས། དཔེར་ན་བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ལྟ་བུར་མཚོན་ནའང་། ཁྲིམས་རྩོད་ཀྱི་ཐོབ་ཐང་མ་སྤྲད་པར་ཁྲིམས་ཐག་བཅད་ཡོད་པ་ཞིག་ཡིན་སྐོར་དང་འབྲེལ་ནས། སྤྱི་ཡོངས་ཀྱི་ཆ་ནས་བོད་ནང་དུ་རྒྱ་ནག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབ་བཟོས་པ་དང་། ཁ་བྲལ་གྱི་ལས་འགུལ་ལ་ཁ་གཡར་བའི་ཐོག་ནས་བོད་མི་རྣམས་གང་བྱུང་འཛིན་བཟུང་བཙོན་འཇུག་བྱེད་བཞིན་ཡོད་པ་ཡོངས་གྲགས་ཀྱིས། རྒྱ་ནག་ནང་ཁྲིམས་སྒྲིག་ཡོད་ཚད་དམར་ཤོག་སྲིད་གཞུང་གི་སྟངས་འཛིན་གྱི་འོག་ཏུ་ཡོད་པ་མངོན་གསལ་གནང་འདུག གཞན་ཡང་རྒྱ་ནག་གིས་བལ་ཡུལ་སྲིད་གཞུང་གིས་བོད་མི་རྣམས་སྐྱབས་བཅོལ་དུ་འབྲོ་རྒྱུར་བཀག་འགོག་གིས་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་དགོས་བའི་གནོན་ཤུགས་སྤྲོད་བཞིན་ཡོད་པ་མ་ཟད། ཐ་ན། ཕྱི་ལོག་ཏུ་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཀྱི་ནང་མི་གཉེན་འབྲེལ་ལ་སྡིག་ར་སྐུལ་བ་དང་། དེ་བཞིན་སྐུ་སྒེར་ཡིག་ཚང་གི་ལས་བྱེད་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་རྣམས་ཀྱི་ཁ་པར་དུ་དྲ་འབུ་བཏང་ནས་གཏོར་རྒོལ་བྱེད་ཐབས་བྱས་པ་སོགས་ཀྱི་གནད་དོན་འགྲེལ་བརྗོད་གནང་བ་དང་སྦྲགས། ཕྱི་ལོག་གི་བཙན་བྱོལ་བོད་མི་རྣམས་ལ་ཡང་ཕྱོགས་མང་པོ་ནས་གནོན་ཤུགས་སྤྲོད་ཐབས་བྱེད་ཀྱི་ཡོད་པ་ཡང་གསལ་འགྲེལ་གནང་འདུག གཞི་རྩའི་ཐེངས་འདིའི་སྙན་ཐོ་ནང་དུ་སྔར་ལོ་བོད་མི་ཇི་ཙམ་ཞིག་རྒྱ་ནག་གིས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་སོགས་ཀྱི་གནད་དོན་ཞིབ་ཕྲ་བཀོད་མེད་ནའང་། ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པ་ཆེ་མཆོག་གི་གཙོ་བྱས་པའི་བོད་ནང་ཁུལ་ནས་འཛིན་བཟུང་བྱས་ཏེ་ཡུན་རིང་ལ་གར་སོང་ཆ་མེད་དུ་གྱུར་བའི་ཕོ་བྲང་པོ་ཏཱ་ལའི་མཐོ་རིམ་དོ་དམ་པ་རྒན་བསོད་ནམས་ལགས་དང་། དེ་བཞིན་ བོད་ནང་གི་མཐོ་རིམ་ཞིབ་འཇུག་མི་སྣ་དང་སི་ཁྲོན་བོད་ཀྱི་ཞིབ་འཇུག་ཁང་གི་དྲུང་ཆེ་གཞོན་པ་བདེ་རོང་ཚེ་རིང་དོན་འགྲུབ་ལགས་སོགས་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་ཐེར་འདོན་གནང་བ་དང་སྦྲགས། ཨ་རིའི་ངོས་ནས་རྒྱ་ནག་གིས་བོད་ནང་གི་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་བའི་སྙན་ཐོ་བཏོན་ཡོད་པ་ལྟར། རྒྱལ་ཁབ་གཞན་གྱིས་ཀྱང་གནད་དོན་འདིར་གལ་ཆེན་དུ་བརྩིས་པའི་ཐོག་རྒྱ་ནག་གི་དབང་བསྒྱུར་གྱི་སྲིད་བྱུས་དེ་ལམ་ལུགས་ལྟ་བུ་ཞིག་ཏུ་མ་འགྱུར་བའི་སྔོན་དུ་རྒྱ་ནག་གི་མདུན་དུ་ཐོན་ནས་སྐད་ཆ་བཤད་དགོས་བའི་སྐུལ་མ་གནང་འདུག

རྒྱ་ནག་གི་མི་མང་འཐུས་མི་དང་སྲིད་གྲོས་ཚོགས་ཐོག་ཏུ་བོད་དོན་གླེང་སློང་།

གཞི་རྩའི་རྒྱ་ནག་གིས་འདི་ལོའི་ལོ་འཁོར་གྱི་མི་མང་འཐུས་མི་ཚོགས་ཆེན་དང་སྲིད་གྲོས་ཚོགས་འདུ་གཉིས་ཟླ་བ་འདིའི་ཚེས་ ༤ ནས་ ༡༡ བར་སྐོང་ཚོགས་ཀྱིས། རྒྱ་ནག་གི་ལོ་ལྔ་ཚན་བཅུ་བཞི་བའི་རྒྱལ་ཡོངས་ཀྱི་ལས་འཆར་སྤྱི་དང་། རྒྱ་ནག་ནང་གི་སྤྱི་ཡོངས་ཀྱི་ཆབ་སྲིད་ཀྱི་དམིགས་འབེན་སོགས་ཀྱི་སྐོར་ནས་གླེང་སློང་བྱས་བའི་ཁྲོད། བོད་ནང་དུ་སྔར་ལྷག་སྤྱི་ཚོགས་བརྟན་བརླིང་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པར་ནན་བརྗོད་བྱས་འདུག ཁ་སང་། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གི་འདི་ལོའི་མི་མང་འཐུས་མི་ཚོགས་ཆེན་དང་སྲིད་གྲོས་ཚོགས་འདུ་གཉིས་ཀྱི་སྐབས་སུ་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུ་ཡིན་ཅེ་དང་། དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བའི་མི་མང་འཐུས་མི་ཚོགས་ཆེན་གྱི་འགོ་གཙོ་བློ་བཟང་རྒྱལ་མཚན་ཟེར་བ་དང་དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་ཆེ་དགྲ་ལྷ་སོགས་ཀྱི་མཚོན་པའི་བོད་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་ནས་ཚོགས་མི་ ༡༦ གིས་ཚོགས་ཞུགས་གནང་ཡོད་པ་ལུང་འདྲེན་དང་སྦྲགས། ཐེངས་འདིའི་ཚོགས་འདུའི་ཁྲོད། རྒྱ་ནག་གིས་སྔར་བཞིན་དེང་རབས་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་རྩ་འཛུགས་དང་། བོད་ནང་དུ་སྔར་བཞིན་ཆབ་དཔལ་རིག་གསུམ་མཚུངས་བསྒྱུར་གྱི་སྲིད་བྱུས་མུ་མཐུད་དུ་ལག་བསྟར་བྱེད་རྒྱུ་མ་ཟད། བོད་དེང་རབས་ཅན་དུ་བསྒྱུར་རྒྱུའི་ཁ་གཡང་གི་འོག་ནས། བོད་བརྒྱུད་ནང་བསྟན་དེ་རྒྱ་བསྒྱུར་དང་ཕྱི་ཕྱོགས་ནས་བོད་དང་འབྲེལ་བའི་རྒྱལ་ནང་གི་གནད་དོན་ཐོག་ཐེ་གཏོགས་བྱེད་རྒྱུར་བཀག་སྡོམ། དེ་བཞིན་དམག་ཀྱི་སྟོབས་ཤུགས་བརྒྱུད་ནས་སྤྱི་ཚོགས་བརྟན་བརླིང་ལ་སྔར་ལས་ཤུགས་སྣོན་བྱེད་རྒྱུའི་ཐད་ནས་གླེང་སློང་བྱུང་ཡོད་པར་དགག་གཞག་གནང་སྟེ། རྒྱ་ནག་གིས་བོད་ཁུལ་དུ་ལག་བསྟར་བྱེད་བཞིན་པའི་དམར་ཤོག་གི་སྲིད་བྱུས་སྤྱི་དང་། སྒོས་སུ་ཆོས་ལུགས་རྒྱ་བསྒྱུར་བྱེད་བཞིན་པ་ནི་རྒྱ་ནག་དམར་ཤོག་སྲིད་གཞུང་གི་དྲིལ་བསྒྲགས་ཀྱི་རིགས་ཤིག་སྟེ། དྲིལ་བསྒྲགས་དེ་བརྒྱུད་ནས། རྒྱ་ནག་གི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་སྐད་ཡིག དེ་བཞིན་གཞུང་དང་ངོ་བོ་སོགས་ཡོངས་སུ་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་འཇུག་ཐབས་ལ་རྩལ་འདོན་བྱེད་བཞིན་པ་ཞིག་ཡིན་པར་མངོན་གསལ་གནང་འདུགདེ་བཞིན་ལས་འགུལ་ཁང་གིས་རྒྱ་ནག་གིས་ལོ་ལྔ་ཚན་ ༡༤ བའི་ལས་འཆར་བརྒྱུད་ནས་བོད་ཁུལ་དུ་ལག་བསྟར་བྱེད་རྒྱུའི་སྲིད་བྱུས་ལ་དགག་གཞག་གནང་བའི་ཁྲོད་དུ། རྒྱ་ནག་གིས་མུ་མཐུད་དུ་དབུལ་སྐྱོབ་ཀྱི་མིང་ཐོག་ནས་བོད་མི་སྟོང་ཕྲག་མང་པོ་གནས་སྤོར་བྱེད་རྒྱུ་དང་། གྲོང་བརྡལ་འཛུགས་སྐྲུན་གྱི་ལས་གཞི་བརྒྱུད་ནས་བོད་མིའི་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་བརླག་ཐབས་བྱེད་རྒྱུ། གཞན་ཡང་བོད་ཁུལ་དུ་དཔལ་འབྱོར་གོང་མཐོར་གཏོང་ཐབས་ཀྱི་མིང་ཐོག་ནས་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ནང་འདྲེན་བྱེད་རྒྱུ། དེ་དང་དེ་བཞིན་རྒྱལ་ཁབ་ཀྱི་མཐའ་སྲུང་གི་མིང་ཐོག་ནས་བོད་ཁུལ་དུ་དམག་ཤུགས་ཀྱི་རྩ་འཛུགས་རྒྱ་བསྐྱེད་བྱེད་རྒྱུ་ཡིན་པ་སོགས་ཡོངས་གྲགས་ཀྱིས། རྒྱ་ནག་གིས་བོད་ཁུལ་དུ་དབུལ་སྐྱོབ་ཀྱི་ལས་གཞི་རྒྱ་བསྐྱེད་བྱས་ཡོད་པ་དྲིལ་བསྒྲགས་བྱས་བའི་ཁྲོད་དུ། བོད་མི་ ༦༢༨༠༠༠ དབུལ་ཐར་དུ་བཏང་ཡོད་པ་དང་། དེ་བཞིན་རྨ་འབྲི་རྫ་གསུམ་གྱི་མགོ་ཁོངས་སྲུང་སྐྱོབ་ཤུགས་ཆེར་བྱས་ཡོད་པར་དྲིལ་བསྒྲགས་བྱས་ཡོད་ཀྱང་། རྒྱ་ནག་གིས་ལས་གཞི་དེ་དག་བརྒྱུད་ནས་དོན་དངོས་ཀྱི་ཐོག་བོད་ཁུལ་གྱི་འབྲོག་ཁྱིམ་ས་ཡ་ལྷག་ཅིག་རང་གི་ཕ་མེས་ཡང་མེས་ཀྱི་གཞིས་ཀ་ནས་གནས་སྤོར་བཏང་བ་མ་ཟད། གནས་སྤོར་བྱས་པའི་ཁྱིམ་མི་དག་རང་ཁ་རང་གསོའི་འཚོ་བ་ལས་བསྒྱུར་ཏེ་རྒྱ་ནག་ལ་བརྟེན་དགོས་བ་ཞིག་ཏུ་སྒྱུར་ཡོད་པར་ལུང་འདྲེན་གྱིས། རྒྱ་ནག་གིས་དབུལ་སྐྱོབ་ཀྱི་མིང་ཐོག་ནས་བོད་མི་རྣམས་བཙན་གྱིས་གནས་སྤོར་གཏོང་བཞིན་པར་སྐྱོན་བརྗོད་གནང་འདུག དེ་བཞིན་ལས་འགུལ་ཁང་གིས། འགྲོ་བ་མིའི་ཐོབ་ཐང་ནི་རྒྱལ་སྤྱིར་ཁྱབ་པ་ཞིག་ཡིན་པར་ལུང་འདྲེན་གྱིས། རྒྱ་ནག་གི་མགོ་ཁྲིད་ཚོས་ནམ་རྒྱུན་ནས་རྒྱ་ནག་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཐེབས་བཞིན་པ་དེ་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པར་བསྙད་ནས་ཕྱི་ཕྱོགས་ནས་ཐེ་གཏོགས་བྱས་མི་ཆོག་པར་བརྗོད་བཞིན་ཡོད་པར་སྐྱོན་བརྗོད་དང་། གཞན་ཡང་རྒྱལ་ཁབ་ཀྱི་བདག་དབང་ནི་རྒྱལ་སྤྱིའི་ཁྲིམས་སྒྲིག་ལས་གལ་འགངས་ཆེ་བ་ཞིག་ཏུ་རྩོད་སྒྲུབ་བྱེད་བཞིན་པར་སྐྱོན་བརྗོད་གནང་བ་དང་སྦྲགས། ཐེངས་འདིའི་རྒྱ་ནག་གི་འཐུས་ཚོགས་དང་སྲིད་གྲོས་སྐབས་སུ་ཡང་རྒྱ་ནག་གིས་ཕྱི་ཕྱོགས་ཀྱི་རྒྱལ་ཁབ་ཀྱིས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་མི་ཆོག་པའི་ཐད་ནས་རྩལ་འདོན་བྱས་ཡོད་པ་ནི་རྒྱ་ནག་གིས་བོད་མི་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་གི་མང་གཙོ་དོན་གཉེར་བ་སོགས་ཀྱི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་འགེབ་ཐབས་བྱས་པ་ཞིག་ཡིན་པར་མངོན་གསལ་གནང་འདུག ཚོགས་འདུའི་སྐབས་སུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་སྔོན་ཆད་ཕྱི་ལོ་ ༢༠༡༠ ལོར་ཡུལ་ཤུལ་ཁུལ་དུ་ས་འགུལ་བྱུང་མཚམས་སུ་ཁོང་ཁུལ་དེར་སྐྱོད་ཡོད་པ་དྲན་གསོ་བྱས་ཏེ། རྒྱ་ནག་སྲིད་གཞུང་གིས་བོད་རིགས་མང་ཚོགས་ལ་སེམས་ཁུར་ཡོད་པ་དང་། སྐབས་དེར་སྲིད་གཞུང་གིས་ཁུལ་དེར་ངལ་སེལ་གྱི་རོགས་དངུལ་སྤྲད་ནས་མི་མང་དཀའ་ངལ་ལས་གྲོལ་ཐབས་བྱས་ཡོད་པ་སོགས་ཀྱི་གཏམ་བཤད་བྱས་ཡོད་ཀྱང་། ལས་འགུལ་ཁང་གིས་དོན་དངོས་སུ་སྐབས་དེར་ཡུལ་ཤུལ་མི་མང་གིས་སྲིད་གཞུང་གིས་ཁུལ་དེའི་གནོད་ཐེབས་ཀྱི་མི་མང་ལ་རོགས་རམ་བྱེད་དགོས་བའི་ཞུ་འབོད་རིམ་པ་བྱས་པ་དང་། མི་མང་གིས་སྐབས་དེར་སྲིད་གཞུང་གིས་བོད་མིའི་སྲོལ་རྒྱུན་གྱི་ཚོང་ལས་ཀྱི་ལྟེ་གནས་དེ་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་ས་ཚིགས་ཤིག་ཏུ་སྒྱུར་བར་བློ་འཚབ་ཡོད་པར་བརྗོད་ཡོད་པ་ལུང་འདྲེན་གནང་འདུག གཞི་རྩའི་ཐེངས་འདིའི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་དང་སྲིད་གྲོས་ཚོགས་འདུ་གཉིས་ཀྱི་བསྡུ་སྐོང་བྱས་མ་ཐག རྒྱ་ནག་དམར་ཤོག་སྲིད་གཞུང་གི་སྤྱི་ཚོགས་བརྟན་བརླིང་གི་མིང་ཐོག་ནས། བོད་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་གང་སར་གོ་མཚོན་ཐོགས་པའི་དམག་མི་མང་པོ་ཞིག་དངོས་སུ་སྲང་ལམ་གང་སར་འགྲེམས་འཇོག་གིས་དམག་སྦྱོང་ཞིག་ལག་བསྟར་བྱས་ཡོད་པ་དང་། ཚོགས་དུས་ཀྱི་ཉིན་དང་པོའི་སྐབས་སུ་རྒྱ་ནག་གིས་ཨ་རིའི་ངོས་ནས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་བཞག་པར་སྐྱོན་བརྗོད་ཡོད་པར་བསྒྲགས་ཏེ་རྒྱ་ནག་ནང་སྲིད་ཀྱི་གནད་དོན་དེར་ཕྱི་ནས་ཐེ་གཏོགས་བྱེད་རྒྱུ་མེད་པའི་སྐོར་ནས་གླེང་མོལ་བྱས་འདུག

ཨི་ཊ་ལི་གཞུང་གིས་ཁུལ་དེའི་ནང་གི་རྒྱ་ནག་གཞུང་ཚབ་པ་ཆེད་སྐོང་།

ཉེ་ཆར་ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་འགོ་ཁྲིད་ཁག་ཅིག་ཐོག་ཉེས་ཆད་བཏང་བར་རྒྱ་གཞུང་གིས་ཡོ་རོབ་མཐུན་ཚོགས་ལ་འཁོན་ལན་སློག་པའི་གནད་དོན་དང་འབྲེལ་ནས་ཨི་ཊ་ལིའི་ཕྱི་སྲིད་བློན་ཆེན་ནས་ཁུལ་དེའི་ནང་གི་རྒྱ་ནག་གཞུང་ཚབ་ཁང་གི་གཞུང་ཚབ་པ་ Li Junhua ཕྱི་སྲིད་ལས་ཁུངས་སུ་ཆེད་སྐོང་གནང་འདུག ཉིན་ཤས་སྔོན་རྒྱ་ནག་གཞུང་ནས་ཡོ་རོབ་མཐུན་ལ་འཁོན་ལན་ཚུལ་དུ་ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་ལྔ་གཙོས་འབྲེལ་ཡོད་ཉམས་ཞིབ་པ་བཅས་མི་སྣ་བཅུ་རྒྱ་ནག་ནང་བཀག་འགོག་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད། མིང་ཐོའི་ནང་ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་འཁོད་ཡོད་པར་བརྟེན་ཁ་སང་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་ཨི་ཊ་ལའི་ཕྱི་སྲིད་ལས་ཁུངས་ནས་ཁུལ་དེའི་ནང་གི་རྒྱ་ནག་གཞུང་ཚབ་ཁང་གི་གཞུང་ཚབ་པ་ Li Junhua ཆེད་སྐོང་གནང་འདུག འོན་ཀྱང་ཕྱོགས་གཉིས་དབར་གླེང་མོལ་གང་བྱུང་བ་རྣམས་ནང་མོལ་ཙམ་ལས་བརྒྱུད་ལམ་ཐོག་སྤྱིར་བསྒྲགས་གང་ཡང་བྱས་མི་འདུག ད་ལན་ཨ་ཊི་ལི་ཙམ་མ་ཟད་ཉིན་ཤས་ནང་ཡོ་རོབ་རྒྱལ་ཁབ་ཕ་རན་སི་དང་འཇར་མན། སྦེལ་ཇམ། ལི་ཐོན་ནིཡ། སུ་ཌན། དེ་བཞིན་ཌན་མག་བཅས་ཀྱིས་སོ་སོའི་ནང་གི་རྒྱ་ནག་གཞུང་ཚབ་ཁང་གི་གཞུང་ཚབ་པ་ཆེད་སྐོང་གིས་རྒྱ་གཞུང་ནས་ཡོ་རོབ་མཐུན་ཚོགས་ལ་འཁོན་ལན་སློག་པའི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་ཡོད་པ་རེད། ཁ་སང་སྔ་དྲོ་ཨི་ཊ་ལིའི་གྲོས་ཚོགས་ནང་དུ་ཁུལ་དེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Formentini ལགས་ཀྱིས་རྒྱ་ནག་གཞུང་གིས་ཁོང་གིས་གཙོས་པའི་ཡོ་རོབ་མཐུན་ཚོགས་ཀྱི་གནད་ཡོད་མི་སྣ་ཁག་རྒྱ་ནག་ནང་བཀག་འགོག་བྱས་པའི་གནད་དོན་ཐོག་རྒྱ་གཞུང་ལ་སྐྱོན་བརྗོད་བྱས་པ་མ་ཟད། རྒྱ་གཞུང་གིས་བོད་དང་ཤར་ཏུ་ཀི་སི་ཐན་ནང་མི་རིགས་ལྡེབ་གསོད་གཏོང་བཞིན་པའི་བྱ་སྤྱོད་ལ་བཟོད་སྲན་གནང་ཐབས་མེད་ཅེས་གསུངས་འདུག དེ་བཞིན་ཁ་སང་ཉིན་རྒྱབ་ཨི་ཊ་ལིའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གིས་ G20 ཚོང་དོན་སྒྲིག་འཛུགས་ཀྱི་མ་འོངས་ལས་དོན་དང་འབྲེལ་ནས་ཁུལ་དེའི་ནང་གི་རྒྱ་ནག་གཞུང་ཚབ་ཆེད་འབོད་ཀྱིས་དྲ་ཐོག་ཚོགས་འདུ་ཚོགས་འདུག་པ་དང། སྐབས་དེའི་ཚོགས་འདུའི་ཐོག་གྲོས་ཚོགས་འཐུས་མི་སྐུ་ཞབས་Formentini ལགས་ཀྱིས་གོ་སྐབས་ཆེ་བཞེས་གནང་སྟེ་ཏོག་དབྱིབས་གཉན་རིམས་ ༡༩ དེ་རྒྱ་ནག་ཝུ་ཧན་ནས་མཆེད་པ་ཡིན་པ་རྒྱ་གཞུང་གི་ངོས་ནས་ཁས་ལེན་བྱེད་དགོས་པ་དང། ཨི་ཊ་ལིས་མ་འོངས་པར་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་གནང་སྐབས་བོད་གཙོས་ཧོང་ཀོང་དང་ཤར་ཏུ་ཀི་སི་ཐན་བཅས་ཀྱི་གནད་དོན་མཚོན་པའི་ཁུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་བློས་བཏང་བྱེད་ཀྱི་མ་རེད་ཅེས་གསུངས་འདུག ཁ་སང་གི་ཚོགས་འདུའི་ཐོག་ཨི་ཊ་ལིའི་ Lega ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་Formentini ལགས་ཙམ་མ་ཟད། ཨི་ཊ་ལིའི་ནང་གི་ཆབ་སྲིད་ཚོགས་པ་གཞན་ཚང་མས་ཞལ་གཅིག་གྲག་གིས་རྒྱ་ནག་གཞུང་གིས་བོད་དང་ཤར་ཏུ་ཀི་སི་ཐན། ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་པའི་ནན་སྐུལ་གནང་འདུག སྤྱིར་ད་རེས་རྒྱ་ནག་གཞུང་ནས་ཡོ་རོབ་མཐུན་ཚོགས་ཀྱིས་ཁུལ་དེའི་ནང་གི་འགོ་ཁྲིད་ཚོར་སྲིད་དོན་གྱི་ཉེས་ཆད་བཏང་བར་འཁོན་ལན་ཚུལ་དུ་ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་དང་འབྲེལ་ཡོད་ཉམས་ཞིབ་པ་ཚོ་བཅས་མི་སྣ་ ༡༠ རྒྱ་ནག་ནང་དུ་བཀག་འགོག་བྱས་པར་ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་ལས་གྲུབ་པའི་ IPAC ཞེས་རྒྱ་ནག་ལ་གདོང་ལེན་བྱེད་མཁན་གྱི་གྲོས་ཚོགས་འཐུས་མི་ཁག་ནས་ཟླ་ ༣ ཚེས་ ༢༢ ཉིན་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་ཀྱིས་སྤྱིར་བསྒྲགས་ཤིག་སྤེལ་ཏེ་ཁོང་རྣམས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་གི་གནོན་ཤུགས་འོག་རང་ཉིད་ཀྱི་དམིགས་ཡུལ་ལ་འགྱུར་བ་གང་ཡང་མེད་ཐོག་དྲང་བདེན་དང་རང་དབང་བཅས་པ་སྲུང་སྐྱོབ་བྱེད་རྒྱུ་རེད་ཅེས་དང། དེ་བཞིན་ང་ཚོའི་གྲོས་ཚོགས་དང་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་ཐོག་དྲག་གནོན་བྱེད་མཁན་ཚོར་ང་ཚོས་དུས་ནམ་ཡང་མགོ་སྒུར་གྱི་མ་རེད་ཅེས་རྒྱ་ནག་གཞུང་ལ་ནན་བརྗོད་ཀྱང་གནང་ཡོད་པ་རེད།

བོད་ཁུལ་གྱི་དགོན་པ་ཁག་ཡུལ་སྐོར་ལྟེ་གནས་སུ་སྒྱུར་བཞིན་པར་སེམས་འཚབ།

རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་གནས་སྡོད་བྱས་པའི་བོད་ཀྱི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་རང་ཉིད་སྒེར་གྱི་Twitter དྲ་གནས་སུ་གངས་རིན་པོ་ཆེ་དང་དེའི་དབུས་སུ་ཆགས་པའི་རྒྱང་གྲགས་དགོན་པའི་འདྲ་པར་ཁག་ཅིག་བཀོད་པ་དང་འབྲེལ།  ད་ཆ་རྒྱ་ནག་གཞུང་གིས་བོད་མིའི་སྲོལ་རྒྱུན་གྱི་རིག་གཞུང་ལ་རྡོག་རོལ་གྱིས་བོད་ཁུལ་གྱི་དགོན་སྡེ་ཁག་ཡུལ་སྐོར་ལྟེ་གནས་ཙམ་ཞིག་ལ་བསྒྱུར་བཞིན་ཡོད་སྐོར་བྲིས་འདུགདེའང་ཁོང་གིས་འདྲ་པར་དེ་དག་དང་ལྷན་འཕྲིན་ཐུང་ཞིག་སྤེལ་བའི་ནང་དུ། བོད་མིའི་སྲོལ་རྒྱུན་ལྟར་ན། གངས་རིན་པོ་ཆེར་སྐོར་བ་ ༡༣ བརྒྱབ་རྗེས་གཞི་ནས་ནང་སྐོར་དུ་ཕེབས་སྲོལ་ཡོད་པ་ལྟར།   གཞི་ནས་ཁུལ་དེར་རྟེན་གཞི་བྱས་པའི་གནའ་བོའི་རི་གྲོང་སྟེ་ལྷིང་འཇགས་ཀྱི་རྒྱང་གྲགས་དགོན་པ་མཇལ་སྲོལ་ཡོད་ཀྱང་།  ད་ཆ་གངས་རིན་པོ་ཆེའི་འདབས་སུ་བོད་ཀྱིིིི་རིག་གཞུང་དང་ལམ་སྲོལ་ལ་མ་བལྟས་པར་རྒྱ་རིགས་ཡུལ་སྐོར་སྤྲོད་འཆམ་པ་མང་པོས་ལྟ་སྐོར་གྱི་འཛིན་བྱང་ཉོས་རྗེས་གང་འདོད་དུ་སྤྲོ་འཆམ་ལ་འགྲོ་བཞིན་མ་ཟད།  རྒྱང་གྲགས་དགོན་པ་ནི་ཡུལ་སྐོར་བ་རྣམས་ཀྱིས་རྒྱང་ལྟ་བྱེད་སའི་གར་སྟེགས་ལྟ་བུ་ཞིག་ཏུ་སྒྱུར་ཡོད་པ་གསུངས་འདུག མ་ཟད་ཁོང་གིས་འདྲ་པར་དང་བཅས། དགོན་གྲོང་གི་འབྲེལ་ཡོད་ལས་བྱེད་ཀྱི་སྣེ་ལེན་འོག  དགོན་པའི་ཐོག་ཁར་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་ལ་དགའ་ཞེན་མཚོན་ཆེད་དུ། རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་བྱས་ཡོད་པ་མཐོང་རྒྱུ་ཡོད་སྐོར་གསུངས་འདུགརྩ་བའི་རྒྱ་ནག་གིས་བོད་མིའི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་སྲོལ་རྒྱུན་གྱི་རིག་གནས་ལ་སྣང་མེད་བྱེད་བཞིན་པའི་ཐད་ནས་བོད་ཕྱི་ནང་གཉིས་ནས་སེམས་འཚབ་བྱེད་མཁན་ཡོང་གི་ཡོད་པ་དང་། དེའང་སྔོན་ཆད་བོད་གསེར་རྟ་བླ་རུང་སྒར་གྱི་དུར་ཁྲོད་དུ་རྒྱ་མིའི་ཡུལ་སྐོར་བ་བརྒྱ་ཁྲག་བརྒལ་བས་བོད་མིའི་སྲོལ་རྒྱུན་བྱ་གཏོར་གྱི་ལམ་ལུགས་ལ་ལྟད་མོ་ལྟ་བཞིན་པའི་འདྲ་པར་ཁྱབ་སྤེལ་བྱེད་བཞིན་པ་དང་འབྲེལ་ནས།  བོད་ཀྱི་ལོ་རྒྱུས་སྨྲ་བ་ཚེ་རིང་ཤཱཀྱ་ལགས་ནས་བོད་མིའི་ཐུན་མོང་མ་ཡིན་པའི་ལམ་ལུགས་དེ་ཡུལ་སྐོར་བའི་སྣང་བ་སྤྲོ་སྐྱིད་ཀྱི་ལྟད་མོ་ལྟ་སའི་ཚོང་གི་ལྟེ་གནས་ལྟ་བུར་འགྱུར་བཞིན་པར་སྐྱོན་བརྗོད་གནང་བ་ཡོད་པ་དང་། དེ་བཞིན་རྩོམ་པ་པོ་ཚེ་རིང་འོད་སེར་ལགས་ཀྱིས་ཀྱང་གསེར་རྟའི་དུར་ཁྲོད་དེར་སྐྱེ་བ་མི་རྟག་པ་མཚོན་ཆེད་ཀྱི་འཛུགས་སྐྲུན་རྒྱ་ཆེར་བྱས་ཏེ་ད་ཆ་དུར་ཁྲོད་དེ་གློག་བརྙན་ལྟ་བུ་ཞིག་ཏུ་བསྒྱུར་བ་མ་ཟད་ཁ་ཁུ་སིམ་པའི་དགོན་གྲོང་གི་འཚོ་བ་དེ་རྔོན་པའི་དམིགས་འབེན་དུ་ལྷུང་འདུག་ཅེས་སྐྱོན་བརྗོད་གནང་ཡོད་པ་རེད།ད་དུང་རྒྱ་ནག་གི་ཡུལ་སྐོར་བ་མང་པོ་གང་འདོད་དུ་བོད་ཁུལ་གྱི་གནའ་བོའི་དགོན་གྲོང་དུ་འཆམ་ཉུལ་གྱིས། བོད་མི་རྣམས་ཀྱི་ཆོག་མཆན་ཡོད་མེད་ལ་མ་ལྟོས་པར་པར་དང་བརྙན་བླངས་ནས་དྲ་ལམ་དུ་འཇོག་བཞིན་ཡོད་པ་མང་པོ་མཐོང་རྒྱུ་ཡོད་པ་མ་ཟད།  ཐ་ན་བདག་ཅག་གི་སྟོན་པ་རིན་པོ་ཆེ་ཡི་སྐུ་འདྲའི་སྟེང་དུ་འཛེགས་ནས་པར་བརྒྱབ་སྟེ་དྲ་ལམ་དུ་བཀོད་པ་སོགས་ཀྱི་གནད་དོན་ཡང་དྲ་ལམ་དུ་ཐོན་ཏེ་བོད་མིའི་སྤྱི་ཚོགས་ཀྱི་ཁྲོད་གླེང་སློང་མང་པོ་བྱུང་ཡོད་པ་མ་ཟད། སྔར་ལོ་འདི་ག་རླུང་འཕྲིན་ཁང་ལ་བོད་ནང་གི་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པའི་ནང་དུ། མཚོ་སྔོན་ཞིང་ཆེན། མཚོ་སྔོན་པོའི་གཡས་གཡོན་དང་། དམིགས་བསལ་དུ་བྲག་དཀར་རྫོང་ཁོངས་སུ་རྒྱ་ནག་གིས་བཙན་བཀའ་བཏང་ནས། ལམ་འགྲམ་གྱི་མ་ཎི་དར་ལྕོག་དང་རྡོ་འབུམ།  དེ་བཞིན་མཆོད་རྟེན་སོགས་ཁོར་ཡུག་འབག་བཙོག་བཟོ་བྱེད་ཡིན་པར་བསྙད་ནས་གཙང་བཟོ་བྱེད་དགོས་བའི་བཀའ་བཏང་སྟེ་ཡོད་ཚད་གཙང་བཟོ་བྱས་ཟིན་པའི་གནས་ཚུལ་ཡང་ར་སྤྲོད་བྱུང་ཡོད།

Latest news