Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

ཨ་རིའི་གྲོས་ཚོགས་ནང་དུ་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་ཉན་ཞིབ་ཚོགས་པ།

དེ་རིང་རྒྱ་ནག་གི་པི་ཅིང་གི་དགུན་དུས་ཀྱི་ཨོ་རྩལ་དངོས་སུ་འགོ་འཛུགས་ཀྱི་ཡོད་པའི་སྔ་རོལ་དུ། ཁ་སང་ཨ་རིའི་གྲོས་ཚོགས་གོང་མའི་དབུས་སུ།  ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་གོ་སྒྲིག་འོག་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་འདུག་པ་དང་། ལས་རིམ་དེའི་ཐོག རྒྱ་ནག་གི་དྲག་སྤྱོད་ཀྱི་འོག་ཏུ་མནར་གཅོད་མྱངས་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དམ་པ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་དང་། ཡུ་གུར་ཐོབ་ཐང་རྩོད་ལེན་པ་སྐུ་ཞབས་ Ilham Tohti ལགས་ཀྱིས་བུ་མོ Jewher Tohti ལགས། རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ Ding Jiaxi ལགས་ཀྱི་སྐུ་ཟླ་ Sophie Lao ལགས། དེ་བཞིན་ཧོང་ཀོང་གི་མང་གཙོ་རྩོད་ལེན་པ་ Nathan Law དང་ China Change ཞེས་པའི་རྒྱ་ནག་གི་དུས་དེབ་ཀྱི་རྩོམ་སྒྲིག་པ Yaxue Cao ལགས་བཅས་རྒྱ་ནག་གི་དྲག་སྤྱོད་དངོས་སུ་མྱངས་མྱོང་མཁན་ཁག་གཅིག་ལྷན་བཞུགས་ཐོག་རྒྱ་གཞུང་གི་མི་སྤྱོད་ལས་འདས་པའི་དྲག་སྤྱོད་ཐད་ཚོགས་ཆུང་ལ་སྙན་གསེང་ཞུས་པ་མ་ཟད། ཉན་ཞིབ་ཀྱི་ལས་རིམ་དེའི་ཐོགཨ་རའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་Nancy Pelosi མཆོག་དམིགས་བསལ་ཆེད་ཕེབས་ཀྱིས་གཏམ་བཤད་གནང་འདུགལྕམ་ནེན་སི་པོ་ལོ་སི་(Nancy Pelosi)ལགས་ཀྱིས་སྐབས་དེར་གཏམ་བཤད་གནང་བའི་ནང་དུ། རྒྱ་ནག་གིས་འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་ཁག་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་གླེང་སློང་བྱེད་རྒྱུར་གཡོལ་ཐབས་བྱེད་བཞིན་པ་ལྟར། ཐེངས་འདིའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་བརྒྱུད་སླར་ཡང་ཐབས་ཤེས་དེ་རང་བྱེད་རྒྱུ་ཡིན་པར་བསྒྲགས་པ་མ་ཟད། རྒྱ་ནག་གི་བྱེད་ལས་ལ་ལྟོས་མེད་ཀྱིས། ཨ་རི་གཙོ་བྱས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གསལ་བོར་ཤེས་བ་ཞིག་ནི། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་ཚབས་ཆེན་གྱི་རྡོག་རོལ་གཏོང་བཞིན་པ་མ་ཟད་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་སྤེལ་བཞིན་ཡོད་ཅེས་གསུངས་འདུག སྒྲ།། ཁོང་གིས་ད་དུང་པེ་ཅིང་གི་ཨོ་རྩལ་འགྲན་བསྡུར་གྱི་སྐབས་སུ་ཨ་རིའི་རྩེད་འགྲན་པ་རྣམས་ཀྱིས་སྙིང་རྗེ་བྲལ་བའི་རྒྱ་ནག་སྲིད་གཞུང་ལ་གཟབ་གཟབ་གནང་དགོས་བའི་འབོད་སྐུལ་གནང་སྟེ། ཨ་རིའི་ངོས་ནས་རང་ཉིད་ཀྱི་རྩེད་འགྲན་པ་རྣམས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་མུས་ཡིན་པ་དེ་ལྟར་ཡང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཞལ་ཙུམ་ནས་འདུག་རྒྱུ་མིན་པར་གསུངས་འདུག དེ་བཞིན་ཁོང་གིས་ཡོང་རྒྱུར་བསྡད་པའི་བདུན་ཕྲག་གཉིས་ཀྱི་ནང་དུ། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཁག་ཡོང་གྲགས་བྱ་རྒྱུར་ཨ་རིའི་གཞུང་ལ་བཟང་སྤྱོད་ཀྱི་འགན་འཁྲི་ཡོད་པར་བསྒྲགས་པ་དང་ཆབས་གཅིག ཐེངས་འདིའི་སྐྱོན་བརྗོད་དེ་ནི་རྒྱ་ནག་མི་མང་ལ་དམིགས་པ་ཞིག་མིན་པར། རྒྱ་ནག་མི་མང་སྤྱིི་མཐུན་རྒྱལ་ཁབ་ཀྱི་དྲག་གནོན་བྱེད་མཁན་གྱི་སྲིད་གཞུང་ལ་དམིགས་པ་ཞིག་ཡིན་པར་འགྲེལ་བརྗོད་ཀྱིས། རྒྱ་ནག་སྲིད་གཞུང་གིས་ཐེ་ཝན་ལ་བརྙན་བཅོས། ཧོང་ཀོང་ནང་གི་གཞི་རྩའི་རང་དབང་ལ་དྲག་གནོན། དེ་བཞིན་ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་སྐད་ཡིག་སོགས་ལ་རྒོལ་རྡུང་བཏང་ཡོད་པར་གསུངས་འདུག ཉན་ཞིབ་ཀྱི་ལས་རིམ་དེའི་ཐོག་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་Jim McGovern ལགས་ཀྱིས་རྒྱ་ནག་གིས་ཡུ་གུར་ཁ་ཆེ་མི་རིགས་རྣམས་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་བསྐྱར་ནན་དང་འབྲེལ། རྒྱ་ནག་གིས་རྩེད་འགྲན་པ་རྣམས་ཀྱིས་སྤྱོད་དགོས་བར་བཟོས་བའི་མཉེན་ཆས་དེས་མི་སྒེར་གྱི་གནས་ཚུལ་རྐུ་འཁྱེར་བྱེད་རྒྱུ་དང་། རྩེད་འགྲན་པ་རྣམས་ལ་སྤྲད་པའི་གྱོན་པ་དང་ཟ་མ་རྣམས་ཀྱང་རྒྱ་ནག་གི་ངལ་རྩོལ་སྒྱུར་བཀོལ་བྱས་ནས་ཐོན་སྐྱེད་བྱས་པ་ཞིག་ཡིན་པར་བསྒྲགས་ཏེ། ཨོ་རྩལ་འགྲན་ཚོགས་ལ་འཛུལ་ཞུགས་བྱེད་མཁན་རྣམས་ཀྱིས་རང་གི་ཉེན་ཁ་ལ་གཟབ་ནན་བྱེད་དགོས་པའི་སྐུལ་མ་གནང་བ་མ་ཟད། རྒྱ་ནག་གི་ཨོ་རྩལ་ལ་སྦྱིན་བདག་བྱེད་མཁན་རྣམས་ཀྱིས་དཔལ་འབྱོར་གྱི་ཁེ་ཕན་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་རྒྱ་གཞུང་དང་ལྷན་དུ་ཚོང་འབྲེལ་བྱེད་ཀྱི་ཡོད་པ་དེ་ནི་ནོར་འཁྲུལ་ཡིན་པར་གསུངས་འདུགཉན་ཞིབ་ཀྱི་ལས་རིམ་དེིའི་ཐོག་ཉི་མ་ལྷ་མོ་ལགས་ཀྱིས་རྒྱ་ནག་གི་བཀག་ཉར་འོག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྐུ་བཀྲོང་བའི་གནས་ཚུལ་དང་། ད་ལྟའང་ཁོང་གི་ཨ་མ་གཙོས་པའི་ནང་མི་རྣམས་ལ་དམ་དྲག་སུནགཙེར་བྱེད་བཞིན་པ་སྙན་གསེང་དང་འབྲེལ། འཕྲོད་བསྟེན་གྱི་གནས་བབ་འོག་ནས་ཁོང་གི་ཨ་མ་རང་དབང་ལུང་པའི་ནང་བསླེབ་ཐུབ་པར་ཕྱག་རོགས་དགོས་པའི་འབོད་སྐུལ་གནང་བ་མ་ཟད། པཎ་ཆེན་རིན་པོ་ཆེ་མཆོག་གི་དབུས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཁག་ཅིག་གི་གནད་དོན་འབུར་འདོན་གྱིས་ཁོང་རྣམ་པར་གློད་གྲོལ་གནང་ཐབས་དགོས་པའི་ཞུ་སྐུལ་གནང་འདུག

རྒྱ་གར་གྱི་གྲོས་ཚོགས་སུ་བོད་དོན་ལ་རྒྱབ་སྐྱོར་དགོས་པའི་གླེང་མོལ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚོགས་བཞིན་པའི་དགུན་དུས་ཀྱི་སྔོན་རྩིས་གྲོས་ཚོགས་ཀྱི་ལས་རིམ་ཐོག་ཁ་སང་བི་ཧཱར་མངའ་སྡེ་ནས་ཡིན་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Shri Amarendra Dhari Singh ལགས་ཀྱིས་རྒྱ་གར་གྱི་སྲིད་འཛིན་གྱི་གསུང་བཤད་ལ་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་ཀྱི་ལས་རིམ་དང་འབྲེལ་ཏེ། རྒྱ་གར་གཞུང་གི་ངོས་ནས་བོད་ལྟ་བུ་རང་ཉིད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྣམས་གཙིགས་ཆེར་བརྩིས་ནས་བོད་དོན་རྒྱབ་སྐྱོར་གནང་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བརྩམས་འདུགཁོང་གི་གསུངས་བཤད་ཀྱི་ནང་དུ།  བོད་མི་རྣམས་ཀྱིས་རྒྱ་ནག་གི་དབང་སྒྱུར་གྱི་བདག་དབང་དང་མིང་ཙམ་གྱི་དབང་སྒྱུར་ལ་ཁས་ལེན་བྱས་མེད་པ་ཡིག་ཚགས་སུ་གསལ་བར་གསུངས་བ་དང་འབྲེལ། རྒྱ་གར་གྱིས་རང་གི་གྲོགས་པོ་དང་མཉམ་དུ་ལངས་དགོས་པའི་སྐོར་ནས་བསླབ་བྱ་ལེན་དགོས་པ་དང་། གལ་ཏེ་དེ་ལྟར་མ་གནང་བ་ཡིན་ན། ང་ཚོས་རྒྱ་གར་དང་མཛའ་འབྲེལ་ཡོད་པའི་བོད་མི་རྣམས་ས་ལ་བརྡབ་པའི་དེ་སྔའི་ལོ་རྒྱུས་ཀྱི་ནོར་འཁྲུལ་དེ་སླར་ཡང་བསྐྱར་ཟློས་བྱེད་ངེས་བར་གསུངས་འདུག ཁོང་གིས་ད་དུང། ད་ལྟའི་གཞུང་འཛིན་གྱིས་དགའ་མོས་ཆེས་ཆེར་བྱེད་སའི་རྒྱ་གར་གྱི་སྲིད་བློན་ཟུར་བ་ནེཧ་རུར་མཚོན་ཡང་། ཁོང་གིས་ཕྱི་ལོ་ ༡༩༤༩ ལོར། བོད་མི་རྣམས་ལ་མཉམ་འབྲེལ་རྒྱལ་ཚོགས་སུ་འབྲེལ་གཏུགས་བྱེད་དགོས་པའི་ལམ་སྟོན་གནང་ཡོད་ལ། ཐ་ན་རྒྱ་གར་གྱི་ན་གཞོན་དམག་སྤྱི་ Zorawar Bakshi  ལགས་བོད་དུ་ཆེད་མངགས་ཆེད་གཏོང་གིས་འཐབ་བྱུས་ལྡན་པའི་དམག་དོན་གྱི་ལས་གཞི་སྒྲིག་དགོས་བར་སྐུལ་ཡོད་པ་ལུང་འདྲེན་གྱིས། སྐབས་དེའི་ལས་དོན་རྣམས་འཆར་གཞི་སྒྲིག་པ་ལྟར་ལེགས་འགྲུབ་མ་བྱུང་བར་ལོ་རྒྱུས་ཁྲོད་ལྷག་ཡོད་པར་འགྲེལ་བརྗོད་གནང་འདུགཁོང་གིས་ད་དུང་གང་ལྟར་ད་ཆ་བོད་རྒྱལ་ཁབ་དེ་འཛམ་གླིང་ཕྱོགས་གཏོགས་མང་པོར་འགྱུར་བཞིན་པའི་དུས་སྐབས་སུ་རྒྱ་གར་གྱི་བྱེད་བབ་འདྲ་མིན་གྱི་རྐྱེན་པས་བོད་ལ་ཡུན་རིང་གི་དཀའ་ངལ་མང་པོར་འཕྲད་བཞིན་པ་ཞིག་ཡིན་སྟབས། རྒྱ་གར་གྱིས་རང་གི་ཁེ་ཕན་སྲུང་སྐྱོབ་དང་སྦྲགས་ཁྱིམ་མཚེས་རྒྱལ་ཁབ་དང་དེ་ལས་བརྒལ་བའི་རྒྱལ་ཁབ་གཞན་རྣམས་དང་ལྷན་དུ་མཐུན་སྒྲིག་བྱེད་དགོས་ཀྱི་ཡོད་པའི་ཞུ་སྐུལ་གནང་འདུག གཞི་རྩའི་འདི་ལོའི་རྒྱ་གར་གྱི་དགུན་དུས་ཀྱི་གྲོས་ཚོགས་ཚོགས་འདུ་དེ་ཟླ་བ་སྔོན་མའི་ཚེས་ ༣༡ ཉིན་ནས་འགོ་འཛུགས་ཀྱིས་ཟླ་བ་འདིའི་ཚེས་ ༨ གྱི་བར་དུ་འཚོགས་བཞིན་ཡོད་པ་དང་། ཐེངས་འདིར་གྲོས་ཚོགས་ཀྱི་ཁྲོད་དུ་བོད་དོན་རྒྱབ་སྐྱོར་གྱི་གསུངས་བཤད་གནང་མཁན་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Shri Amarendra Dhari Singh ལགས་ནི་ Rashtriya Janata Dal་ཞེས་པའི་རྒྱ་གར་་གྱི་ཆབ་སྲིད་ཚོགས་པའི་འཐུས་ཚབ་ཀྱི་ངོས་ནས་རྒྱ་གར་ཤར་ཕྱོགས་ཀྱི་མངའ་སྡེ་བི་ཧཱར་ནས་ཕེབས་བའི་གྲོས་ཚོགས་གོང་མིའི་འཐུས་མི་ཞིག་ཆགས་ཀྱི་ཡོད་པ་རེད།

པར་རིས་འགྲེམས་སྟོན་བརྒྱུད་སང་ཉིན་གྱི་ཨོ་རྩལ་འགོ་འཛུགས་ལ་ངོ་རྒོལ།

དེ་རིང་སྔ་དྲོ་ཕྱག་ཚོད་བཅུ་དང་ཕྱེད་ཀའི་སྟེང་། བཞུགས་སྒར་མེགྷན་གྱི་ཁྲོམ་གཞུང་གི་བཞི་མདོ་རུ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་གི་ཐོག་ནས། སང་ཉིན་རྒྱ་ནག་གི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་འགོ་འཛུགས་ལ་རན་པར་པར་རིས་འགྲེམས་སྟོན་བརྒྱུད་ནས་ངོ་རྒོལ་ལས་འགུལ་ཞིག་སྤེལ་སོང་། པར་རིས་འགྲེམས་སྟོན་གྱི་ངོ་རྒོལ་ལས་འགུལ་ནང་དུ། བོད་ནང་གི་ཆབ་སྲིད་བཙོན་པའི་རྣམ་པ་མཚོན་བྱེད་དང་། དེ་བཞིན་ཨོ་རྩལ་འགྲན་ཚོགས་ལ་སྦྱིན་བདག་བྱེད་མཁན་གྱི་བཟོ་ཚོང་། NBC དང་ Allianz སོགས་ཀྱི་ཚོང་རྟགས་འཁོད་པའི་པར་རིས། དེ་བཞིན་། Genocide 2020 ཞེས་བྲིས་པའི་འཕྲེད་དར་བཤམ་སྟེ། འདི་ལོའི་རྒྱ་ནག་གི་ཨོ་རྩལ་འགྲན་བསྡུར་དེ་ནི་མི་རིགས་རྩ་གཏོར་གྱི་རྩེད་འགྲན་ཞིག་ཆགས་ཡོད་པར་ཕྱིར་བསྒྲགས་བྱས་འདུག ཚོགས་པའི་གསར་འགོད་བསྒྲགས་གཏམ་གྱི་ནང་དུ། བོད་ནང་གི་གཙོ་བྱས་པའི་རྒྱ་ནག་རྒྱལ་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཆེས་ཆེར་ཐེབས་བཞིན་པར་ལྟོས་མེད་ཀྱིས་སང་ཉིན་རྒྱ་ནག་ནང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དངོས་སུ་འགོ་འཛུགས་བྱེད་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་ཕྱིར་བསྒྲགས་ཀྱིས། ཕྱི་ལོ་ ༢༠༠༨ ལོའི་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ཀྱི་སྐབས་ནས་བཟུང་བོད་ནང་དུ་སྔར་ལྷག་དྲག་གནོན་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པ་མ་ཟད། དེ་ལྟ་བུའི་དྲག་གནོན་གྱི་སྲིད་བྱུས་དེ་ད་དུང་ཡང་མུ་མཐུད་དུ་གནས་བཞིན་པ་ཞིག་ཡིན་པང་མངོན་གསལ་གྱིས། འདི་ལོའི་ཨོ་རྩལ་འགྲན་ཚོགས་བརྒྱུད་ནས་བོད་ནང་དུ་དྲག་གནོན་གྱི་སྲིད་བྱས་དེ་སྔོན་ལས་ཀྱང་ཤུགས་ཆེ་རུ་འགྲོ་རྒྱུར་སེམས་འཚབ་ཡོད་པར་བསྒྲགས་འདུག རྒྱ་གར་ཁུལ་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོལ་ལགས་ཀྱིས་གསར་ཁང་ལ་དེ་རིང་གི་ངོ་རྒོལ་ལས་འགུལ་གྱི་དགོས་དམིགས་ཀྱི་ཐད་ནས་ངོ་སྤྲོད་གནང་བ་ལྟར་ན། ད་ལྟའི་བར་དུ་ལས་འགུལ་གྱི་རྣམ་གྲངས་སྣ་མང་བརྒྱུད་ནས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་ལྟར། སང་ཉིན་རྒྱ་ནག་གི་དགུན་དུས་ཀྱི་ཨོ་རྩལ་དེ་འགོ་འཛུགས་ལ་རན་པའི་དུས་སྐབས་དང་བསྟུན་ནས་སླར་ཡང་མང་ཚོགས་ཀྱི་ཁྲོད་དུ་རྒྱ་ནག་གི་དྲག་གནོན་གྱི་སྲིད་བྱུས་ལ་དྲན་གསོ་བྱས་ཏེ། རྒྱ་ནག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་རྡོག་རོལ་གཏོང་གི་ཡོད་པའི་ཐད་ནས་མུ་མཐུད་དུ་ལས་འགུལ་རྒྱུན་སྐྱོང་གནང་ནས་མང་ཚོགས་ཁྲོད་གནད་དོན་དེ་ཕྱིར་བསྒྲགས་བྱེད་རྒྱུར་དམིགས་པ་ཞིག་ཡིན་པར་གསུངས་སོང་། གཞན་ཡང་ཁོང་གིས། ད་ལྟའི་བར་དུ་ལས་འགུལ་སྤེལ་བའི་གྲུབ་འབྲས་སུ་ནུབ་ཕྱོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་དབྱིན་ཡུལ། དེ་བཞིན་ཁ་ན་ཊ་སོགས་ཀྱི་མཚོན་པའི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་གི་ཨོ་རྩལ་འགན་ཚོགས་ཀྱི་ཡུལ་དངོས་སུ་གཞུང་འབྲེལ་གྱི་སྐུ་ཚབ་མི་སྣ་ཆེད་གཏོང་བྱེད་རྒྱུ་མིན་པར་བསྒྲགས་ཡོད་པ་དེ་བརྒྱུད་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་བབ་དེ་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་བྱེད་ཐུབ་པ་བྱུང་ཡོད་པ་ཞིག་ཡིན་པར་གསུངས་སོང་། ཁོང་གིས་མུ་མཐུད་དུ་གསུངས་རྒྱུར། རྒྱ་ནག་གི་ཉེ་སྔོན་ཨོ་རྩལ་གྱི་འགྲན་ཞུགས་པ་རྣམས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་གཏམ་བརྗོད་སྤེལ་བ་ཡིན་ན་ཁྲིམས་ལྟར་ཉེས་ཆད་གཅོད་རྒྱུ་ཡིན་པའི་འཇིགས་སྐུལ་་བྱས་ཡོད་པ་དེ་ནི་ཉེན་ཁ་ཆེ་བའི་གནད་དོན་ཞིག་ཡིན་པར་འགྲེལ་བརྗོད་ཀྱིས། ཨོ་རྩལ་འགྲན་ཞུགས་པ་རྣམས་ཀྱི་ཚེ་སྲོག་ལ་ཡང་ཉེན་ཁ་འཕྲད་སྲིད་པ་ཞིག་ཡིན་མངོན་གསལ་གནང་སོང་། གཞི་རྩའི་འདས་བའི་ལོ་གཉིས་ཀྱི་ནང་དུ། བོད་རང་བཙན་སློབ་ཕྲུག་ཚོགས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་སོགས་ཀྱི་གཙོ་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྐྱིད་ཁག་བརྒྱ་དང་བརྒྱད་ཅུ་ལྷག་གིས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གྱིི་ལས་འགུལ་རབ་དང་རིམས་པ་སྤེལ་བ་བརྒྱུད་ནས། ཕྱི་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཅིག་གིས་གཞུང་འབྲེལ་གྱི་མི་སྣ་ཕྱིར་གཏོང་བྱེད་རྒྱུ་མིན་པར་བསྒྲགས་ཏེ་རྒྱ་ནག་གི་རྩེད་འགྲན་དེར་གནོན་ཤུགས་སྤྲོད་ཐུབ་པ་བྱུང་ཡོད་ཀྱང་། གནད་དོན་དེར་ལྟོས་མེད་ཀྱིས་སང་ཉིན་ནས་དངོས་སུ་རྒྱ་ནག་གི་ནང་དུ་ཨོ་རྩལ་འགྲན་བསྡུར་འགོ་འཛུགས་ཀྱིས་ཚེས་ཉི་ཤུའི་ཉིན་མཇུག་སྒྲིལ་གྱི་ཡོད་ཀྱང་། ད་ཆ་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་གྱི་རྐྱེན་གྱིས་ཨོ་རྩལ་འགྲན་བསྡུར་དེ་ལམ་ལྷུང་ཅི་ཅམ་བྱུང་མིན་ཐེ་ཚོམ་གྱི་གནས་སུ་ལྷག་ཡོད་པ་རེད།

རྒྱ་ནག་གི་ཨོ་རྩལ་ས་ཚིགས་སུ་ཏོག་དབྱིབས་ནད་པ་མང་དུ་འཕེལ་བཞིན་པ།

རྒྱ་ནག་གི་འདི་ལོའི་དགུན་དུས་ཀྱི་ཨོ་རྩལ་འགོ་འཛུགས་ལ་རན་པའི་དུས་སྐབས་འདིར་ཕྱི་ཕྱོགས་ཀྱི་རྩེད་འགྲན་པ་མང་པོ་འབྱོར་བཞིན་པ་དང་བསྟུན་ནས། རྒྱ་ནག་གི་ནང་དུ་ཏོག་དབྱིབས་ནད་དུག་འགོས་ཁྱབ་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད་འདུགགསར་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་དུ། འདས་པའི་ཚོུད་ ༢༤ འི་ནང་པེ་ཅིང་དུ་ཨོ་ལམ་སྤིག་རྩེད་འགྲན་གྱི་འབྲེལ་ཡོད་མི་སྣ་ ༣༢ ལ་ནད་དུག་ཕོག་ཡོད་པ་ར་སྤྲོད་བྱུང་བ་དང་། དེའི་ཁོངས་ནས་ ༡༥ པེ་ཅིང་གནམ་ཐང་དུ་དེ་རིང་འབྱོར་བའི་མི་སྣ་ཡིན་པ་བཅས། ཟླ་བ་སྔོན་མའི་ཚེས་ ༢༣ ནས་ད་ལྟའི་བར་གྱི་གནས་སྟངས་ལ་གཞིགས་ན། རྒྱ་གཞུང་གིས་རྩེད་འགྲན་པ་དང་འབྲེལ་ཡོད་ལས་བྱེད་རྣམས་ལ་རིམས་ནད་བརྟག་དཔྱད་བྱས་པའི་ཁྲོད་ཏོག་དབྱིབས་ནད་དུག་ཕོག་མཁན་གྱི་མི་ཁྱོན་ ༢༠༠ ལྷག་བྱུང་ཡོད་པ་རེད་འདུག རེས་གཟའ་པ་སངས་ཉིན་ནས་འགོ་འཛུགས་བྱེད་རྒྱུའི་ཐེངས་འདིའི་པེ་ཅིང་ནང་གི་འགྲན་ཚོགས་དེའི་ཐོག འཛམ་གླིང་ས་ཕྱོགས་གང་ས་ནས་རྩེད་འགྲན་པ་གཙོ་བོར་གྱུར་བའི་འབྲེལ་ཡོད་ལས་བྱེད་དང་རྒྱལ་ཁབ་སོ་སོའི་སྐུ་ཚབ་རུ་ཁག་སོགས་ཁྱོན་མི་སྣ་ ༣༠༠༠ ལྷག་འདུ་འཛོམས་གནང་གི་ཡོད་པ་དང་། པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་སྨན་པའི་ཚོགས་ཆུང་གི་ཚོགས་གཙོ་ Brian McCloskey ལགས་ཀྱིས་འགྲེལ་བརྗོད་གནང་དོན་ལྟར་ན། འདས་པའི་ཉིན་ཤས་ནང་པེ་ཅིང་དུ་ནད་དུག་ཕོག་མཁན་གྱི་གྲངས་འབོར་ཆ་སྙོམ་དེ་ཉིན་ལྟར་ ༣༠ ཙམ་ཆགས་ཀྱི་ཡོད་པ་དེ་ལྟར་ཡང་། ད་ལྟའི་ཆར་ནད་དུག་ཕོག་མཁན་སུ་ཞིག་གི་གནས་སྟངས་ཛ་དྲག་མེད་པ་དང་། ཕྱི་ལོག་ནས་འབྱོར་མཁན་གྱི་རྩེད་འགྲན་པའི་གྲངས་འབོར་ཉུང་རུ་སོང་བ་དང་ལྷན་དུ། ནད་དུག་ཕོག་མཁན་གྱི་ཉིན་རེའི་ཆ་སྙོམ་གྱི་གྲངས་འབོར་དེའང་ཉུང་དུ་འགྲོ་བའི་རེ་བ་ཡོད་སྐོར་བརྗོད་འདུག གང་ལྟར་རིམས་ནད་ཕོག་པའི་རྩེད་འགྲན་པ་རྣམས་གནས་སྐབས་སུ་མགྲོན་ཁང་གི་ནང་དུ་ཟུར་བཀག་བྱས་ཏེ་བཞག་པ་མ་ཟད། གཅིག་བྱས་ན་ནད་པ་ཁ་ཤས་ཀྱིས་ཐེངས་འདིའི་རྩེད་འགྲན་གྱི་གོ་སྐབས་ལེན་རྒྱུ་ཁག་པོ་ཆགས་སྲིད་པ་དང་། བྷི་བྷི་སི་གསར་ཁང་གིས་འགྲེལ་བརྗོད་གནང་དོན་ལྟར་ན། རྒྱ་ནག་གིས་ད་ལྟའི་བར་དུ་ཏོག་དབྱིབས་ནད་དུག་འགོས་ཁྱབ་ལ་ཚོད་འཛིན་གྱིས་པེ་ཅིང་གི་རྫོང་མང་དག་ཅིག་སྒོ་རྒྱབ་སྟེ་མང་ཚོགས་ས་ཡ་བརྒལ་བར་བརྟག་དཔྱད་དང་།ཕྱི་ཕྱོགས་ཀྱི་འགྲིམ་འགྲུལ་ཡོད་ཚད་མཚམས་འཇོག་བྱས་ཡོད་ཀྱང་། ད་ཆ་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་འགོ་འཛུགས་ལ་རན་པའི་ཁྲོད་ནད་དུག་ཕོག་པའི་གྲངས་འབོར་དེ་ནི་འདས་བའི་ཟླ་ངོ་ ༡༨ གྱི་ནང་དུ་བསྡུར་བ་ཡིན་ན། ད་ཆ་ཏོག་དབྱིབས་ནད་པའི་གྲངས་འབོར་འཕར་ཤུགས་ཆེ་ཤོས་དེ་ཡིན་པར་བརྗོད་འདུག རྩ་བའི་རིམས་ནད་དང་པོ་བྱུང་མ་ཐག་ནས་རྒྱ་ནག་གིས་པེ་ཅིང་གྲོང་ཁྱེར་ནང་དུ་མང་ཚོགས་བཀག་སྐྱིལ་གྱི་སྲིད་བྱུས་ལག་བསྟར་བྱས་ཡོད་པའི་ཁྲོད། པེ་ཅིང་གྲོང་ཁྱེར་དང་ལྷག་པར་རྩེད་འགྲན་འཚོགས་སའི་རྩེད་རྭ་རྣམས་ཕྱོགས་ཡོངས་ནས་བཀག་སྟེ། ལྟ་མོ་བ་རྣམས་ཀྱང་དམིགས་བསལ་གདན་ཞུའི་ཐོག་ནས་མ་གཏོགས་ཕེབས་ཆོག་གི་མེད་པ་དང་། རིམས་ནད་ཕོག་པའི་རྩེད་འགྲན་པ་རྣམས་གཅིད་སྡོད་ས་ཚིགས་སུ་ཟུར་འགོག་བྱས་པ་དང་། ཚོུད་ ༢༤ རེའི་དུས་བཀག་བྱས་ཏེ་སླར་ཡང་བརྟག་དཔྱད་རིམ་པ་གཉིས་བྱས་ནས་ནད་དུག་མེད་པ་ར་སྤྲོད་བྱུང་ན་མ་གཏོགས་རྩེད་འགྲན་ནང་ཞུགས་ཐུབ་ཡ་མེད་པ་བཟོས་ཡོད་པ་རེད་འདུག མ་ཟད་རྩེད་འགྲན་པ་དང་འབྲེལ་ཡོད་ཡོངས་ནས་རང་ཉིད་ཀྱི་ལག་ཐོག་ཁ་པར་ཐོག་དམིགས་བསལ་གཉེན་ཆས་ཕབ་ལེན་གྱིས་ཉིན་ལྟར་སྒེར་སོ་སོའི་ཚ་བ་རྟགས་དཔྱད་བྱེད་དགོས་པ་མ་ཟད། ཨོ་རྩལ་དང་འབྲེལ་བའི་རླངས་འཁོར་རྡབ་སྐྱོན་སོགས་ཀྱི་གནས་ཚུལ་བྱུང་བའི་སྐབས་སུའང་གཞུང་གི་གོ་སྒྲིག་བྱས་པའི་མྱུར་སྐྱོབ་རུ་ཁག་མ་གཏོགས་མང་ཚོགས་གཞན་ནས་རོགས་པ་སོགས་བྱེད་ཆོག་གི་མེད་པའི་བཀོད་ཁྱབ་ཀྱང་བཏང་བའི་གནས་ཚུལ་བྱུང་འདུག གཞི་རྩའི་པེ་ཅིང་གི་དགུན་དུས་ཨོ་ལམ་སྤིག་རྩེད་འགྲན་དེ་རེས་གཟའ་པ་སངས་ཉིན་ནས་འགོ་འཛུགས་བྱེད་ཀྱི་ཡོད་པ་ལྟར། དེ་རིང་པེ་ཅིང་དུ་རྩེད་འགྲན་གྱི་དཔལ་འབར་སྐོར་བསྐྱོད་ཀྱི་ལས་རིམ་དེ་འགོ་འཛུགས་བྱས་ཡོད་པ་དང་། དཔལ་འབར་སྐོར་བསྐྱོད་ཐོག་མར་འགོ་འཛུགས་བྱེད་མཁན་ནི་རྒྱ་ནག་གི་སིལ་སྤོལ་གྱི་རྩེད་འགྲན་པ་གྲགས་ཅན་ Yao Ming དང་། དེ་སྔ་འཕགས་བོད་མཐའ་མཚམས་སུ་རྒྱ་དཀར་ནག་གཉིས་དབར་གདོང་ཐུག་དྲག་པོ་བྱུང་སྐབས་རྨས་སྐྱོན་ཕོག་པའི་དམག་མི་ཞིག་བཞག་ཡོད་པ་རེད་འདུག

དབྱིན་ཡུལ་དུ་མང་ཚོགས་ཁྲོད་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་ལྟ་མཁན་ཉུང་ཉུང་རེད་འདུག

ཁ་སང་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Free Tibetཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པས་དབྱིན་ཡུལ་གྱི་ཁུལ་དུ་མང་ཚོགས་གཅིག་སྟོང་ལྷག་གི་ཁྲོད་འདི་ལོའི་རྒྱ་ནག་གི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ལ་དྲྭ་ལམ་ནས་ལྟ་ཉན་བྱེད་རྒྱུ་ཡིན་མིན་གྱི་བསམ་ཤོག་བསྡུ་རུབ་ཁྲོད་དུ། མང་ཚོགས་བརྒྱ་ཆ་ ༥༨ ཙམ་གྱིས་རྒྱ་ནག་གི་ཨོ་རྩལ་ལ་བལྟ་ཉན་ཉུང་ཙམ་བྱེད་རྒྱུ་ཡིན་པ་དང་བརྒྱ་ཆ་ཉི་ཤུ་ལྷག་གིས་བལྟ་ཉན་རྩ་བ་ནས་བྱེད་རྒྱུ་མིན་པར་བསྒྲགས་འདུག དེ་ཡང་མང་ཚོགས་ཁྲོད་དུ་བསམ་ཤོག་ཁྲོད་དྲི་བ་གཉིས་དྲིས་བའི་ནང་། གཅིག་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་ལས་མང་ཚོགས་ཀྱིས་དུས་རྒྱུན་རྩེད་འགྲན་ཅི་ཙམ་ལ་བལྟ་ཉན་བྱེད་ཀྱི་ཡོད་མེད་དང་། གཉིས་པར་དབྱིན་ཡུལ་གཞུང་གཙོས་པའི་རྒྱལ་ཁབ་གཅིག་གིས་རྒྱ་ནག་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་བབ་དང་འབྲེལ་ནས་ཐཻངས་འདིའི་དགུན་དུས་འགྲན་ཚོགས་སུ་གཞུང་འབྲེལ་གྱི་སྐུ་ཚབ་གཏོང་རྒྱུ་མིན་པར་བསྒྲགས་ཡོད་དུས་མང་ཚོགས་ཀྱིས་གནད་དོན་དེར་འབྲེལ་གྱིས་དྲྭ་ལམ་བརྒྱུད་རྒྱ་ནག་གི་ཨོ་རྩལ་ལ་བལྟ་ཉན་བྱེད་རྒྱུ་ཡིན་མིན་བཀའ་འདྲི་ཞུས་འདུགབོད་དོན་རྒྱབ་སྐྱོར་ཚོགས་པའི་དྲིལ་བསྒྲགས་དང་ཞིབ་འཇུག་འགན་འཛིན་ John Jones ལགས་ཀྱིས། རྒྱ་ནག་གིས་ཊི་ནེ་སི་རྩེད་འགྲན་པ་ Peng Shauiལགས་ཀྱི་གནད་དོན་དེ་ལྐོག་གྱུར་བཟོས་བ་བཞིན་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ངོས་ནས་ཀྱང་རྩེད་འགྲན་གྱི་དམིགས་འདུན་ལས་ཁེ་བཟང་གཙོ་བོར་བཟུང་སྟེ་རྒྱ་ནག་དང་ངན་འབྲེལ་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱི་གནས་ཚུལ་དེ་རིགས་སྦེད་ཐབས་བྱ་རྒྱུ་ཉག་གཅིག་ཡིན་སྐོར་གསུང་བ་དང་ཆབས་ཅིག ཨོ་རྩལ་འགྲན་ཚོགས་ལ་རྒྱུན་དུ་དགའ་མོས་གནང་མཁན་རྣམས་ཀྱིས་ད་རེས་ཀྱི་བསམ་ཤོག་བསྡུ་རུབ་དེ་བརྒྱུད། རྩེད་འགྲན་དེ་བཞིན་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་བབ་དེ་གཙང་བཟོ་བྱེད་ཐབས་ལ་བེད་སྤྱོད་བྱེད་དུ་འཇུག་འདོད་མེད་པའི་རྣམ་པ་གསལ་པོར་བསྒྲགས་པ་མ་ཟད། དགོས་མཁོར་ཐུག་ན་རྩེད་འགྲན་ཕྱིར་སྟོན་གྱི་དྲྭ་ལམ་དེ་དག་ཡོངས་སུ་སྒོ་རྒྱག་རྒྱུ་ཡིན་པར་གསུངས་འདུགཁོང་གིས་ད་དུང་ཨོ་རྩལ་ལྷན་ཚོགས་དང་FIFAཞེས་པའི་རྒྱལ་སྤྱིའི་རྐང་རྩེད་ཚོགས་པ་སོགས་ཀྱིས་དུས་ཡུན་རིང་བོར་ལྟད་མོ་བ་རྣམས་ཀྱིས་རྒྱབ་སྐྱོར་ཡོད་ཤག་གིས་རང་སྣང་གང་དྲན་བྱས་ཀྱང་། རྩེད་འགྲན་ལ་དགའ་མོས་ཡོད་མཁན་རྣམས་ཀྱིས་དྲང་བདེན་གྱི་རྩེད་འགྲན་ལ་རེ་བ་གསལ་འདོན་གྱིས། རྒྱལ་སྤྱིའི་རྩེད་འགྲན་ཚོགས་པ་ཁག་གིས་རྒྱལ་སྤྱིའི་བུད་མེད་ཊི་ནེ་སི་ཚོགས་པ་ལྟར་བློ་ཁོག་ཆེན་པོའི་ངང་ནས་རྒྱ་ནག་ཏུ་འཚོགས་རྒྱུའི་ཨོ་རྩལ་འགྲན་ཚོགས་ལ་འཛུལ་ཞུགས་ཕྱིར་འཐེན་དགོས་བར་སྐུལ་མ་གནང་ཡོད་པར་འགྲེལ་བརྗོད་གནང་འདུག དབྱིན་ཡུལ་བོད་དོན་རྒྱབ་སྐྱོར་ཚོགས་པས་ཕྱི་ལོ་༢༠༠༨་ལོའི་རྒྱ་ནག་གི་དབྱར་དུས་ཀྱི་ཨོ་རྩལ་སྔ་རོལ་དུ་བོད་མི་རྣམས་ཀྱིས་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་ཀྱང་། རྒྱ་ནག་གིས་སྐབས་དེར་བོད་མིའི་ཐོག་དྲག་སྤྱོད་ཤུགས་ཆེ་སྤེལ་དང་སྤེལ་མུས་ཁྲོད། ཨ་རིའི་རང་དབང་ཁང་པའི་ལོ་འཁོར་སྙན་ཐོ་ནང་དུ་བོད་ནི་རྒྱལ་སྤྱིའི་ཁྲོད་རང་དབང་ཆེས་ཞན་པའི་དྲག་གནོན་གྱི་ས་ཁུལ་ཞིག་ཡིན་པར་ཕྱིར་བསྒྲགས་བྱས་ཡོད་པར་ལུང་འདྲེན་དང་འབྲེལ། ད་ཆ་རྒྱལ་སྤྱིའི་གསར་ཁང་ཆེ་གྲས། BBCདང་Discovery གཞན་ཡང་ ITV སོགས་ཀྱིས་ཨོ་རྩལ་ལྟད་མོ་སྟོན་ཐབས་སུ་མ་འཛུགས་ཆེན་པོ་བྱས་ཡོད་པ་དང་། དེ་བཞིན་ཁྱབ་བསྒྲགས་པ་དང་སྦྱིན་བདག་སོགས་ཀྱང་རྩེད་འགྲན་དང་འབྲེལ་ནས་མ་དངུལ་ཆེན་པོ་བཏང་ཡོད་པ་དེ་ནི་ཧང་སང་དགོས་བའི་གནད་དོན་ཞིག་ཡིན་པར་བསྒྲགས་འདུགརྩ་བའི་དབྱིན་ཡུལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་No Beijing 2022 ཞེས་རྒྱ་ནག་ཏུ་འཚོགས་རྒྱུའི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གནང་མཁན་གྱི་ཚོགས་པ་ཁག་གཅིག་དང་མཉམ་འབྲེལ་གྱིས། འདི་ལོའི་ཨོ་རྩལ་འགྲན་ཚོགས་ལ་བལྟ་ཉན་བྱེད་རྒྱུ་མེད་པའི་འབོད་སྐུལ་བྱས་ཏེ། དེའི་ཚབ་ཏུ། རྩེད་འགྲན་དང་འབྲེལ་བའི་ལྟད་མོ་དང་། ཡང་ན་བོད་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་བའི་ལྟད་མོ་སོགས་ལ་བལྟ་ཉན་བྱེད་རྒྱུའི་སྐུལ་སློང་གི་ལས་འགུལ་སྤེལ་མུས་ཡིན་པ་རེད། གཞི་རྩའི་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་རྒྱ་ནག་ཏུ་འདི་ལོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་བསྡུ་རྒྱུའི་ཆོག་མཆན་སྤྲད་པ་དང་འབྲེལ་ནས། རྒྱ་ནག་གིས་གཅིག་ནས་བོད་ས་བཙན་བཟུང་བྱས་པ་དང་། ཡུ་གུར་ཁ་ཆེ་མི་རིགས་རྩ་གཏོར་བཏང་བ། དེ་བཞིན་ཧོང་ཀོང་ནང་གི་མང་གཙོའི་རང་དབང་ལ་དྲག་གནོན་བྱས་པ་སོགས་ཀྱི་གནད་དོན་དང་འབྲེལ་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྟེང་འདས་བའི་ལོ་གཉིས་ཀྱི་ནང་དུ་ཨོ་རྩལ་ལྷན་ཚོགས་ལ་སྐྱོན་བརྗོད་དྲག་པོ་བྱས་ཏེ་རྒྱ་ནག་ཏུ་ཨོ་རྩལ་བསྡུ་རྒྱུའི་གནས་བབ་མེད་པར་ཡོངས་གྲགས་གནང་ཡོད་བའི་ཁྲོད། དབྱིན་ཡུལ་དང་ཨ་རི་སོགས་ཀྱི་མཚོན་པའི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ཐོག་གཞུང་འབྲེལ་གྱི་སྐུ་ཚབ་མི་སྣ་མི་གཏོང་རྒྱུ་ཕྱིར་བསྒྲགས་གནང་ཡོད་པ་རེད།

ཡུ་རོབ་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་ཚོང་ལས་ལྷན་ཚོགས་སུ་རྒྱ་ནག་ཁྲིམས་གཏུགས།

དེ་ཡང་གཟའ་འཁོར་སྔོན་མའི་རེས་གཟའ་ཕུར་བའི་ཉིན། ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གིས་དབྱེ་འབྱེད་རང་བཞིན་གྱི་རྒྱལ་སྤྱིའི་ཚོང་ལས་ལག་བསྟར་བྱེད་ཀྱི་ཡོད་པ་དང་འབྲེལ་ནས། WTO ཞེས་པའི་རྒྱལ་སྤྱིའི་ཚོང་ལས་ལྷན་ཚོགས་སུ་རྒྱ་ནག་གི་བྱེད་བབ་དང་འབྲེལ་བའི་ཚོང་དོན་གྱོད་གཞིའི་ཁྲིམས་གཏུགས་བྱེད་འགོ་ཚུགས་འདུག ཡུ་རོབ་མཐུན་ཚོགས་ཀྱིས། རྒྱ་ནག་གིས་ Baltic མངའ་ཁུལ་གྱིས་ཐེ་ཝན་དང་མཉམ་དུ་འབྲེལ་ལམ་གཏིང་ཟབ་ཏུ་བཏང་བ་དང་འབྲེལ་ནས་རྒྱ་ནག་གིས་ཁུལ་དེའི་ལི་ཐོ་ཎི་ཡ་རྒྱལ་ཁབ་དང་མཉམ་དུ་ཚོང་འབྲེལ་ཡོད་ཚད་བཀག་སྡོམ་བྱས་པར་ ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གིས་དབྱེ་འབྱེད་རང་བཞིན་གྱི་ཚོང་ལས་ལག་བསྟར་བྱེད་ཀྱི་ཡོད་པར་ངོས་འཛིན་གྱིས་རྒྱལ་སྤྱིའི་ཚོང་ལས་ལྷན་ཚོགས་སུ་ཁྲིམས་གཏུགས་བྱས་ཡོད་འདུགདེ་ཡང་ཡུ་རོབ་མཐུན་ཚོགས་ཀྱི་ཚོང་ལས་ཀྱི་གཙོ་འཛིན།  སྐུ་ཞབས Valdis Dombrovskis ལགས་ཀྱིས་འགྲེལ་བརྗོད་བྱས་པའི་ནང་དུ། གཞི་རྩའི་རྒྱལ་སྤྱིའི་ཚོང་ལས་ལྷན་ཚོགས་ལ་གྱོད་དོན་ཞུ་གཏུགས་བྱེད་རྒྱུ་དེ་ནི་ང་ཚོ་ལས་སླ་བོ་ཞིག་ལ་ངོས་འཛིན་བྱེད་བཞིན་མེད་ཀྱང་། རྒྱལ་ཁབ་ཕྱོགས་གཉིས་ཀྱིས་ཐེངས་མང་པོ་ཚོང་འབྲེལ་གྱི་གྱོད་དོན་དེ་ཞི་འགྲིག་ཐུབ་ཐབས་སུ་འབད་བརྩོན་བྱས་ཀྱང་གྲུབ་འབྲས་མ་བྱུང་བས།  ད་ནི་རྒྱལ་སྤྱིའི་ཚོང་ལས་ལྷན་ཚོགས་སུ་ཞུ་སྐུལ་གྱིས་རྒྱ་ནག་དང་འབྲེལ་བའི་གྱོད་དོན་དེ་ཞི་འཇགས་ཡོང་ཐབས་སུ་སྐུལ་མ་གནང་རྒྱུ་ལས་ལྷག་མེད་པ་ཞིག་ཡིན་པར་མངོན་གསལ་གནང་འདུག གཞན་ཡང་ཁོང་གིས། ཡུ་རོབ་མཐུན་ཚོགས་ནི་ཚོང་ར་གཅིག་གི་ངོ་བོར་གནས་ཡོད་པ་དང་རྒྱལ་སྤྱིའི་ཚོང་ལས་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དང་འགལ་བའི་བྱ་སྤྱོད་ལ་ཐུག་སྐབས་ཀྱང་ཡུ་རོབ་མཐུན་ཚོགས་ཀྱིས་གནད་དོན་དེར་མཉམ་མཐུན་གྱིས་ཁ་གཏད་གཅོག་རྒྱུ་ཡིན་ལུགས་ངོ་སྤྲོད་ཀྱིས། ཚོང་ལས་ཀྱི་ཁྲིམས་སྒྲིག་རྩ་གཏོར་བྱིན་པ་དེ་ཡིས་ཡུ་རོབ་མཐུན་ཚོགས་ཀྱི་ཚོང་རའི་གཅིག་སྒྲིལ་ལ་ཉེན་ཁ་སྤྲད་པ་ཞིག་ཡིན་སྟབས་ཕྱི་འབྲེལ་གྱི་མི་སྣ་བརྒྱུད་ནས་གནད་བབ་དེ་གང་མགྱོགས་ཞི་འཇགས་ཡོང་ཐབས་གནང་དགོས་བར་སྐུལ་འདུགཡུ་རོབ་ལྷན་ཚོགས་ཀྱི་རྒྱལ་སྤྱིའི་ཚོང་ལས་ལྷན་ཚོགས་ཀྱི་སྐུ་ཚབ་པས་ཚོང་ལས་ལྷན་ཚོགས་སུ་དང་ཁ་གཏད་ཀྱི་རྒྱ་ནག་སྐུ་ཚབ། Li Chenggang ལགས་སུ་ཡི་གེ་བཏང་བའི་ནང་དུ། པེ་ཅིང་གིས་ལི་ཐོ་ཎི་ཡའི་ཚོང་ལས་ནང་འདྲེན་དང་རྒྱ་ནག་གི་ཅ་དངོས་ཕྱིར་འདྲེན་སོགས་ཡོངས་སུ་བཀག་སྡོམ་བྱས་ཡོད་པ་ཞིག་ཡིན་པར་འཁོད་ཡོད་པ་མ་ཟད། རྒྱ་ནག་གིས་ལི་ཐོ་ཎི་ཡ་དང་འབྲེལ་བའི་ཚོང་ལས་དང་ཞབས་ཞུའི་རིགས་བཀག་སྡོམ་བྱས་པའི་ཁྲོད།  ཡུ་རོབ་མཐུན་ཚོགས་བརྒྱུད་པའི་ཚོང་ལས་ལ་ཡང་དོ་ཕོག་འགྲོ་བཞིན་ཡོད་པར་མངོན་གསལ་གནང་འདུག རྒྱ་ནག་གིས་ཡུ་རོབ་མཐུན་ཚོགས་ཀྱི་གྱོད་དོན་དེ་དང་འབྲེལ་ནས་གནད་དོན་དེ་ནི་རྒྱ་ནག་དང་ལི་ཐོ་ཎི་ཡ་གཉིས་བར་གྱི་གནད་དོན་ཞིག་ཡིན་པར་འགྲེལ་བརྗོད་ཀྱིས། ཡུ་རོབ་མཐུན་ཚོགས་ཀྱིས་གནད་དོན་དེར་ཐེ་གཏོགས་མི་བྱེད་རྒྱུའི་ཉེན་བརྡ་བཏང་ཡོད་པ་དང་། རྒྱ་ནག་གིས་ལི་ཐོ་ཎི་ཡ་དང་འབྲེལ་བའི་ཚོང་འབྲེལ་བྱེད་ཕྱོགས་དེ་ནི་རྒྱ་ནག་གི་ཚོང་ལས་ཀྱི་འདོད་མོས་ཡིན་པ་ལས་གནད་དོན་གཞན་དང་འབྲེལ་བ་ཡོད་པར་ཁས་ལེན་བྱས་མེད་ཀྱང་ཡུ་རོབ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འགྲེལ་བརྗོད་བྱེད་སྟངས་དེར་ངོས་ལེན་གནང་མེད་པ་རེད་འདུགགཞི་རྩའི་ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གིས་ཡུ་གུར་ཁ་ཆེ་མི་མང་ངལ་རྩོལ་བསྒྱུར་བཀོལ་བྱས་པའི་གནད་དོན་དང་འབྲེལ་ནས་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཁག་ཅིག་ཡུ་རོབ་ཏུ་འགྲོ་སྐྱོད་མི་ཆོག་པའི་ཁྲིམས་ཀྱི་ཉེས་ཆད་བཅད་པ་དང་བསྟུན་ནས་རྒྱ་ནག་གིས་ཀྱང་ཡུ་རོབ་ཀྱི་དཔོན་རིགས་ཁག་ཅིག་རྒྱ་ནག་གི་ནང་དུ་ཡོང་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད་པ་དང་བསྟུན་ནས།  ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་ཀྱི་བར་དུ་ཚོང་དོན་གྱི་གན་རྒྱ་མང་པོ་ཞིག་དུས་ལྟར་འཇོག་མ་ཐུབ་པར་རང་སོར་ལྷག་ཡོད་པ་རེད།

རྒྱ་གཞུང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ཤིན་ཅང་དུ་ཕེབས་རྒྱུའི་གདན་ཞུ།

རྒྱ་ནག་གཞུང་ངོས་ནས་ཡུལ་དེའི་ནང་ཚོགས་རྒྱུའི་ཨོ་རྩལ་འགྲན་ཚོགས་ཀྱི་རྗེས་སམ། འདི་ལོའི་ལོ་དཀྱིལ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ལྕམ་སྐུ་ Michelle Bachelet ལགས་ཤིན་ཅང་དུ་བསྐྱོད་རྒྱུའི་ཆོག་མཆན་ཕུལ་ཡོད་པའི་གནས་ཚུལ་ཐོན་འདུགདེ་རིང་ལྷོ་རྒྱ་ནག་གི་ཞོགས་པའི་ཆ་འཕྲིན་གསར་ཤོག་ཐོག་གནས་ཚུལ་ཐོན་པར་གཞིགས་ན། ལྕམ་སྐུ་ Michelle Bachelet ལགས་ཀྱིས་ཕྱི་ལོ་༢༠༡༨ ལོ་ནས་བཟུང་ཤིན་ཅང་ཁུལ་དུ་སྐུ་ཚབ་ཚོགས་པ་ཞིག་ཆེད་གཏོང་བྱེད་རྒྱུར་གྲ་སྒྲིག་བྱས་པ་ལྟར། རྒྱ་ནག་གཞུང་གིས་འདི་ལོའི་ཟླ་བ་ ༤ བའི་ཚེས་ ༢༠ རྗེས་སམ། པེ་ཅང་གི་ཨོ་རྩལ་འགྲན་ཚོགས་མཇུག་སྒྲིལ་རྗེས་ལྕམ་སྐུ་མཆོག་གི་སྣེ་ཁྲིད་འོག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་སྐུ་ཚབ་ཚོ་ཁག་ཤིན་ཅང་གི་ནང་དུ་ཆེད་ཕེབས་གནང་རྒྱུའི་ཆོག་མཆན་ཕུལ་ཡོད་པ་དེ་ལྟར་ཡང་། ཐེངས་འདིའི་སྐོར་སྐྱོད་དེ་ནི་ཕན་ཚུན་གྲོགས་པའི་མཛའ་བརྩེའི་ངང་ནས་ཆེད་ཕེབས་གནང་རྒྱུ་ཡིན་པ་ལས་དམིགས་བསལ་གྱི་རྟོག་ཞིབ་ཀྱི་ངོ་བོའི་ཐོག་ནས་ཕེབས་རྒྱུ་མིན་པར་བསྒྲགས་འདུག མ་ཟད་དེ་རིང་པེ་ཅིང་དུ་ཚོགས་པའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། རྒྱ་ནག་གཞུང་གི་ངོས་ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་ལྕམ་སྐུ་མཆོག་རིང་མིན་ཤིན་ཅང་གཙོ་བྱས་པའི་རྒྱ་ནག་གི་ས་ཁུལ་ཁག་ཏུ་ཆེད་ཕེབས་གནང་རྒྱུར་གདན་ཞུ་ཕུལ་ཟིན་པ་དང་། ད་ལྟའི་ཆར་ཕྱོགས་གཉིས་དབར་གནད་དོན་དེའི་སྐོར་འབྲེལ་བ་བྱེད་མུས་ཡིན་པར་བརྗོད་འདུག རྩ་བའི་ཐེངས་འདིར་རྒྱ་ནག་གཞུང་གིས་རྒྱལ་ཚོགས་ལ་ཕུལ་བའི་གདན་ཞུ་དེ་ནི་ད་ལྟའི་ཆར་སུད་སི་ཇཱ་ནི་ཝ་གྲོང་ཁྱེར་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ ༤༦ པ་དེ་འཚོགས་བཞིན་པའི་ཁྲོད་ཕུལ་བ་ཞིག་ཡིན་པ་དང་། བརྒྱུད་ལམ་ཁག་གཅིག་ཏུ་ཐོན་པའི་འབྲེལ་ཡོད་གནས་ཚུལ་ཞིག་གི་ནང་གསལ་ལྟར་ན། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་རིང་མིན་ཤིན་ཅང་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་འཆར་ཡོད་ཀྱང་། རྒྱ་ནག་གཞུང་ནས་ཐེངས་འདིའི་ཨོ་ལམ་སྤིག་རྩེད་འགྲན་མ་འཚོགས་གོང་དུ་སྙན་ཐོ་དེ་འདོན་སྤེལ་གནང་རྒྱུ་མེད་པའི་གནོན་ཤུགས་སྤྲད་ཡོད་པ་རེད་འདུག སྤྱིར་ཕྱི་ལོ་ ༢༠༠༨ ལོའི་པེ་ཅིང་ཨོ་ལམ་སྤིག་རྩེད་འགྲན་སྐབས་བཞིན། ཐཻངས་འདིའི་པེ་ཅིང་གི་དགུན་དུས་ཨོ་ལམ་སྤིག་རྩེད་འགྲན་གྱི་སྔ་རོལ་དུ་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་སླར་ཡང་རྒྱལ་སྤྱིའི་ཁྲོད་དོ་སྣང་དང་བགྲོ་གླེང་ཡོང་བཞིན་པའི་ཁྲོད། ཨ་རི་གཙོས་པའི་རྒྱལ་ཁབ་མང་དག་ཅིག་གིས་རྒྱ་ནག་གིས་ཡུ་གུར་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པར་འགྲེལ་བརྗོད་ཀྱིས་འདི་ལོའི་རྩེད་འགྲན་སྐབས་གཞུང་འབྲེལ་སྐུ་ཚབ་གཏོང་རྒྱུ་མིན་པར་ཐག་གཅོད་གནང་ཡོད་པ་རེད།འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ངེས་སྟོན་པ་ Sophie Richardson ལགས་ཀྱིས་Reuters གསར་སྤེལ་ཁང་ལ་ཡིག་ལམ་ནས་འགྲེལ་བརྗོེད་གནང་བའི་ནང་དུ། རྒྱལ་སྤྱིའི་སྣེ་འདྲེན་གྱི་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་ཕྱི་འབྲེལ་གྱི་སྐུ་ཚབ་མི་སྣ་རྣམས་རྒྱ་ནག་གིས་ཡུ་གུར་ཁ་ཆེ་མི་རིགས་ལ་དམིགས་པ་སོགས་ཀྱི་མཚོན་པའི་འགྲོ་བ་མིའི་རིགས་ལ་བསགས་པའི་ནག་ཉེས་ལས་གཡོལ་ཐབས་ཀྱི་བསླུ་བྲིད་འོག་ཏུ་ཚུད་རྒྱུ་མེད་པར་བརྗོད་འདུག གཞི་རྩའི་རྒྱ་ནག་གི་དམར་ཤོག་སྲིད་གཞུང་གི་འོག་ཏུ་ཡོད་པའི་གྲངས་ཉུ་མི་རིགས་ཀྱི་ས་ཁུལ་སོ་སོར་འགྲོ་བ་མིའི་ཐོབ་ཐང་གི་གཙོ་བྱས་པའི་སྐད་ཡིག་དང་ཆོས་ལུགས་དད་མོས་ལ་རྡོག་རོལ་ཆེས་ཆེར་ཐེབས་བཞིན་པ་ཡོངས་གྲགས་ཡིན་པ་ལྟར། སྔར་ལོ་ཨོ་གླིང་དུ་རྟེན་གཞི་བྱས་པའི་ཨོ་གླིང་གི་འཐབ་བྱུས་ལྟེ་གནས་ཁང་(ASPI) གིས་ཟུང་སྐར་བརྒྱུད་བླངས་པའི་པར་རིས་དང་། གཞུང་འབྲེལ་ཡིག་ཆ། དེ་བཞིན་ཕྱི་རྒྱལ་དུ་བྲོས་བྱོལ་དུ་སོང་བའི་ཡུ་གུར་རྣམས་ཀྱི་དངོས་བྱུང་མྱོང་བ་ཁག་ལ་གཞིར་བཟུང་སྟེ་ཞིབ་འཇུག་བྱས་ནས་སྙན་ཐོ་ཞིག་བཏོན་པའི་ནང་དུ། རྒྱ་ནག་གཞུང་གིས་ཡུ་གུར་འདུས་སྡོད་ཆེ་སའི་ཤིན་ཅང་ཁུལ་དུ་ཉུང་མཐར་བཀག་སྐྱིལ་ཁང་ཆེ་ཆུང་མི་འདྲ་བ་ ༣༨༠ ལྷག་འཛུགས་སྐྲུན་བྱས་ཏེ། མི་མང་བཀག་སྐྱིལ་དང་བསམ་བློ་བཅོས་སྒྱུར་བྱེད་བཞིན་ཡོད་པ་མངོན་གསལ་གནང་ཡོད་པ་རེད།

རྒྱ་ནག་གིས་བོད་ཁུལ་དུ་དཔེ་བཟང་གྲྭ་བཙུན་ལ་གཟེངས་རྟགས་ཀྱི་ཚོགས་འདུ་བསྡུས་བ།

རྒྱ་ནག་གིས་དུས་རྒྱུན་ནས་ཞི་དྲག་གཉིས་ལྡན་གྱི་ཐབས་ཤེས་ཡོད་ཚད་སྤྱད་ནས་བོད་ཁུལ་གྱི་དགོན་པ་གྲྭ་ཚང་གི་གཙོ་བྱས་པའི་ཤེས་ལྡན་མི་སྣ་དང་མང་ཚོགས་སྤྱི་ཡོངས་ལ་དམ་དྲག་བྱེད་བཞིན་པའི་ཁྲོད། ཁ་ཉིན་ཚེས་ཉེར་ལྔའི་ཉིན། རྒྱ་ནག་གིས་ཁམས་དཀར་མཛེས་ཁུལ་གྱི་དགོན་པ་ཁག་ ༧༦ དང་གྲྭ་བཙུན་གྲངས་༩༡༣ ལ་གཞུང་འབྲེལ་གྱི་དཔེ་བཟང་གཟེངས་རྟགས་སྤྲོད་རྒྱུའི་ཚོགས་འདུ་འཚོགས་འདུགདེ་ཡང་ཁ་སང་རྒྱ་ནག་གཞུང་འབྲེལ་གྱི་ཁམས་ཁུལ་གྱི་སྐད་འཕྲིན་གྱི་སྤྱི་སྟེགས་ཤིག་ཏུ་གསར་འགྱུར་ཐོན་པ་ལྟར་ན། སྤྱི་ཟླ་དང་པོའི་ཚེས ༢༥ ཉིན། ཁམས་དར་རྩེ་མདོ་རུ་དཀར་མཛེས་ཁུལ་གྱི་དཔལ་ཡོན་དང་ཞི་མཐུན། བདེ་འཇགས་བཅས་ཀྱི་དགོན་སྡེར་མིང་བཏགས་སྒོ་བྱང་སྤྲོད་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་གྲྭ་བཙུན་ལ་གཟེངས་བསྟོད་བྱེད་པའི་ཚོགས་འདུ་ཞེས་པ་ཞིག་འཚོགས་ཡོད་པ་ཁྱབ་བསྒྲགས་ཀྱིས། དགོན་པ་ཁག་ཅིག་དང་གྲྭ་བཙུན་ཁག་ཅིག་ལ་སྲིད་གཞུང་གི་ངོས་ནས་གཟེངས་རྟགས་སྤྲོད་རྒྱུ་ཐག་བཅད་བྱས་འདུག སྐབས་དེའི་ཚོགས་ཆེན་ཐོག་གཞུང་འབྲེལ་གྱི་མི་སྣའི་གཏམ་བཤད་བྱས་པའི་ནང་དུ། ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། དགོན་སྡེར་ཁྲིམས་ལྟར་ཚད་ལྡན་དོ་དམ་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། སྔོན་ཐོན་ལ་བསྔགས་བརྗོད་བྱེད་ཅིང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་བ་བཅས་བྱས་ནས་ཁུལ་ཡོངས་ཀྱི་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་ཡོད་པ་དང་འབྲེལ་ནས།  ཁུལ་རིམ་པའི་དཔལ་ཡོན་དང་ཞི་མཐུན། བདེ་འཇགས་བཅས་ཀྱི་དགོན་སྡེ ༧༦ དང་རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་གྲྭ་བཙུན ༨༡༣ ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ་སྤེལ་འདུགཐེངས་འདིའི་རྒྱ་ནག་གི་ཚོགས་འདུ་དེའི་ཐོག   ཁུལ་དེའི་དམར་ཤོག་ཚོགས་པའི་རྒྱུན་ལས་དང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགོ་གཙོ། དེ་བཞིན་ ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོ་དང་མི་རིགས་ཆོས་ལུགས་ལས་དོན་ཁང་གི་འགོ་གཙོ་སོགས་ཀྱི་མཚོན་པའི་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག  གཟེངས་བསྟོད་ཐོབ་པའི་དཔལ་ཡོན་དང་ཞི་མཐུན། བདེ་འཇགས་བཅས་ཀྱི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་གྲྭ་བཙུན་གྱི་འཐུས་མི་བཅས་ཚོགས་འདུར་ཞུགས་ཡོད་པར་འཁོད་འདུག གོང་གི་གནད་དོན་དེ་དང་འབྲེལ་ནས། འདི་གའི་གསར་འགོད་པས་བཞུགས་སྒར་ཁུལ་གྱི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། རྒྱ་ནག་གིས་དུས་རྒྱུན་བོད་ཁུལ་དུ་འཐབ་བྱུས་འདྲ་མིན་སྤྱད་ནས་བོད་རིགས་མི་མང་ལ་བསླུ་བྲིད་གཏོང་གི་ཡོད་པར་འགྲེལ་བརྗོད་ཀྱིས།  ཐེངས་འདིར་དགོན་པ་གྲྭ་ཚང་དང་གྲྭ་བཙུན་ལ་དངུལ་དངོས་ཀྱི་གཟེངས་རྟགས་སྤྲོད་ཀྱི་ཡོད་ཟེར་བ་དེ་ཡང་གཙོ་བོ་རྒྱ་ནག་གི་བཀའ་རྒྱ་ལག་ལེན་ལ་ཁེལ་བའི་བོད་མི་རྣམས་ལ་གཞུང་འབྲེལ་གྱི་ཐོག་ནས་དཔེ་བཟང་གི་མི་སྣར་ངོས་འཛིན་བྱས་པའི་ཞི་བའི་བསླུ་བྲིད་ཀྱི་རྣམ་གྲངས་ཤིག་ཡིན་པར་ངོ་སྤྲོད་གནང་སོང་།

རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་འཛིན་བཟུང་བྱས་ནས་ལོ་གཅིག་ཕྱིན་ཀྱང་གར་སོང་ཆ་མེད་རེད་འདུག

གཞིས་བཞུགས་རྩོམ་པ་པོ་གྲགས་ཅན་དང་རིག་གནས་འཆད་ཁྲིད་ཀྱི་དགེ་རྒན། རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་རྒྱ་ནག་གིས་ཕྱི་ལོ་ ༢༠༢༠ ལོར་བཙན་ཁྲིད་བྱས་ཏེ་ད་ཆ་ལོ་གཅིག་ལྷག་ཕྱིན་ཡོད་ཀྱང་། ཁོང་རྒྱ་ནག་གི་བཙོན་ཁང་གང་དུ་ཡོད་པ་སོགས་ཀྱི་གནས་ཚུལ་ཅི་ཡང་གསལ་ཁ་ཆགས་མེད་པར་རང་སོར་གནས་ཡོད་པ་རེད། ཁ་སང་། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་གནས་ཉམས་ཞིབ་ཁང་གིས་རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་དང་འབྲེལ་ནས་གནས་ཚུལ་གསར་བ་ཞིག་སྤེལ་བའི་ནང་དུ། ཕྱི་ལོ་ ༢༠༢༠ ལོའི་ཟླ་བ་༡༢ བའི་ཚེས་ ༢ ཉིན། ཁོང་རོང་བོ་དགོན་ཆེན་དང་ཐག་ཉེ་བའི་སྲང་ལམ་ཞིག་ཏུ་རྒྱ་ནག་གིས་ཁོང་འཛིན་བཟུང་བྱས་ཏེ་རླངས་ནག་པོ་ཞིག་གི་ནང་དུ་བཅུག་ནས་བཙན་ཁྲིད་བྱེད་བཞིན་ཉེ་འགྲམ་གྱི་ཚལ་བཙོང་མཁན་ཞིག་གིས་མཐོང་ཡོད་ཀྱང་། སྐབས་དེ་ནས་བཟུང་ཁོང་གར་ཡོད་གང་ཁྱེར་གྱི་གནས་ཚུལ་གཅིག་ཀྱང་ཤེས་རྟོགས་མེད་པར་གྱུར་ཡོད་པར་བརྗོད་འདུག དེ་སྔོན་ཁོང་རྒྱ་ནག་གིས་འཛིན་བཟུང་བྱེད་སྐབས་ཁོང་ནག་ཉེས་ཅི་ཞིག་ལ་ཁ་གཡར་གྱིས་འཛིན་བཟུང་བྱས་པ་ཤེས་རྟོགས་མེད་པར་གྱུར་ཡོད་ཀྱང་། ཕྱིས་སུ་གནས་ཚུལ་ཤེས་གསལ་ལྟར་ན། རྒྱ་ནག་གིས་ནང་བསྟན་རྒྱ་བསྒྱུར་གྱི་ལས་གཞི་དང་འབྲེལ་ནས། རེབ་གོང་རོང་བོ་ས་ཁུལ་དུ་དེར་འབྲེལ་གྱི་ཟབ་སྦྱོང་ཞིག་གོ་སྒྲིག་བྱས་པའི་སྐབས་སུ། རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་ཀྱིས་ཀྱང་ཉམས་ཞུགས་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་ནང་བསྟན་རྒྱ་བསྒྱུར་ཀྱི་ཟབ་ཁྲིད་པ་རྣམས་ལ་དོན་དངོས་སུ་ནང་བསྟན་རྒྱ་བསྒྱུར་ཟེར་བ་དེ་ཇི་ལྟ་བུ་ཞིག་ཡིན་མིན་གྱི་དྲི་བ་དྲིས་བ་དང་འབྲེལ་ནས་ཕན་ཚུན་གྱི་བར་དུ་ཚིག་རྩོད་ཅིག་བྱུང་ཡོད་པ་དང་འབྲེལ་བ་ཡོད་པ་ཞིག་ཡིན་པར་བརྗོད་འདུག གནད་དོན་དེ་བྱུང་ནས་ཉིན་ཤས་ཀྱི་རྗེས་སུ། ཁོང་རོང་བོ་དགོན་ཆེན་ནས་རོང་བོ་གྲོང་བརྡལ་དུ་རྟག་རིག་གི་འཛིན་གྲྭ་ཞིག་ལ་ཕེབས་བཞིན་པའི་ལམ་བར་ནས། རྒྱ་ནག་གིས་གསང་སྟབས་ཀྱིས་ཁོང་འཛིན་བཟུང་གིས་བཙན་ཁྲིད་བྱས་ཡོད་པར་ལུང་འདྲེན་གྱིས། ཕྱི་ལོ་ ༢༠༢༡ ལོའི་ཟླ་བ་ ༡༠ བའི་ཚེས་ ༢༧ ཉིན་ཁོང་གི་ནང་མིར་རྒྱ་ནག་གིས་ཁ་པར་ཞིག་བཏང་སྟེ། གང་མགྱོགས་རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་པར་བརྗོད་ཀྱང་། དེའི་རྗེས་ནས་བཟུང་ཁོང་གི་གནས་སྟངས་གང་ཡང་གསལ་ཆ་དང་གྲགས་འགུལ་མེད་པར་གྱུར་ཡོད་པར་འཁོད་འདུག དེ་བཞིན་བོད་གནས་ཉམས་ཞིབ་ཁང་གིས། རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་ཀྱིས་གོང་རིམ་གྱི་ཟབ་ཁྲིད་པར་དྲི་བ་དྲིས་བའི་ནང་བསྟན་རྒྱ་བསྒྱུར་གྱི་གནད་དོན་དེ་ནི། ཕྱི་ལོ་༢༠༡༧ ལོའི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་སྐབས་ ༡༩ བའི་ཐོག་རྒྱ་ནག་གིས་གཏན་འབེབས་བྱས་པའི་སྲིད་བྱུས་ཤིག་ཡིན་པ་ཞིང་། ཕྱིས་སུ་རྒྱ་ནག་གི་འཐབ་ཤོག་གཅིག་གྱུར་ལས་ཁུངས་ཀྱིས་སྲིད་བྱུས་འདིར་གཙིག་འཛིན་གྱིས་བོད་ཁུལ་དུ་ཆོས་ལུགས་ཀྱི་ལས་དོན་ཡོད་ཚད་ལ་སྟངས་འཛིན་བྱེད་འགོ་ཚུགས་ཡོད་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུག ད་ལྟའི་ཆར་རྒྱ་ནག་གི་ནང་བསྟན་རྒྱ་བསྒྱུར་གྱི་སྲིད་བྱུས་ཟེར་བ་དེ་དགོན་པ་གྲྭ་ཚང་ཁག་གི་ར་བ་ལས་བརྒལ་ཏེ། ཤེས་ཡོན་གྱི་ལྟེ་གནས་ཁག་གང་སར་ཁྱབ་བརྡལ་དུ་འགྲོ་མུས་ཡིན་པ་མ་ཟད། ད་ཆ་དངོས་སུ་བོད་བརྒྱུད་ནང་བསྟན་གྱི་དཔེ་ཆ་ཁག་རྒྱ་ཡིག་ཏུ་སྒྱུར་རྒྱུའི་ཐད་ནས་གྲོས་བསྡུར་བྱེད་མུས་ཡིན་པར་ལུང་འདྲེན་གྱིས། རྒྱ་ནག་གིས་རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་ཀྱི་ནང་མིར་ཁ་པར་བཏང་ནས་ཁོང་གི་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་པར་བསྒྲགས་པའི་ཉིན་མོ་དེར། རྒྱ་ནག་གིས་རོང་བོ་དགོན་ཆེན་དང་ས་ཐག་ཉེ་བའི་ཟི་ལིང་གྲོང་ཁྱེར་དུ་ཉིན་གསུམ་གྱི་རིང་ལ་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོར་ནང་བསྟན་བོད་བསྒྱུར་གྱི་ཟབ་སྦྱོང་ཚོགས་འདུ་ཞིག་བསྡུས་ཡོད་པ་དང་། སྐབས་དེར་རོང་བོ་དགོན་ཆེན་གྱི་སྐུ་ཚབ་མི་སྣ་སོགས་ཀྱི་མཚོན་པའི་བོད་ཁུལ་གྱི་བླ་མ་དང་དགེ་རྒན། དེ་བཞིན་རྒྱ་ནག་གི་གཞུང་འབྲེལ་ལས་བྱེད་སོགས་གྲངས་ ༥༠༠ ལྷག་གིས་ཚོགས་ཞུགས་བྱས་ཏེ། འབྲེལ་ཡོད་ཀྱི་རྒྱུ་ཆ་༣༥ ལྷག་གི་ཐོག་ནས་གྲོས་བསྡུར་བྱས་ཡོད་པ་མངོན་གསལ་གནང་འདུག རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་འཛིན་བཟུང་མ་བྱས་པའི་ཟླ་བ་གཉིས་ཀྱི་གོང་དུ། ཁོང་གིས་འཁོར་བ་ཞེས་པའི་ཆེད་དེབ་ཅིག་པར་དཔར་སྐྲུན་བྱས་ཡོད་པ་དང་། སྐབས་དེར་ཁོང་གིས་མང་ཚོགས་ཀྱིས་དཔེ་དེབ་དེར་རྒྱབ་སྐྱོར་བྱེད་དགོས་ལུགས་ཀྱི་སྐུལ་མ་གནང་སྟེ། དེའི་ནང་དུ་གོང་རིམ་གྱི་བཀའ་རྒྱ་ལ་ལྟོས་མེད་ཀྱིས་དངོས་བདེན་གྱི་གནད་དོན་མང་པོ་ཞིག་འཁོད་ཡོད་པར་གསལ་བཤད་གནང་ཡོད་པར་འཁོད་འདུག རྒྱ་ནག་གིས་ཁོང་འཛིན་བཟུང་བྱས་པ་ནས་བཟུང་། ཁོང་གི་སྒེར་གཉེར་གྱི་བཙན་པོ་དྲྭ་བ་ཞེས་པ་དེ་ཡང་རྒྱ་ནག་གིས་བཀག་སྡོམ་བྱས་ཡོད་པ་ཡོངས་གྲགས་ཆགས་ཡོད་པ་མ་ཟད། ཉེ་སྔོན་བོད་ཀྱི་སྐད་ཡིག་གི་ལས་འགུལ་བ་དང་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཀྱང་བོད་ནང་གི་བོད་ཡིག་གི་དྲྭ་བ་ཁག་ཅིག་སྒོ་འབྱེད་བྱེད་མི་ཐུབ་པར་གྱུར་ཡོད་པ་པར་བླངས་ནས་ཁོང་གི་ཝེ་པོ་དྲྭ་ལམ་དུ་བཞག་པའི་ནང་དུ་ཡང་བཙན་པོ་དྲྭ་བ་འཁོད་ཡོད་པ་རེད། གཞི་རྩའི་ཉེ་སྔོན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱལ་ལྟེ་གནས་ཁང་གིས་ཀྱང་རྒྱ་ནག་གིས་བོད་ཁུལ་གྱི་ཤེས་ལྡན་མི་སྣར་དམིགས་བསལ་གྱིས་དྲག་གནོན་བྱེད་བཞིན་པའི་གནད་དོན་དང་འབྲེལ་ནས་གནས་ཚུལ་སྤེལ་བའི་ནང་དུ་ཡང་རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་འཁོད་ཡོད་པ་དང་། སྐབས་དེར་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་ཀྱིས་ རྒྱ་ནག་གིས་དུས་རྒྱུན་ནས་བོད་ཀྱི་རིག་གཞུང་རྩ་མེད་བཏང་སྟེ་བོད་ཀྱི་ངོ་བོ་རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ལམ་ལུགས་ཀྱི་འོག་ཏུ་བོད་ཁུལ་གྱི་ཤེས་ལྡན་མི་སྣ་དང་རིག་གཞུང་ལ་ཤ་ཞེན་ཡོད་པའི་བོད་མི་ཚོར་སྡང་སེམས་ཆེན་པོས་བཙན་ཁྲིད་བཙོན་འཇུག་བྱེད་བཞིན་པ་ཞིག་ཡིན་པར་གསུངས་ཡོད།

Latest news