Tibetan Royal Year of 2151 | Year of the Wood Dragon

བོད།

སྐད་འཕྲིན་བརྒྱུད་བོད་དོན་དང་འབྲེལ་བའི་པར་རིས་བརྒྱུད་སྤེལ་གནང་རྐྱེན་བོད་མི་ཞིག་འཛིན་བཟུང་།

བོད་ཆབ་མདོ་ས་ཁུལ་ཁྱུང་པོ་སྟེང་ཆེན་རྫོང་སེར་རྩ་གྲོང་སྡེའི་ཁུ་རྒྱུད་གྲོང་ཚོ་ནས་ཡིན་ཞིང་རང་ལོ་ ༢༦ ཡིན་པ་པདྨ་བསམ་གྲུབ་ལགས་འདི་ལོའི་གསུམ་བཅུ་དུས་དྲན་གྱི་ཉིན་གཅིག་སྔ་རོལ་ཕྱི་ཟླ་ ༣ པའི་ཚེས་ ༩ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཟ་ཁང་ཞིག་ནང་ཕྱག་ལས་གནང་བཞིན་སྐབས་སུ་རྒྱའི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། དེ་རྗེས་ལྷ་ས་ནས་རྒྱང་ཐག་སྤྱི་ལེ་ ༤༨༠ སར་ཡོད་པའི་ཆབ་མདོ་ས་ཁུལ་གྱི་མི་མང་བདེ་འཇགས་ལྷན་ཁང་ལ་རྩིས་སྤྲོད་ཀྱིས་ད་ལྟའི་ཆར་ཁོང་གར་ཡོད་ཀྱི་གནས་ཚུལ་ངེས་གཏན་ཞིག་ཤེས་རྟོགས་མེད་པར་གྱུར་འདུག བཙན་བྱོལ་དུ་ཡོད་པའི་པདྨ་བསམ་གྲུབ་ལགས་ཀྱི་ཉེ་འབྲེལ་ཞིག་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་འགྲེལ་བརྗོད་གནང་བར་གཞིགས་ན་པདྨ་བསམ་གྲུབ་ལགས་ཀྱིས་བོད་དོན་དང་འབྲེལ་བའི་པར་རིས་ཁག་གཅིག་སྐད་འཕྲིན་བརྒྱུད་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པར་ཚོད་དཔག་གནང་བཞིན་པ་དང་། ཁོང་གི་ཁྱིམ་མི་སུ་ལའང་ཁོང་འཛིན་བཟུང་བྱས་པའི་བརྡ་ཐོ་སོགས་གང་ཡང་བཏང་འབྱོར་བྱུང་མེད་པ་མ་ཟད། ད་བར་ནང་མིར་ཐུག་འཕྲད་བྱེད་བཅུག་མེད་པ་དང་ལྷག་དོན་ཁོང་གི་གཅེན་པོོ་དཀོན་མཆོག་ཚེ་རྒྱལ་ལགས་ཐེན་ཆེན་རྫོང་ཉེན་རྟོག་པས་གནད་དོན་དེ་འབྲེལ་ཐོག་འདྲི་རྩད་ཀྱིས་ཐེངས་གཉིས་སྐད་བཏང་ཡོད་པ་དང་པདྨ་བསམ་གྲུབ་ལགས་ཀྱི་ཡབ་ཁོང་དང་ཐུག་འཕྲད་ཆེད་ལྷ་སར་ཆེད་བསྐྱོད་གནང་ཀྱང་རྩད་གཅོད་ཐུབ་མི་འདུག ཁོང་གི་ནང་མི་རྣམས་ཀྱིས་པདྨ་བསམ་གྲུབ་ལགས་ད་ཆ་ཆབ་མོད་བཀག་ཉར་ཁང་དུ་རྡུང་སྦྱོང་མནར་གཅོད་ཚད་མེད་འོག་ཚེ་སྲོག་ཤོར་བའི་ཉེན་ཁ་ཡོད་པའི་དངངས་སྐྲག་གནང་བཞིན་པ་དང་། གནས་ཚུལ་མཁོ་སྤྲོད་པས་ཆབ་མདོ་ཁུལ་གྱི་བཀག་ཉར་ཁང་རྣམས་རྒྱུན་ལྡན་ནས་ཆབ་སྲིད་བཙོན་པའི་ཐོག་ལ་སྡུག་རྩུབ་ཅན་གྱི་ཐབས་ལམ་འདྲ་མིན་སྤྱོད་ཀྱི་ཡོད་པའི་ཐད་ལ་ཡོངས་གྲགས་ཁས་ལེན་ཡོད་པ་ཞིག་ཆགས་ཀྱི་ཡོད་སྟབས། ཁོང་གི་སྤུན་མཆེད་པདྨ་བསམ་གྲུབ་ལགས་ཆབ་མདོ་ས་ཁུལ་གྱི་བཀག་ཉར་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་པའི་གནས་ཚུལ་དེ་ཐོས་མ་ཐག་སེམས་ནང་ཁོང་གི་ཚེ་སྲོག་ཐོག་ལ་དམིགས་བསལ་གྱི་ཞེད་སྣང་ཆེན་པོ་ཞིག་བྱུང་ཡོད་པ་གསུངས་འདུག གཞི་རྩའི་པདྨ་བསམ་གྲུབ་ལགས་སྔ་ལོ་ཕྱི་ཟླ་གསུམ་པའི་ནང་རྒྱ་གཞུང་གིས་དབྱེ་བའི་བོད་མཚོ་སྔོན་ཞིང་ཆེན་ནང་སྙན་གྲགས་ཡོད་པའི་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུ་གཙུག་ལག་སློབ་གྲྭ་ནས་སློབ་མཐར་སོན་རྗེས་རང་ཉིད་ཀྱི་ཕ་ཡུལ་སྟེང་ཆེན་རྫོང་ནང་ཕྱག་ལས་འཚོལ་ཆེད་ཕེབས་ཡོད་ཀྱང་ཁུལ་དེར་གཏན་འཇགས་ལས་ཀ་མ་རག་པར་ལྷ་སར་བསྐྱོད་དགོས་བྱུང་འདུག ཁོང་རག་ཤི་ཚང་གི་བུ་སྤུན་བཞྀ་ཡོད་པ་ལས་ཁོང་གི་སྤུན་ཆུང་ཤོས་དེ་ཡིན་པ་རེད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཕེལ་རྒྱས་ལྟེ་གནས་ཁང་གིས་ཁོང་གི་གནས་སྟངས་ལ་ཐུགས་འཚབ་དང་འབྲེལ་ཏེ་རྒྱ་ནག་གཞུང་ནས་པདྨ་བསམ་གྲུབ་ལགས་སུ་མནར་གཅོད་གཏོང་མཚམས་འཇོག་དགོས་པ་དང་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་གློད་བཀྲོལ་དགོས་པ་དང། ལྷག་པར་ཁོང་གི་ལུས་སེམས་ཀྱི་བདེ་ཐང་ཐོག་ལ་ངེས་པར་དུ་འགན་ལེན་དང་སྲུང་སྐྱོབ་བྱས་ཏེ་ཁོང་རང་ཉིད་ཀྱི་ནང་མི་དང་ཐུག་འཕྲད་བྱེད་བཅུག་དགོས་པའི་དགོས་འདུན་བཏོན་འདུག དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཁ་སང་འབྲེལ་ཡོད་གནས་ཚུལ་གཞན་ཞིག་སྤེལ་བའི་ནང་གསལ་ལྟར་ན་རྒྱ་གཞུང་གིས་དེ་སྔོན་འཛིན་བཟུང་བྱས་པའི་རྔ་བ་ཀིརྟི་དགོན་གྱི་གྲྭ་བསོད་ནམས་དཔལ་ལྡན་ལགས་མུ་མཐུད་བཀར་ཉར་གྱིས་ནང་མིར་ཐུག་འཕྲད་བྱེད་མ་བཅུག་པར་ཁོང་གི་ལུས་སེམས་ཀྱི་འཕྲོད་བསྟེན་བདེ་ཐང་ཐད་སེམས་འཚབ་ཆེན་པོ་གནང་བཞིན་ཡོད་པ་ཆེད་བཏོན་གནང་འདུག རྩ་བའི་རང་ལོ་ ༢༢ ཡིན་པ་གྲྭ་བསོད་ནམས་དཔལ་ལྡན་ལགས་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༩ ཉིན་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་སྐབས་དེར་ཁོང་ས་གནས་གང་དུ་བཙོན་འཇུག་བཀག་བསྐྱིལ་བྱས་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད། ཡུལ་མི་རྣམས་ཀྱིས་ཁོང་ཅིའི་ཕྱིར་འཛིན་བཟུང་བྱས་ཡོད་པའི་ཐོག་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱུང་མེད་ནའང་། གྲྭ་བསོད་ནམས་དཔལ་ལྡན་ལགས་ངོ་ཤེས་མཁན་ཕ་ཡུལ་གྱི་མི་ཞིག་གིས་གསུངས་པར་ཁོང་གིས་སྐད་འཕྲིན་རྒྱབ་ངོས་སུ་བོད་ཀྱི་སྐད་ཡིག་གི་ཉམ་ང་བའི་གནས་སྟངས་སོགས་ཀྱི་རྩོམ་ཐུང་རེ་བྲིས་ནས་བཞག་ཡོད་པའི་རྐྱེན་གྱིས་འཛིན་བཟུང་བྱས་པ་ཞིག་ཡིན་སྲིད་པར་ཚོད་དཔག་གནང་ཡོད་པ་རེད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་ལ་ཉེ་ཆར་གྲྭ་བསོད་ནམས་ལགས་ཀྱི་གནས་ཚུལ་གསར་པ་ཤེས་རྟོགས་བྱུང་བའི་ནང་དུ་གྲྭ་བསོད་ནམས་ལགས་ཕྱི་ཟླ་ ༩ ཚེས་ ༡༩ ཉིན་གྱི་ཕྱི་དྲོ་རྔ་བ་རྫོང་ཐོག་གི་སྐུ་གཟུགས་འཁྲུས་ས་ཞིག་གི་ཕྱི་ལོགས་ནས་ཐོན་སྐབས་སྤྱི་བདེ་མི་སྣས་བཙན་ཁྲིད་ཀྱིས་རྔ་བ་རྫོང་སྤྱི་བདེ་ལས་ཁུངས་ཀྱི་བཀག་ཉར་ཁང་དུ་བཀག་བསྐྱིལ་བྱས་ཡོད་པ་དང་ཉེ་ཆར་ཟླ་བ་སྔོན་མའི་ཚེས་ ༡༡ ཉིན་ཁོང་གི་ནང་མི་ཚོ་སྔ་རྗེས་ཐེངས་གཉིས་ལ་ཐུག་འཕྲད་དུ་བཅར་ཡང་ཐུག་འཕྲད་བྱེད་དུ་བཅུག་མེད་པར་མ་ཟད། ནང་མི་ཚོར་ཁོང་ལ་དངུལ་སྤྲད་པ་ལས་ཟ་མ་དང་གོས་སོགས་གང་ཡང་སྤྲད་མི་ཆོག་པར་བཤད་འདུག ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་གིས་བོད་མི་ཚོའི་ཐོག་མནར་གཅོད་ཇི་འདྲ་གཏོང་མིན་ཐད་ཉམས་ཞིབ་གནང་སྐབས་ཁོང་རྣམས་ལ་སྡུག་སྦྱོང་མནར་གཅོད་མང་ཤོས་དེ་བཀག་ཉར་ཁང་ནང་ཡོད་སྐབས་མྱོང་གི་ཡོད་པ་ར་འཕྲོད་བྱུང་སྐོར་གསུངས་པ་དང་། གྲྭ་བསོད་ནམས་ལགས་ནང་མིར་ཐུག་འཕྲད་བྱེད་དུ་མ་བཅུག་པར་དུས་ཡུན་རིང་པོར་བཀག་ཉར་གྱིས་གསང་བའི་ཐོག་ནས་བཞག་པར་བློ་འཚབས་ཆེན་པོ་ཡོད་ཅེས་གསུངས་སོང་། རྩ་བའི་གྲྭ་བསོད་ནམས་དཔལ་ལྡན་ལགས་ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་གནང་བ་དང་། ཕ་ཡུལ་རྔ་པ་རྫོང་གཅའ་ཡུལ་ཚོ་ནག་ཚང་མའི་སྡེ་བ་ནས་ཡིན་པ་རེད།    

རྒྱ་ནག་གིས་བོད་ཁུལ་དུ་ཨ་རིའི་ Yellowstone ལྟ་བུའི་སྤྱི་གླིང་འཛུགས་འཆར།

དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པར་རྨ་འབྲུ་རྫ་གསུམ་གྱི་འགོ་ཁུངས་སྲུང་སྐྱོབ་ཅེས་པའི་ལས་གཞིའི་འོག་རྒྱ་ནག་གིས་རྒྱལ་ཚོགས་ཀྱི་ཆོག་མཆན་ཐོབ་ཐབས་བྱས་ཏེ་བོད་མཐོ་སྒང་དང་དམིགས་བསལ་གྱི་མཚོ་སྔོན་གྱི་ཁུལ་དུ་འབྲོག་པ་མང་པོ་བཙན་ཤེད་ཀྱིས་གནས་སྤོར་བྱེད་དུ་བཅུག་ནས་མཐོ་སྒང་གི་ས་ཆ་མང་པོ་ཞིག་ཡུལ་སྐོར་སྤྲོ་འཆམ་པའི་དམིགས་འབེན་ལྟ་བུའི་རྒྱལ་ཁབ་རིམ་པའི་སྤྱི་གླིང་དུ་བསྒྱུར་ནས་ཁུལ་དེ་ནས་ཡོང་འབབ་ཆེན་པོ་ཐོབ་ཆེད་འཛུགས་སྐྲུན་འདྲ་མིན་བྱེད་ཀྱི་ཡོད་པ་འཁོད་འདུག དེ་ཡང་ AP གསར་ཁང་གིས་སྤེལ་བར་འདི་ལོའི་ཕྱི་ཟླ་ ༨ པའི་ནང་མཚོ་སྔོན་ཞིང་ཆེན་ཟི་ལིང་ཁུལ་དུ་རྒྱ་ནག་དང་ཨ་མི་རི་ཀ་སོགས་ཀྱི་ཚན་རིག་པ་དང་འབྲེལ་ཡོད་ཆེད་མཁས་མི་སྣ་ཁག་གཅིག་ལྷན་འཛོམས་ཀྱིས་རྒྱ་ནག་ནང་རྒྱལ་ཁབ་རིམ་པའི་སྤྱི་གླིང་ཁག་གཅིག་འཛུགས་སྐྲུན་བྱ་རྒྱུའི་ཐོག་གོ་བསྡུར་གནང་བ་ལྟར་ལས་གཞིའི་དེ་ཐོག་མར་བོད་མཐོ་སྒང་རྨ་འབྲི་རྫ་གསུམ་གྱི་འགོ་ཁུངས་སུ་འཛམ་གླིང་གི་རྒྱ་ཁྱོན་ཆེ་ཤོས་དང་ས་བབ་མཐོ་ཤོས་ཀྱི་སྤྱི་གླིང་འཛུགས་སྐྲུན་བྱ་རྒྱུར་གཏན་འབེབས་བྱུང་བ་བཞིན་ཨ་མི་རི་ཀའི་ནང་གི་ Yellowstone ཞེས་པའི་རྒྱལ་ཁབ་རིམ་པའི་སྤྱི་གླིང་གྲགས་ཅན་དེ་ལས་གཞི་དེའི་དཔེ་རིས་ལྟ་བུར་བཞག་ཡོད་པ་བཀོད་འདུག མུ་ཁྱུད་རི་བོས་ཡོངས་སུ་སྐོར་བའི་འཛམ་གླིང་གི་ཡང་རྩེ་ཞེས་པའི་བོད་མཐོ་སྒང་དེ་སྔོན་ཆད་རླུང་རྟ་དང་དང་མེ་ཏོག་གི་ཕྲེང་བས་བརྒྱན་ནས་ཡོད་ཀྱང་ད་ཆ་རི་ཚོགས་དག་རྒྱ་ནག་གིས་འཛུགས་སྐྲུན་གྱི་ལས་གཞི་སྣ་མང་གི་འོག་ཏུ་ཚུད་ཡོད་པ་མ་ཟད་ཟམ་མ་ཆད་ཅིང་བརྩེགས་རིམ་མང་པོའི་མེ་འཁོར་ལྕགས་ལམ་གྱི་བཙན་རྫོང་ལྟ་བུ་ཞིག་ཏུ་བསྒྱུར་བཞིན་ཡོད་པར་ཐེར་འདོན་གནང་འདུག  གསར་ཁང་གིས་ད་དུང་ཨ་རིའི་ངོས་ནས་དུས་རབས་བཅུ་དགུ་བའི་ནང་དུ་ Yellowstone ཞེས་པའི་རྒྱལ་ཁབ་རིམ་པའི་སྤྱི་གླིང་དང་པོ་དེ་འཛུགས་སྐྲུན་བྱས་པའི་ཁྲོད་དུ་ས་གནས་དེར་འཚོ་སྡོད་བྱེད་བཞིན་པའི་མི་མང་པོ་ཞིག་སྤྱི་གླིང་གི་ཕྱིར་ཕུད་ཡོད་ཀྱང་། དུས་རབས་ཉེར་གཅིག་གི་ནང་དུ་སྤྱི་གླིང་གསར་རྒྱག་བྱེད་མཁན་རྣམས་ཀྱིས་ངེས་པར་དུ་ཁུལ་དེའི་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་མི་རྣམས་ལས་གཞིའི་ནང་དུ་འཇུག་དགོས་གལ་ཡིན་པར་བརྗོད་དེ་ཐེངས་འདིའི་རྒྱ་ནག་གི་ Yellowstone ལྟ་བུའི་སྤྱི་གླིང་འཛུགས་སྐྲུན་གྱི་ས་ཁུལ་དུ་ཁྱོན་མི་གྲངས་ ༡༢༨༠༠༠ ཡོད་པར་བརྗོད་ཡོད་པ་ལས་མི་གྲངས་མང་ཤོས་དེ་བོད་ཀྱི་ས་གནས་ཞིང་འབྲོག་མང་ཚོགས་ཡིན་པར་འཁོད་འདུག རྩ་བའི་རྒྱ་ནག་གཞུང་གིས་རང་བྱུང་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་རྣམས་སྲུང་སྐྱོབ་ཀྱི་ཆེད་དུ་བོད་ཁུལ་གྱི་རྨ་འབྲུ་རྫ་གསུམ་གྱི་འགོ་ཁུངས་དེ་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་ཡོད་པའི་སྤྱི་གླིང་དུ་བསྒྱུར་བཞིན་ཡོད་པར་བརྗོད་དེ་འཛུགས་སྐྲུན་གྱི་ལས་གཞི་དེ་དག་ནི་བོད་ཁུལ་གྱི་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་ཞིག་ཡིན་པར་ཕྱིར་བསྒྲགས་བྱས་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་ཁུལ་གྱི་འཛུགས་སྐྲུན་ལས་གཞིའི་ཉམས་ཞིབ་པ་འབུམ་རམས་པ་རིག་འཛིན་རྡོ་རྗེ་ལགས་སུ་རྒྱ་ནག་གི་སྤྱི་གླིང་གསར་འཛུགས་ཀྱི་ལས་གཞི་དང་འབྲེལ་ཏེ་ ཁོར་ཡུག་གཏོར་བཅོམ་དང་ཡུལ་མི་གནས་སྤོར། རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ཁོར་གྱི་གནད་དོན་སོགས་ཀྱི་ཐད་ལ་བཅར་འདྲི་ཞུས་པར་ཁོང་གིས་རྒྱ་ནག་གི་ཐབས་བརྒྱ་བྱུས་སྟོང་གིས་བོད་ཁུལ་གྱི་སྤྱི་གླིང་གསར་འཛུགས་ཀྱི་ལས་གཞི་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་རིམ་པར་ཐོ་འགོད་ཐུབ་པ་བྱས་ནས་ས་ཆའི་བདག་དབང་དེ་རྒྱ་ནག་ལ་ཡོད་པར་སྟོན་ཐབས་བྱེད་ཀྱི་ཡོད་པ་ངོ་སྤྲོད་ཞུས་སོང་།  

སྐད་འཕྲིན་བརྒྱུད་བོད་པའི་ཕྱག་དེབ་བརྒྱུད་སྤེལ་གནང་རྐྱེན་བོད་མི་ཞིག་འཛིན་བཟུང་།

སྐད་འཕྲིན་བརྒྱུད་༸གོང་ས་མཆོག་གི་ཕྱག་དེབ་དང་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གིས་བརྩམས་པའི་ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བའི་ཕྱག་དེབ་བརྒྱུད་སྤེལ་གནང་རྐྱེན་བོད་མི་ཞིག་འཛིན་བཟུང་བྱས་འདུག དེའང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཕེལ་རྒྱས་ལྟེ་གནས་ཁང་གིས་དེ་རིང་གནས་ཚུལ་སྤེལ་བའི་ནང་གསལ་ལྟར་ན། བོད་གཞིས་ཀ་རྩེ་ནས་ཡིན་པའི་རང་ལོ་ ༤༥ ཡིན་པ་སྐུ་ཞབས་དབང་ཕྱུག་ལགས་འདི་ལོའི་ཕྱི་ཟླ་ ༣ པའི་ནང་བོད་ཀྱི་རྒྱལ་ས་ལྷ་ས་རང་གནས་སུ་ཕྱིར་ལོག་གནང་སྐབས་རྒྱའི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་གར་ཡོད་ཀྱི་གནས་ཚུལ་ངེས་གཏན་ཞིག་ཤེས་རྟོགས་མེད་ཀྱང་། འབྲེལ་ཡོད་ཁག་གཅིག་གིས་ཁོང་གཞིས་ཀ་རྩེའི་ཉ་རི་བཙོན་ཁང་ནང་བཙོན་འཇུག་བྱས་ཡོད་པར་ཚོད་དཔག་གནང་བཞིན་ཡོད་པ་གསུངས་འདུག གནས་ཚུལ་ཡོང་ཁུངས་ཁག་གཅིག་གིས་ལྟེ་གནས་ཁང་ལ་འགྲེལ་བརྗོད་གནང་བར་སྐུ་ཞབས་དབང་ཕྱུག་ལགས་ཀྱིས་བོད་ཕྱི་ཕྱོགས་སུ་ཡོད་པའི་རང་ཉིད་ཀྱི་གྲོགས་པོ་ཁག་གཅིག་བརྒྱུད་ནས་ཀ་ལིང་པོང་གི་ཐུག་ལ་ལས་བཟོ་བ་ཞེས་པའི་ཕྱག་དེབ་དང་ལྷག་པར་དུ་༸གོང་ས་མཆོག་གི་ཆོས་འབྲེལ་གྱི་ཕྱག་དེབ་ཁག་གཅིག་སྐད་འཕྲིན་བརྒྱུད་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་པ་ཞིག་ཡིན་པ་དང། ཁོང་གི་ཁྱིམ་མི་སུའང་ཁོང་འཛིན་བཟུང་བྱས་པའི་གནད་དོན་དང་ནག་ཉེས་ག་རེ་བཙུགས་མིན་སོགས་ཀྱི་གནས་ཚུལ་གང་ཡང་བརྗོད་མེད་པ་མ་ཟད་ད་ལྟའི་ཆར་ཁོང་གི་ནང་མི་རྣམས་ཀྱི་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་ལ་དམ་དྲག་ཤུགས་ཆེ་བྱས་ཏེ་དཀའ་སྡུག་ཚད་མེད་གཏོང་བཞིན་པ་རེད་འདུག ཁོང་གི་ནང་མི་རྣམས་ཀྱི་རྒན་ཕོག་དང་ཐོབ་ཐང་སོགས་མེད་པ་བཟོས་པ་མ་ཟད། ས་གནས་གཞུང་གི་བཀའ་འཁྲོལ་མེད་པར་ཕྱི་སྐྱོད་མི་ཆོག་པ་དང་རྟག་ཏུ་ལྟ་སྲུང་ནན་པོ་བྱེད་བཞིན་ཡོད་པ་རེད་འདུག རྩ་བའི་དབང་ཕྱུག་ལགས་ནི་ཕ་མ་གཉིས་དང་བུ་ཕྲུག་ལྔ་སོགས་ནང་མི་ཡོངས་ཀྱི་འཚོ་རྟེན་གཙོ་བོ་དེ་ཆགས་ཀྱི་ཡོད་པ་དང་ཁོང་འཛིན་བཟུང་བྱས་པ་དེས་ཁོང་གི་ནང་མི་ཡོངས་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་པ་རེད་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཕེལ་རྒྱས་ལྟེ་གནས་ཁང་གིས་ཁོང་གི་གནས་སྟངས་ལ་ཐུགས་འཚབ་དང་འབྲེལ་ཏེ་ཁོང་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་གློད་བཀྲོལ་དགོས་པ་དང། ལྷག་པར་ཁོང་གི་ནང་མི་རྣམས་ལ་སུན་གཙེར་བཟོ་བའི་ལས་དོན་མཐའ་ དག་མཚམས་འཇོག་དང་འབྲེལ་ཁོང་རྣམ་པའི་ཐོབ་ཐང་ཁག་སླར་གསོ་དགོས་པའི་དགོས་འདུན་བཏོན་འདུག

ནག་ཆུ་རྟར་ཆེན་གྲོང་ནས་བོད་མི་ཞིག་འཛིན་བཟུང་བཙན་ཁྲིད།

ཉེ་ལམ་ཕྱི་ཟླ་ ༡༠ ནང་དུ་བོད་ཁམས་ཤག་རོང་པོ་རྟར་ཆེན་ཡུལ་ཚོ་ནས་ཡིན་པའི་བོད་མི་ལྷ་དར་ཞུ་བ་ཞིག་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་གར་ཡོད་ཤེས་རྟོགས་མེད་པར་གྱུར་ཡོད་པ་དང་། ཁོང་འཛིན་བཟུང་བྱས་དོན་གཙོ་བོ་ནི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་འཛུགས་འོག་ཡིན་པར་ཚོད་དཔག་གནང་བཞིན་འདུག མཚན་གསུང་འདོད་མེད་པའི་འབྲེལ་ཡོད་བོད་མི་ཞིག་གིས་འགྲེལ་བརྗོད་གནང་བར་རང་ལོ་ ༣༦ ཙམ་ལ་ཕེབས་པའི་ལྷ་དར་ལགས་ནི་རྒྱུན་དུ་རྒྱ་གཞུང་གི་ཆབ་སྲིད་སློབ་གསོའི་ལས་དོན་དང་བོད་མིའི་འགྲོ་སྐྱོད་ཐོག་ལ་སུན་གཙེར་བཟོས་པ་སོགས་ལ་མི་དགའ་བའི་རྣམ་འགྱུར་བསྟན་མཁན་དང་༸གོང་ས་མཆོག་གི་གསེར་གཞལ་མཇལ་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་པ་མངོན་གསལ་དོད་པོ་གནང་མཁན་ཞིག་ཡིན་པ་སོགས་ལ་བརྟེན་ནས་སྲིད་གཞུང་མི་སྣས་དམིགས་བཀར་གྱིས་རྗེས་འདེད་བྱ་ཡུལ་ཞིག་དང་། ལྷག་པར་ཕྱི་ལོ་༢༠༡༣ ལོར་ཤག་རོང་པོ་དགོན་པར་རྒྱ་ནག་གཞུང་གི་དམ་དྲག་འོག་དགོན་པར་ཆོས་ལུགས་བྱེད་སྒོ་སྤེལ་མཚམས་བཞག་ནས་སྒོ་རྒྱབ་སྐབས་སྲིད་གཞུང་གི་མི་སྣ་དང་རྩོད་གཞི་བྱུང་བའི་ཡུལ་མི་མང་དག་ཅིག་དང་མཉམ་དུ་ཁོང་ཡང་བཀག་ཉར་དང་རྡུང་འདེག་བྱས་ཏེ་རྗེས་སུ་ཀློད་བཀྲོལ་བཏང་ཡོད་ཀྱང་དེ་ནས་བཟུང་ཡར་མར་འགྲོ་སྐྱོད་ལ་དཀའ་ངལ་བཟོ་བཞིན་ཡོད་པའི་ནང་གི་མི་སྣ་གཅིག་ཡིན་པ་རེད་འདུག འདི་ལོའི་ཕྱི་ཟླ་དགུ་པའི་ནང་སྲིད་གཞུང་ནས་ཁ་པར་བཏང་ནས་ཁོང་གང་སར་འགྲོ་སྐྱོད་མི་ཆོག་པའི་ཉེན་བརྡ་བཏང་བ་མ་ཟད་ཉེ་ལམ་ཕྱི་ཟླ་ ༡༠ ཚེས་ ༨ ནས་ ༩ ཡས་མས་ལ་གློ་བུར་འཛིན་བཟུང་གིས་ད་ལྟའི་ཆར་ཤེས་རྟོགས་མེད་པར་གྱུར་འདུག ས་གནས་སུ་དྲྭ་རྒྱ་བཀག་སྡོམ་སོགས་ཀྱི་གནས་སྟངས་རྐྱེན་པས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཡོང་རྒྱུར་ཧ་ཅང་ཁག་པོ་ཡོད་པ་དང་སྤྱིར་ས་གནས་སུ་རྒྱ་ནག་གི་རྒྱལ་སྟོན་ཉིན་མོའི་སྔ་རྗེས་སུ་གནས་ཚུལ་འདྲ་མིན་ལ་ཁ་གཡར་ནས་མི་མང་དག་ཅིག་འཛིན་བཟུང་བྱས་ཡོད་པ་རེད་འདུག

བལ་ཡུལ་དབུ་ཁྲིད་དང་ལྷན་བོད་མའི་གནད་དོན་གླེང་སློང་།

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ Sam Brownback མཆོག་དྷ་སར་ཆེད་ཕེབས་གནང་རྗེས་བལ་ཡུལ་དུ་ཕེབས་ཏེ་ཆོས་ལུགས་རང་དབང་གི་སྐོར་ལ་རྟོག་ཞིབ་གནང་བ་མ་ཟད་ཡུལ་དེའི་དབུ་ཁྲིད་དང་ལྷན་བོད་མིའི་གནད་དོན་སྐོར་ལ་བཀའ་མོལ་གནང་འདུག ཁ་སང་བལ་ཡུལ་གྱི་གསར་ཁང་གིས་གནས་ཚུལ་སྤེལ་བར་སྐུ་ཞབས་ Sam Brownback མཆོག་གིས་ཐེངས་འདིའི་འཚམས་གཟིགས་སྐབས་སུ་བལ་ཡུལ་ནང་ཡུལ་དེའི་ཆབ་སྲིད་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཁག་གཅིག་མཇལ་འཕྲད་གནང་བ་མ་ཟད་ཕྱི་ལོ་ ༢༠༡༥ ལོའི་ས་ཡོམ་སྐབས་ཞིག་རལ་དུ་གྱུར་བ་དང་ད་ཆ་ཨ་རིའི་གཞུང་ཚབ་ཀྱི་རོགས་རམ་མཐུན་འགྱུར་འོག་བསྐྱར་གསོ་གནང་བཞིན་པའི་ Krishna Temple ཞེས་པའི་ཧིཾ་དུའི་ལྷ་ཁང་ལ་གཟིགས་ཞིབ་གནང་འདུག སྐབས་དེར་གསར་ཁང་གིས་ད་ཆ་ཨ་རི་དང་རྒྱ་ནག་གཉིས་ཀྱི་དབར་འགལ་ཟླ་ཆེན་པོ་འགྲོ་བཞིན་པ་ཞིག་ཡིན་པར་བརྟེན། ཁོང་ཐེངས་འདིར་ཕྱོགས་སྐྱོད་དུ་ཕེབས་དོན་དེ་བལ་ཡུལ་ལས་ལྷག་པའི་བོད་མིའི་ཆེད་དུ་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར་ཁོང་གིས་བལ་ཡུལ་གྱི་ཆེད་དུ་ཡིན་ཀྱང་། བོད་མི་རྣམས་ནི་གནས་ཚུལ་དེ་དང་འབྲེལ་བ་ཆགས་ཡོད་པ་གསུངས་འདུག ཁོང་གིས་བལ་ཡུལ་ནི་ལོ་རྒྱུས་ཀྱི་ཐོག་ནས་བོད་མི་སྐྱབས་བཅོལ་བ་རྣམས་ཡར་འགྲོ་མར་ཡོང་གི་འགྲུལ་ལམ་ཞིག་ཆགས་ཡོད་པ་དང་དེ་སྔོན་བལ་ཡུལ་གཞུང་གིས་དེའི་ཐད་བོད་མི་རྣམས་ལ་མཐུན་འགྱུར་གང་ལེགས་ཞུས་ཡོད་ཀྱང་།  ད་ཆ་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་བོད་མིའི་འགྲུལ་བཞུད་ཐོག་དམ་དྲག་ཅུང་ཟད་ཆེ་བར་སོང་ཡོད་སྟབས་ཁོང་གིས་བལ་ཡུལ་གྱི་ཕྱི་འབྲེལ་བློན་ཆེན་དང་མཉམ་དུ་གནད་དོན་དེ་དང་གཞན་ཁག་གཅིག་གི་སྐོར་ལ་གླེང་མོལ་ཞུས་ཡོད་པ་བརྗོད་འདུག   དེ་བཞིན་ཁོང་གིས་སྐབས་དེར་ཨ་རིའི་རྒྱལ་ཁབ་ལ་མཚོན་ན་ཆོས་ལུགས་དད་མོས་ནི་ཚོར་བ་རྣོ་བའི་གནད་དོན་ཞིག་ཡིན་པ་ལྟར་ཨ་རིའི་ངོས་ནས་ཆོས་ལུགས་དད་མོས་གལ་ཆེན་ཞིག་ཏུ་བརྩིས་ནས་སྲུང་སྐྱོབ་བྱེད་ཀྱི་ཡོད་པར་བརྗོད་དེ་ཨ་རིའི་ལོ་རྒྱུས་ཀྱི་ཁྲོད་དུ་གྲངས་ཉུང་མི་རིགས་རྣམས་ལ་ངོས་འཛིན་བྱེད་སྟངས་ཀྱི་སྒང་ནས་ཡ་ང་བའི་གནས་ཚུལ་མང་པོ་ཡོད་པ་དང་། ཆོས་ལུགས་དད་མོས་ལ་སྲུང་སྐྱོབ་མ་བྱས་པ་ཡིན་ན་ཆོས་ལུགས་དབྱེ་འབྱེད་ནི་མི་མང་ཁོང་ཁྲོ་སློང་བྱེད་ཀྱི་རྒྱུ་གཙོ་བོ་ཞིག་ཡིན་པ་བརྗོད་དེ་ཨ་རིའི་ངོས་ནས་རྒྱལ་སྤྱིའི་རང་བཞིན་གྱི་ཆོས་ལུགས་དད་མོས་ཀྱི་མཐུན་ཕྱོགས་གསར་པ་ཞིག་སྐྲུན་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད་པ་བརྗོད་འདུག རྩ་བའི་ཟླ་འདིའི་ཟླ་འགོར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ Sam Brownback མཆོག་བཞུགས་སྒར་དུ་ཕེབས་ཏེ་༸གོང་ས་མཆོག་ལ་མཇལ་བཅར་ཞུས་ཡོད་པ་མ་ཟད་ཁོང་གིས་རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་གནང་ཡོད་པ་རེད། བོད་མི་རྣམས་ལ་སོ་སོའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་བདམ་རྒྱུའི་དབང་ཆ་ཚང་ཡོད་སྐོར་གསུངས་པ་མ་ཟད་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་བདག་དབང་དང་འབྲེལ་བའི་ཐག་གཅོད་ནི་བོད་བོད་མི་དང་བོད་བརྒྱུད་ནང་བསྟན་པ་རྣམས་ལ་ཡོད་པའི་གསུང་བཤད་གནང་ཡོད་པ་རེད།

ཁམས་དཀར་མཛེས་ཁུལ་དུ་གློག་ཁང་བདུན་ཅུ་ལྷག་འཛུགས་སྐྲུན་བྱེད་བཞིན་པར་སེམས་འཚབ།

རྒྱ་ནག་གིས་རྒྱལ་ཡོངས་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་གཞིའི་ཁྲོད་དུ་བོད་ཁམས་དཀར་མཛེས་ཀྱི་ཁུལ་དུ་ཆུ་ཤུགས་གློག་ཁང་བདུན་ཅུ་ལྷག་འཛུགས་སྐྲུན་གྱི་ལས་གཞི་སྤེལ་བཞིན་པ་དང་ལས་གཞི་དེའི་ཁྲོད་ས་གནས་བོད་མི་ཞིང་འབྲོག་གི་ཁྱིམ་ཚང་མང་དག་ཅིག་བཙན་དབང་གི་ཐོག་ནས་གནས་སྤོ་བྱེད་དགོས་ཀྱི་ཡོད་པ་ལྟར་བཞུགས་སྒར་དུ་རྟེན་གཞི་བྱས་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་མི་དེ་དག་གི་གནས་བབ་ཐད་སེམས་འཚབ་ཆེན་པོ་གནང་བཞིན་འདུག ལྟེ་གནས་ཁང་གི་ངོས་ནས་རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་གཅིག་ཏུ་ཐོན་པའི་གནས་ཚུལ་ལུང་འདྲེན་གནང་བ་ལྟར་ན་ཆུ་གློག་གསར་རྒྱག་གི་ལས་འཆར་དེ་དག་བོད་ནང་གི་ཡར་གླུང་གཙང་བོ་དང་འབྲི་ཆུ། དེ་བཞིན་རྒྱལ་མོ་རྔུལ་ཆུ་བཅས་ཀྱི་ཆུ་ཁར་རྒྱག་འགོ་བཙུགས་ཟིན་པ་མ་ཟད་ཆུ་གློག་གསར་རྒྱག་གི་ལས་གཞིའི་ཁྲོད་དུ་རྒྱ་སྒོར་ཐེར་འབུམ་དགུ་ལྷག་ཆེད་གཏོང་གིས་བོད་མི་ཞིང་འབྲོག་གི་ཁྱིམ་ཚང་མང་པོ་བཙན་དབང་གིས་དཀར་མཛེས་ཁུལ་གྱི་དར་རྩེ་མདོ་དང་ལྕགས་ཟམ་རྫོང་། དེ་རོང་གྲག་རྫོང་དང་བརྒྱད་ཟུར་རྫོང་བཅས་སུ་གནས་སྤོ་བྱེད་བཞིན་ཡོད་པ་རེད་འདུག གསར་འགོད་པས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་དབྱིན་ཡིག་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་སུ་བཀའ་འདྲི་ཞུས་པར་ཐེངས་འདིའི་ལས་གཞིའི་འོག་ནས་བོད་ཁྱིམ་ག་ཚོད་ཅིག་གནས་སྤོ་བྱས་ཡོད་མེད་དེ་གསལ་པོར་ཤེས་རྟོགས་མ་བྱུང་མེད་ཀྱང་། བོད་མི་རྣམས་བཙན་ཤེད་ཀྱིས་གནས་སྤོ་བྱེད་དུ་བཅུག་པ་དེས་ཞིང་འཕྲོག་མང་ཚོགས་གི་ལྷིང་འཇགས་ཀྱི་འཚོ་བ་ལ་རྡབ་གསིག་ཆེན་པོ་ཐེབས་ཡོད་པ་ངོ་སྤྲོད་གནང་སོང་། དེ་བཞིན་རྒྱ་ནག་གིས་གནས་ཚུལ་བཀོད་པའི་ནང་དུ་བོད་ཁུལ་དུ་ཆུ་གློག་འཛུགས་བསྐྲུན་བྱེད་བཞིན་པ་དེ་ཟི་ཁྲོན་ཞིང་ཆེན་གྱི་དབུལ་གཏོར་མཁྲེགས་གཏོད་ཀྱི་ཚོགས་པ་དང་། དེ་བཞིན་དཀར་མཛེས་ཁུལ་གྱི་དམར་ཤོག་ཚོགས་པའི་ལམ་སྟོན་གྱི་འོག་ནསབོད་ཁུལ་གྱི་ས་གནས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་ལ་དམིགས་པ་ཞིག་ཡིན་པར་འགྲེལ་བརྗོད་ཀྱིས་ལས་འཆར་དེ་དང་འབྲེལ་ནས་ཁུལ་དེའི་མྱུར་སྐྱོད་ཀྱི་གཞུང་ལམ་སྤྱི་ལེ་ ༢༣༠ ལྷག་ཀྱང་གསར་རྒྱག་བྱས་ཡོད་པ་བཀོད་ཡོད་པ་རེད། འོན་ཀྱང་ཟླ་བ་ལགས་ཀྱིས་ཆུ་གློག་འཛུགས་སྐྲུན་གྱི་ལས་གཞི་དེས་བོད་ཀྱི་རང་བྱུང་ཁོར་ཡུག་གཏོར་བཅོམ་བྱེད་ཀྱི་ཡོད་པ་མ་ཟད་འཛུགས་སྐྲུན་གྱི་ལས་གཞི་དེ་དག་རྒྱ་ནག་གི་གྲོང་ཁྱེར་ཁག་ལ་དམིགས་པ་ཞིག་ཡིན་པ་ལས་ས་གནས་ཀྱི་བོད་མིར་ཁེ་བཟང་གང་ཡང་མེད་སྐོར་གསུངས་སོང་། རྩ་བའི་བོད་དེ་ལྷོ་ཨེ་ཤ་ཡའི་རྒྱུག་ཆུ་མང་པོ་ཞིག་གི་འགོ་ཁུངས་ཆགས་ཡོད་སྟབས་རྒྱ་ནག་གིས་བོད་ནང་གི་རང་བྱུང་ཁོར་ཡུག་ལ་རྩ་གཏོར་གྱིས་ཆུ་མཛོད་དང་ཆུ་གློག་གསར་རྒྱག་གི་ལས་གཞི་རྒྱ་ཆེར་སྤེལ་གྱི་ཡོད་པ་མ་ཟད།  བོད་ཀྱི་རྨ་འབྲུ་རྫ་གསུམ་དེ་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཁྱམ་གྱི་སྤྱི་གླིང་ཞིག་ཏུ་བསྒྱུར་རྒྱུའི་ལས་འཆར་ཁྲོད་ཡུལ་ལུང་དེ་གར་གནས་པའི་བོད་མི་སྟོང་ཕྲག་མང་པོ་བཙན་དབང་གིས་གནས་སྤོར་བྱེད་དུ་འཇུག་བཞིན་ཡོད་པར་བརྟེན་བོད་མི་རྣམས་ཀྱིས་རང་གི་སྲོལ་རྒྱུན་གྱི་འཚོ་བའི་ལམ་ལུགས་ཡོངས་སུ་དོར་ནས་གྲོང་ཁྱེར་དུ་གནས་སྤོར་གྱིས་འཚོ་བ་གསར་བ་ཞིག་མདུན་དུ་བསུ་སྐབས་དཔལ་འབྱོར་ཐོན་སྐྱེད་དང་ཡུལ་གོམས་གཤིས་ལུགས་སོགས་ཕྱོགས་ཡོངས་ལ་ངལ་བ་ཆེནཔོ་འཕྲད་ཀྱི་ཡོད་པ་རེད།

༸སྐུའི་ཡང་སྲིད་ཀྱི་བདག་དབང་ཐོག་རྒྱ་གཞུང་ནས་བཀའ་འཁྲོལ་ཞུ་དགོས་པའི་སྐྱོན་བརྗོད།

ཉེ་ཆར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ Sam Brownback མཆོག་བཞུགས་སྒར་དྷ་རྨ་སཱ་ལཱར་ཕེབས་སྐབས་སུ་ཁོང་གིས་རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་བར་སྐྱོན་བརྗོད་གནང་བ་དང་། བོད་མི་རྣམས་ལ་སོ་སོའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་བདམ་དབང་ཆ་ཚང་ཡོད་པ་གསུངས་པ་མ་ཟད་༸རྒྱལ་བའི་༸སྐུའི་ཡང་སྲིད་ཀྱི་བདག་དབང་དང་འབྲེལ་ཐག་གཅོད་གནང་དབང་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་རྣམ་པ། དེ་བཞིན་བོད་མི་རྒྱ་ཆེ་མང་ཚོགས་བཅས་ལ་ཡོད་པ་ལས་གཞན་རྒྱལ་ཁབ་སུ་ལ་ཡང་ཐོབ་ཐང་མེད་པར་ནན་བརྗོད་གནང་ཡོད་པ་ལྟར། རྒྱ་ནག་གཞུང་གིས་སྐུ་ཞབས་ Brownback མཆོག་ལ་སྐྱོན་བརྗོད་དང་འབྲེལ་ཏེ་སླད་མར་༸རྒྱལ་བའི་༸སྐུའི་ཡང་སྲིད་ཀྱི་བདག་དབང་ཐོག་རྒྱ་གཞུང་ནས་བཀའ་འཁྲོལ་ངེས་པར་དུ་ཞུ་དགོས་ཞེས་སྐྱོན་བརྗོད་བསྐྱར་ནན་བྱས་འདུག Indiatoday གཙོས་པའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་ཁ་ཉིན་ཕྱི་ཚེས་ ༢༩ ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Geng Shuang ཡིས་གསར་འགོད་པར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྐུ་ཚབ་ཀྱི་གསུངས་པ་དེས་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐད་བྱུས་བྱས་པ་ཞིག་ཡིན་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་མཆོག་ནི་བཙན་བྱོལ་ནང་དུ་ཆོས་ཀྱི་མཚན་ཐོག་ནས་རྒྱ་ནག་ལ་གནོད་གཞིའི་ལས་དོན་སྤེལ་མཁན་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གི་ངོས་ནས་རྒྱལ་སྤྱིའི་མི་སྣ་སུ་འདྲ་ཞིག་ནས་༸གོང་ས་མཆོག་དང་འབྲེལ་བ་གནང་བར་མཐའ་གཅིག་ཏུ་མུ་མཐུན་མེད་པ་དང་། ལྷག་པར་དུ་ཨ་རིའི་གཞུང་འབྲེལ་མི་སྣ་ཁག་གཅིག་གིས་བཀའ་མོལ་གསུང་སྟངས་དང་བྱ་སྤྱོད་སྤེལ་སྟངས་རྣམས་ཨ་རིའི་གཞུང་གི་ངོས་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། བོད་རང་བཙན་གྱི་ལས་འགུལ་ལ་རྒྱབ་སྐྱོར་གནང་རྒྱུ་མིན་པའི་སྲིད་བྱུས་དང་རྒྱབ་འགལ་ཆགས་ཀྱི་ཡོད་པས་དེར་རྒྱ་ནག་གཞུང་གིས་དགག་པ་ཡོད་སྐོར་སྐྱོན་བརྗོད་བྱས་འདུག ཁོ་པས་ད་དུང་སྤྲུལ་པའི་སྐུ་འམ་ཡང་སྲིད་ཕེབས་རྒྱུའི་བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་དེ་ནི་ལམ་དང་ལུགས་སྲོལ་གཏན་འབེབས་ཡོད་པའི་འགྲོ་ལུགས་ཤིག་གི་ཐོག་ནས་བདམ་གྱི་ཡོད་སྐོར་དང་འབྲེལ། བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲི་མཐོ་ཤོས་སུ་ངོས་འཛིན་བཞིན་པ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཀྱང་རྒྱ་ནག་གཞུང་གིས་ངོས་འཛིན་ཞུས་ཏེ་བདམས་པ་ཞིགཡིན་པར་བཤད་པ་མ་ཟད་རྒྱ་ནག་གཞུང་ནས་ཆོས་དོན་སྒྲིག་གཞི་དང་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་བཏང་འཛིན་གྱི་སྒྲིག་གཞིའི་འོག་ནས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་བདམ་ཕྱོགས་ཀྱི་ལམ་ལུགས་ལ་གུས་བརྩི་དང་ཆོས་དད་རང་དབང་གི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་བཤད་ཡོད། ཨ་རིའི་གཞུང་གིས་ཏཱ་ལའི་རུ་ཚོགས་དང་ལྷན་དུ་འབྲེལ་བ་བྱ་མཚམས་བཞག་དགོས་པ་དང་འགན་ཁུར་མེད་པའི་གཏམ་བཤད་འདི་རིགས་སྤེལ་མཚམས་བཞག་དགོས་པ་དེ་བཞིན་བོད་དང་འབྲེལ་བའི་གནད་དོན་ཐོག་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐད་བྱུས་བྱ་མཚམས་བཞག་སྟེ་ཨ་རི་དང་རྒྱ་ནག་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏང་རྒྱུར་དོ་སྣང་ཆེ་ཙམ་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག རྩ་བའི་ཉེ་ཆར་ཟླ་བ་འདིའི་ཟླ་མགོར་བཞུགས་སྒར་གངས་སྐྱིད་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་དེ་ཚོགས་ཐོག་ཚོགས་བཅར་བ་རྣམ་པ་མགྲིན་དབྱངས་གཅིག་གྱུར་གྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་༸སྐུ་ཚེ་༸ཞབས་པད་བསྐལ་པ་བརྒྱ་ཕྲག་བར་བོད་མི་རྩམ་ཟན་ཡོངས་ཀྱི་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་དཔུང་གཉེན་དམ་པར་མུ་མཐུད་བཞུགས་གནང་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་དང་། ཇི་སྲིད་བོད་ཁ་བ་ཅན་གྱི་འགྲོ་བ་ནམ་གནས་ཀྱི་བར་དུ་༸རྒྱལ་བའི་སྐུ་ཕྲེང་རིམ་བྱོན་རྣམས་ངེས་ཕེབས་ཡོང་བའི་མགྲིན་དབྱངས་གཅིག་གྱུར་གྱི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ། ༸རྒྱལ་བའི་ཡང་སྲིད་ངོས་འཛིན་གནང་རྒྱུའི་འགན་དབང་ཆ་ཚང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཉིད་མཆོག་དང་། ༸གོང་ས་ཏཱ་བླའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་ཁོ་ནར་ཡོད་པ་ལས་གཞན་རྒྱལ་ཁབ་དང་གཞུང་། སྒྲིག་འཛུགས། མི་སྒེར་བཅས་སུ་ལ་ཡང་མེད། དེ་བཞིན་རྒྱ་ནག་གཞུང་གིས་དེ་སྔོན་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་བྱས་པ་སྤྱི་དང་ལྷག་པར་དུ་ཕྱི་ལོ་ ༢༠༠༧ ལོར་གཏན་འབེབས་གནང་བའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་བཙན་བཀའ་ཨང་ལྔ་པ་བརྒྱུད་ནས་༸རྒྱལ་བའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་བྱུས་ངན་བཏོན་དང་འདོན་བཞིན་པ་དེར་དགག་པ་མཐའ་ཅིག་ཏུ་བྱ་རྒྱུ་ཞེས་གྲོས་ཆོད་ནང་གསེས་བཞི་ཅན་ཞིག་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་རེད། དེ་བཞིན་ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་དུའང་ Tibet Policy and Support Act of 2019 ཞེས་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་ཁྲིམས་ཆར་ཆེད་འདོན་གྱིས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ནི་ཆོས་ཕྱོགས་ཀྱི་གནད་དོན་ཞིག་ཡིན་པ་དང། དེའང་༸གོང་ས་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་རྗེས་འབྲང་པ་རྣམས་ལ་ཐག་གཅོད་གནང་རྒྱུའི་གནད་དོན་ཞིག་ཡིན་སྐོར་གསུངས་པ་དང་འབྲེལ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་རྒྱལ་སྤྱིའི་ཁྲོད་ཨ་རིའི་ལྟ་བུའི་བཞེངས་ཕྱོགས་འཛིན་མཁན་རྒྱལ་ཁབ་དང་ལྷན་དུ་མཉམ་རུབ་ཀྱིས་རྒྱ་ནག་གི་༸སྐུའི་ཡང་སྲིད་བདམ་རྒྱུའི་འཆར་གཞིར་གདོང་ལེན་བྱེད་དགོས་པ་སོགས་འཁོད་ཡོད་པ་རེད། དེ་དོན་ཨ་རིའི་ས་གནས་འདྲ་མིན་གྱི་བོད་རིགས་ཚོགས་པ་ཁག་དང་སྐུ་ཚབ་དོན་ཁང་། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་ཀྱིས་ཨ་རིའི་རྒྱལ་ཡོངས་སུ་བོད་དོན་ཁྲིམས་གཞིར་རྒྱབ་སྐྱོར་དགོས་པའི་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་ཡོད་པ་དང་། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀའི་གྲོས་ཚོགས་འཐུས་མིའི་ཁོངས་སུ་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན་ཡོད་པ་རེད།

རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བར་འགན་ཁུར་དགོས་པ་བཟོ་རྒྱུ་ཡིན།

ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་ལྕམ་སྐུ་ Marise Payne མཆོག་གིས་ཀེན་བྷི་ར་ནས་རྒྱ་ནག་གིས་ཁུལ་དེའི་མངའ་ཁོངས་སུ་ཡོད་པའི་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བར་འགན་ཁུར་བ་ཞིག་བཟོ་རྒྱུ་ཡིན་པ་དང་སྦྲགས་ཏེ་ཨོ་གླིང་ནས་འགྲོ་བ་མིའི་ཐོབ་ཐང་ལ་ཚོར་བ་རྣོ་བའི་གནད་དོན་དག་མ་གླེང་ནས་ཁུ་སིམ་པོར་བཞུགས་རྒྱུ་ནི་ཨོ་གླིང་རྒྱལ་ཁབ་ཀྱི་བཞེངས་ཕྱོགས་མིན་པ་གསུངས་འདུག  དེ་རིང་ Reuters གསར་ཁང་གིས་ཉེ་བའི་ལོ་རབས་ནང་རྒྱ་ནག་གིས་ཨོ་གླིང་རྒྱལ་ཁབ་ཀྱི་ནང་མོལ་གནད་དོན་ཐད་ཐེ་གཏོགས་ཀྱིས་ཨོ་གླིང་གཞུང་ནས་དེར་སྐྱོན་འཛུགས་དང་འབྲེལ། ཨོ་གླིང་རྒྱལ་ས་ཀེན་བྷི་ར་དང་རྒྱ་ནག་གཉིས་དབར་གྱི་ཚོང་འབྲེལ་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་མོལ་ཐད་དོ་ཕོག་ཕྱིན་པའི་ཁྲོད་ཚོང་ལས་འགན་འཛིན་ཁག་གཅིག་གིས་ཨོ་གླིང་གཞུང་ནས་དཔལ་འབྱོར་གྱི་སྲིད་བྱུས་དེ་སྤྱི་ཚོགས་ཀྱི་གནད་དོན་ལས་གལ་ཆེར་ངོས་འཛིན་དགོས་པར་བརྗོད་ཡོད་པ་རེད། འོན་ཀྱང་ལྕམ་སྐུ་ Payne མཆོག་གིས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལེགས་པོ་ཡོང་བར་རྒྱལ་ཁབ་ཕན་ཚུན་ནས་དེ་གའི་རྒྱལ་ཁབ་ཀྱི་བདག་དབང་ལ་བརྩི་བཀུར་ངེས་པར་དུ་ཞུ་དགོས་སྐོར་དང་སྒོས་ཨོ་གླིང་ནས་སླད་མར་རྒྱ་ནག་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་མུ་མཐུད་གླེང་རྒྱུ་དང་ཚོར་བ་རྣོ་བའི་གནད་དོན་ཐད་ཁུ་སིམ་པོར་བཞུགས་རྒྱུ་མེད་པ་གསུངས་འདུག ཁོང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་སྣང་མེད་བཏང་བ་ནི་དེ་འབྲེལ་བྱ་སྤྱོད་ལ་ཁས་ལེན་ཞུས་ཡོད་པ་གཅིག་མཚུངས་ཡིན་པ་དང་། ལྷག་པར་དུ་དེས་རྒྱལ་སྤྱིའི་ཞི་བདེ་དང་སྲ་བརྟན་གྱི་རང་བཞིན་ལ་སྣང་ཆུང་བཏང་བ་མཚོན་གྱི་ཡོད་པ་གསུངས་འདུག་པ་མ་ཟད་ང་ཚོའི་གདོང་ལེན་བྱེད་དགོས་པའི་གནད་དོན་ལ་གདོང་ལེན་མ་གནང་ཚེ་ཡར་རྒྱས་ཀྱི་གཞི་མེད་པར་གྱུར་ངེས་ཡིན་པ་གསུངས་འདུག གཞི་རྩའི་རྒྱ་ནག་དེ་ཨོ་གླིང་རྒྱལ་ཁབ་ཀྱི་ཚོང་འབྲེལ་ཤུགས་ཆེ་བཞག་སའི་རྒྱལ་ཁབ་ཆགས་ཀྱི་ཡོད་ཀྱང་ཉེ་ལམ་རྒྱ་ནག་ནས་ཨོ་གླིང་གི་འོས་བསྡུ་ཆེན་མོའི་སྔ་རོལ་དུ་གྲོས་ཚོགས་དང་ཆབ་སྲིད་ཚོགས་པ་ཆེ་ཤོས་གསུམ་ལ་དྲྭ་ལམ་འགོག་ཐབས་ཀྱི་བཙན་རྒོལ་བྱས་ཡོད་པ་རེད། ནང་སྲིད་བློན་ཆེ་སྐུ་ཞབས་ Peter Dutton མཆོག་གིས་རྒྱ་ནག་གིས་གཙོ་བོ་དེ་འབྲེལ་ཨོ་གླིང་གི་ཆབ་སྲིད་ཚོགས་པ་དང་གཙུག་ལག་སློབ་གཉེར་ཁང་ལ་དམིགས་འབེན་དུ་བཟུང་གི་ཡོད་པ་གསུངས་ཡོད་ཀྱང་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ནས་དེ་འབྲེལ་གནད་དོན་ཁས་ལེན་བྱས་མེད་པ་རེད།

རྒྱ་ནག་གི་ཁུང་རྩི་སློབ་གླིང་སྒོ་འབྱེད་གཉེར་བར་བོད་མིས་ངོ་རྒོལ།

ཕ་རན་སི་ལྷོ་ཕྱོགས་གྲོང་ཁྱེར་ Pau ནང་རྒྱ་གཞུང་གི་ཁུང་རྩི་སློབ་གླིང་སྒོ་འབྱེད་གཉེར་བའི་ཉིན་མོར་ཕ་རན་སི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་བས་ཁུལ་དེའི་གྲོང་ཁྱེར་སྤྱི་ཁྱབ་དང་ཆེས་སྡུག་རྩུབ་ཆེ་བའི་དབང་ཆ་གཅིག་བསྡུས་རིང་ལུགས་རྒྱ་ནག་གཉིས་དབར་གྱི་ལག་འབྲེལ་གྱིས་བྱ་སྤྱོད་སྤེལ་བར་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་གནང་འདུག ཁ་སང་ཕྱི་ཚེས་ ༢༨ ཉིན་གྱི་ཕྱི་དྲོ་ཕ་རན་སི་ལྷོ་ཕྱོགས་གྲོང་ཁྱེར་ Pau ནང་རྒྱ་ནག་གཞུང་ཚབ་པ་ Lu Shaye དང་ Pau གྲོང་ཁྱེར་སྤྱི་ཁྱབ་པ་ Francois Bayrou ལྷན་འཛོམས་ཐོག་གྲོང་ཁྱེར་དེར་རྟེན་གཞི་བྱས་པའི་ Pau གཙུག་ལག་སློབ་གཉེར་ཁང་དུ་ཁུང་རྩི་སློབ་གཉེར་སྒོ་འབྱེད་གཉེར་འདུག་པ་དང། སྐབས་དེར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང། France Tibet ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་ཚོགས་པ་བཅས་ཀྱིས་བོད་ཀྱི་རྒྱལ་དར་དང། རྒྱ་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་ཀྱི་ཕྲེད་དར་སོགས་བསྣམས་ཏེ་ཁུང་རྩི་སློབ་གླིང་ནི་རྒྱ་ནག་བཙན་རྒྱལ་རིང་ལུགས་ཀྱི་ལག་ཆ་གཙོ་བོ་རེད་ཅེས་ངོ་རྒོལ་གནང་འདུག སྐབས་དེར་འདི་ག་རླུང་འཕྲིན་ཁང་ནས་ཕ་རན་སི་བོད་རང་ཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་བསྟན་རྣམ་ལགས་ལ་གནས་འདྲི་ཞུས་པར་ཉེ་བའི་ལོ་ཤས་ནང་དུ་ཨ་མི་རི་ཀ་གཙོས་མང་གཙོའི་རྒྱལ་ཁབ་ཆེས་གྲས་ཁག་ཏུ་ཁུང་རྩི་སློབ་གླིང་དོག་ཟོན་གྱི་སྒོ་རྒྱག་བཞིན་པའི་གནས་སྟངས་འབྱུང་བཞིན་ཡོད་པ་དེ་ལྟར་ཡང། ཕ་རན་སི་ནང་དུ་ཆ་མཚོན་ན་ཉེ་བའི་ལོ་ཤས་ནང་ཁུང་རྩི་སློབ་གླིང་ལྟེ་གནས་ཁང་མང་དུ་འགྲོ་བཞིན་འདུག་ཅེས་ངོ་སྤྲོད་གནང་སོང་། རྩ་བའི་རྒྱ་ནག་གཞུང་འབྲེལ་གྱི་ཁུང་རྩི་སློབ་གླིང་ཞེས་པ་དེ་ནི་ཕྱིའི་རྒྱལ་ཁབ་ཁག་གི་མཐོ་སློབ་ཁག་ཏུ་རྒྱ་སྐད་དང་རྒྱ་ཡིག་སློབ་ཁྲིད་བྱེད་ཚུལ་གྱི་མིང་ཐོག་ནས་མཐོ་སློབ་ཁག་གི་ཤེས་ཡོན་སློབ་གསོའི་རང་དབང་ལ་ཐེ་གཏོགས་དང་འབྲེལ་རྒྱ་ནག་དམར་ཤོག་གི་ལྟ་སྤྱོད་དར་སྤེལ་དང་རྒྱལ་སྤྱིའི་ཁྲོད་རྒྱ་ནག་ལ་ལྟ་ཕྱོགས་འགྱུར་བ་གཏོང་ཐབས་བྱེད་བཞིན་པའི་རྒྱ་ནག་གི་འཇམ་པོའི་སྟོབས་ཤུགས་ལག་ཆ་གཙོ་བོ་ཞིག་ཆགས་ཀྱི་ཡོད་པ་རེད། བརྒྱུད་ལམ་ཁག་ཏུ་ཐོན་པར་གཞིགས་ན་ཁ་སང་སྒོ་འབྱེད་བྱས་པའི་ཁུང་རྩི་སློབ་གླིང་ཁང་དེ་ཕ་རན་ནང་དུ་ཁུང་རྩི་སློབ་གླིང་ ༢༠ པ་དེ་ཆགས་ཀྱི་ཡོད་པ་རེད་འདུག ད་རེས་གྲོང་ཁྱེར་ Pau ནང་དུ་ཁུང་རྩི་སློབ་གླིང་སྒོ་འབྱེད་ཀྱི་ཉིིན་གཉིས་ཀྱི་སྔ་རོལ་དུ་ལས་འགུལ་སྤེལ་མཁན་འབྲེལ་ཡོད་ཚོགས་པ་ཁག་ནས་མཉམ་འབྲེལ་གྱིས་ཐེངས་དེའི་ཤེས་ཡོན་མཉམ་འབྲེལ་གྱི་ལས་དོན་ལ་ངོ་རྒོལ་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་འདུག གྲོང་ཁྱེར་ Pau ནང་དུ་ཁུང་རྩི་སློབ་གླིང་སྒོ་འབྱེད་བྱས་པའི་ཉིན་མོ་དེ་ནས་ཁུལ་དེའི་ནང་གི་ཤེས་ཡོན་གྱི་རང་དབང་ལ་དོ་ཕོག་འགྲོ་ཉེན་ཡོད་པ་དང། ལྷག་པར་དུ་ལན་ཁུང་རྩི་སློབ་ཁང་དང་ལག་འབྲེལ་བྱས་པ་འདིས་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་བོད་དང་ཡུ་གུར་སོགས་ཀྱི་མང་ཚོགས་ཀྱི་རང་དབང་དང་ཐོབ་ཐང་ལ་ཁྱད་གསོད་བྱས་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་འདུག གཞི་རྩའི་ཁུང་རྩི་སློབ་གླིང་ཞེས་པའི་ལས་འཆར་འདི་ནི་རྒྱ་ནག་གཞུང་འབྲེལ་ཤེས་ཡོན་ལྷན་ཁང་འོག་ཕྱི་ལོ་༢༠༠༤ ལོར་དངོས་སུ་ཆེད་བཙུགས་བྱས་ནས་ད་ལྟའི་ཆར་ལྷོ་བྱང་ཨ་མི་རི་ཀ་དང་ཡོ་རོབ། ཨ་ཕི་རི་ཀ། དེ་བཞིན་ཨོ་སི་ཊོ་ལི་ཡ་བཅས་འཛམ་གླིང་གི་གླིང་ཆེན་དྲུག་ནང་དུ་ =ཁུང་རྩི་སློབ་གླིང་ལྟེ་གནས་ཁང་ ༥༣༠ ལྷག་ཆེད་བཙུགས་བྱས་ཟིན་འདུག་པ་དང། རྒྱ་ནག་གཞུང་གི་འཆར་གཞི་ལྷར་ཕྱི་ལོ་ ༢༠༢༠ ནང་ཚུད་ལ་འཛམ་གླིང་ནང་དུ་ཁུང་རྩི་སློབ་གླིང་ལྟེ་གནས་ཁང་ ༡༠༠༠ ཆེད་འཛུགས་བྱ་འཆར་ཡོད་པ་རེད་འདུག འོན་ཀྱང་འདས་པའི་ལོ་ཤས་ནང་དུ་ཨ་རི་དང་ཁེ་ན་ཌ་སོགས་ཀྱི་མཐོ་སློབ་ཁག་ནས་རྒྱ་ནག་གི་ཁུང་རྩི་སློབ་གླིང་ལས་དོན་ལ་དོག་ཟོན་གྱིས་སྒོ་བརྒྱབ་པའི་གནས་ཚུལ་བྱུང་ཡོད་པ་རེད། དེ་བཞིན་ཨ་རིའི་ནང་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འདི་ལོའི་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གིས་ཐབས་བརྒྱ་བྱུས་སྟོང་གིས་ཁུང་རྩི་ཤེས་ཡོན་ལྟེ་གནས་ཆེད་འཛུགས་ཀྱིས་ཕྱི་ཕྱོགས་སུ་རྒྱ་ནག་གི་གནོད་ཤུགས་ཁྱབ་སྤེལ་དང་ཤེས་ཡོན་གྱི་རང་དབང་ཉམ་དམས་སུ་གཏོང་བཞིན་ཡོད་པ་གསལ་འདོན་དང་སྦྲགས། ཕྱི་ཕྱོགས་ཀྱི་མཐོ་སློབ་དང་གཙུག་ལག་སློབ་ཆེན་སོགས་ཀྱིས་ལག་བསྟར་བྱེད་དགོས་པའི་སྒྲིག་ཡིག་དོན་ཚན་བཅུ་གཉིས་ཅན་ཞིག་ཁྱབ་བསྒྲགས་ཀྱིས་རྒྱ་ནག་གི་གནོད་ཤུགས་ལ་བཀག་འགོག་བྱེད་དགོས་པ་ཡང་གསུངས་ཡོད་པ་རེད།

Latest news