Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

ཧོང་ཀོང་ནང་གི་ཞི་རྒོལ་རྣམ་པ་དེ་མ་འོངས་པར་རྒྱ་ནག་ནང་བྱུང་སྲིད།

ཨོ་སི་ཊོ་ལི་ཡའི་སྲིད་བློན་ཟུར་པས་ད་ཆ་འཛམ་གླིང་ཁྱོན་དུ་འཕེལ་བཞིན་པའི་རྒྱ་ནག་གི་དབང་ཆ་གཅིག་སྡུས་རིང་ལུགས་དང་སྲིད་དབང་སྒེར་འཛིན་ལ་སྐྱོན་བརྗོད་དང་འབྲེལ་ཏེ་ཨོ་སི་ཊོ་ལི་ཡའི་མང་ཚོགས་ནས་རྒྱ་གཞུང་གི་བྱེད་སྟངས་དེར་ཡིད་དབང་འཕྲོག་རྒྱུ་མེད་པའི་ཉེན་བརྡ་བཏང་བ་མ་ཟད། ད་ལྟའི་ཧོང་ཀོང་ནང་གི་གཞི་རྒྱ་ཆེ་བའི་རྔམ་སྟོན་གྱི་རྣམ་པ་དེ་མ་འོངས་པར་རྒྱ་ནག་ནང་བྱུང་སྲིད་པ་རེད་ཅེས་ནན་བརྗོད་གནང་འདུག ཁ་སང་ཨོ་སི་ཊོ་ལི་ཡའི་ Financial Review ཞེས་པའི་གསར་ལམ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཡུལ་དེའི་སྲིད་བློན་ཟུར་པ་སྐུ་ཞབས་ John Howard ལགས་ཀྱིས་སྲིད་འཛིན་ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་ད་ལྟའི་རྒྱ་ནག་དམར་ཤོག་ཚོགས་པ་དེ་འདས་པའི་ལོ་ངོ་བཅུའི་ནང་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་ལག་བསྟར་བྱེད་མཁན་ཆེས་སྡུག་ཤོས་འགྱུར་བཞིན་པའི་མཚམས་འདིར་ཨོ་སི་ཊོ་ལི་ཡ་གཞུང་གིས་རྒྱ་ནག་དང་ཨ་རི་ལྷན་དུ་གནད་ཆེའི་འབྲེལ་ལམ་ཁག་ཆ་སྙོམས་གནང་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་ཨོ་སི་ཊོ་ལི་ཡ་ནས་རྒྱ་ནག་ལས་ཨ་རི་དང་འབྲེལ་ཉེ་ཆེ་བ་བྱེད་བཞིན་ཡོད་པ་དང་དེ་ནི་གཙོ་བོ་རྒྱལ་ཁབ་གཉིས་པོའི་དབར་རྣམ་ཀུན་ནས་ འགྲོ་བ་མིའི་གཞི་རྩའི་རིན་ཐང་གི་གནད་དོན་ཐོག་གླེང་མོལ་གནང་གི་ཡོད་པ་མངོན་གསལ་གནང་འདུག ལྷག་དོན་ཁོང་སྐུ་སྒེར་ནས་ཧོང་ཀོང་ནང་གི་ཞི་རྒོལ་དེའི་ནང་མཉམ་ཞུགས་གནང་བའི་ལས་འགུལ་བའི་རྒྱ་ཁྱོན་ལ་སེམས་འགུལ་ཐེབས་པ་མ་ཟད། ད་ཆ་ཧོང་ཀོང་ནང་གི་ལྷིང་འཇགས་མེད་པའི་གནས་སྟངས་དེ་མ་འོངས་པར་རྒྱ་ནག་ནང་བྱུང་སྲིད་པའི་མངོན་དཔག་ཡིན་པར་འགྲེལ་བརྗོད་གནང་སྟེ་རྒྱ་གཞུང་ནས་ད་ཆ་ཧོང་ཀོང་ནང་འབྱུང་བཞིན་པའི་གཞི་རྒྱ་ཆེ་བའི་ལས་འགུལ་དེ་སྔར་ལས་རྒྱ་ཁྱབ་མི་ཡོང་བར་ཕུགས་རྒྱང་རིང་བའི་བསམ་བློ་གཏང་དགོས་པར་ནན་སྐུལ་གནང་འདུག སྐུ་ཞབས་ Howard ལགས་ཀྱི་གསུང་བཤད་དེ་ནི་ཁ་སང་ཨོ་སོ་ཊོ་ལི་ཡའི་གྲོང་ཁྱེར་ Kalgoorlie ནང་དབུ་འཛུགས་གནང་བའི་ Diggers and dealers ཞེས་གཏེར་ལས་ཀྱི་གླེང་སྟེགས་དབུ་འབྱེད་དང་བསྟུན་གནང་བ་ཞིག་ཡིན་པ་དང་། ཁོང་གིས་ད་དུང་ད་རེས་ཧོང་ཀོང་ནང་བྱུང་བའི་དོན་རྐྱེན་དེ་ནི་དཔལ་འབྱོར་རྒྱ་སྐྱེད་དང་སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་གཉིས་མཉམ་དུ་སྐྱོད་བཞིན་པའི་དུས་ཤིག་ལམ་ལྷོང་ཡོང་རྒྱུ་མེད་པའི་དྲན་སྐུལ་ཞིག་ཆགས་ཡོད་སྐོར་གསུངས་ཏེ་རྒྱ་གཞུང་གི་ངོས་ནས་དེ་ལྟར་བྱེད་རྒྱུ་ནི་གདོང་ལེན་གནད་ཆེ་ཞིག་རེད་ཅེས་གསུང་འདུག

འཇར་མ་ནིའི་གྲོས་ཚོགས་ཀྱི་ཚོགས་ཁག་གཉིས་རྒྱ་ནག་ཏུ་སྐྱོད་རྒྱུར་བཀག་སྡོམ།

རྒྱ་གཞུང་གིས་ཉེ་ཆར་འཇར་མ་ནིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དང་འཕྲུལ་ལས་ཚོགས་ཁག་གཉིས་རྒྱ་ནག་ཏུ་སྐྱོད་རྒྱུར་བཀག་སྡོམ་བྱས་འདུག འཇར་མ་ནི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་མགྲིན་ཚབ་པ་སྐུ་ཞབས་ Micheal Brand ལགས་ཀྱིས་ཡུལ་དེའི་བརྒྱུད་ལམ་ཁག་ཏུ་འཇར་མ་ནིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་ཟླ་ཤས་གོང་ནས་གྲ་སྒྲིག་གནང་འགོ་ཚུགས་ཏེ་རྒྱ་ནག་གི་གྲངས་ཉུང་མི་རིགས་རྣམས་ཀྱི་ཆོས་དད་རང་དབང་གནས་སྟངས་གཙོ་བཟུང་གིས་རིང་མིན་ཕྱི་ཟླ་ ༩ པ་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་བོད་ཀྱི་རྒྱལ་ས་ལྷ་ས། དེ་བཞིན་ཤིན་ཅང་གི་རྒྱལ་ས་ Urumchi བཅས་ནང་འཚམས་གཟིགས་གནང་རྒྱུའི་འཆར་གཞི་ཡོད་ཀྱང་རྒྱ་གཞུང་གིས་དེར་བཀག་སྡོམ་བྱས་ཡོད་པ་གསུངས་འདུག སྐུ་ཞབས་ Micheal Brand ལགས་ནས་རྒྱ་གཞུང་གི་བྱ་སྤྱོད་དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཚོར་བ་རྣོ་བའི་གནད་དོན་ཁག་གི་ཐོག་ཞལ་གསང་པོས་གླེང་སློང་གནང་མཁན་ཚོར་ཁ་གཏད་ཇི་ལྟར་གཅོད་གི་ཡོད་མེད་མངོན་གསལ་ཆགས་ཡོད་པར་རྒྱ་གཞུང་ལ་སྐྱོན་བརྗོད་གནང་འདུག ད་རེས་རྒྱ་གཞུང་གིས་འཇར་མ་ནིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཚོགས་ཆུང་ཙམ་མ་ཟད་ཡུལ་དེའི་གྲོས་ཚོགས་ཀྱི་འཕྲུལ་ལས་ཚོགས་ཆུང་གི་རྒྱ་ནག་ནང་སྐོར་སྐྱོད་ཐད་ལའང་བཀག་སྡོམ་བྱས་ཡོད་པ་དང་ཚོགས་ཆུང་གི་ཐོག་མའི་འཆར་གཞིར་གཞིགས་ཚེ་ཁོང་རྣམས་རྒྱ་ནག་གི་གྲོང་ཁྱེར་ Shanghai དང་རྒྱལ་ས་པེ་ཅིང་གཉིས་སུ་སྐོར་སྐྱོད་ཀྱིས་གཏམ་བཤད་དང་ལྷག་དོན་ཡུལ་དེའི་ནང་གི་ཚོང་ལས་གསར་པ་དང་ Artificial Intelligence འམ་མིས་བཟོས་པའི་འཕྲུལ་རིགས་ཐོག་ཤེས་རྟོགས་ཡོང་ཐབས་གནང་རྒྱུ་ཡིན་ཀྱང་། ཕྱིས་སུ་རྒྱ་གཞུང་གིས་ཚོགས་ཆུང་དེའི་ནང་ཡུ་གུར་ཁ་ཆེ་བར་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གྱི་གྲོས་ཚོགས་འཐུས་མི་ལྕམ་ Margarete Bause ལགས་ཡོད་སྟབས་འགྲུལ་བཞུད་དེར་བཀག་སྡོམ་བྱས་འདུག ལྕམ་ Margarete ལགས་ནི་ཡུན་རིང་ནས་ཡུ་གུར་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་འཇར་མ་ནིའི་ལྗང་ཁུ་ཚོགས་པའི་ཚོགས་མི་ཡིན་ཞིང་། ཁོང་གིས་རེས་གཟའ་སྤེན་པ་ཉིན་བརྒྱུད་ལམ་ཁག་ལ་ཁོང་ད་རེས་རྒྱ་ནག་ཏུ་སྐྱོད་རྒྱུའི་འགྲུལ་བཞུད་དེའི་ནང་རང་གི་ཕྱག་རོགས་གྲོས་ཚོགས་འཐུས་མི་སྐུ་ཞབས་ Dieter Janecek ལགས་ཀྱི་ངོ་ཚབ་ཐོག་ནས་གནས་སྐབས་རིང་མཉམ་ཞུགས་གནང་རྒྱུའི་འཆར་གཞི་ཡོད་ཀྱང་། རྒྱ་གཞུང་གིས་དེ་འབྲེལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཁོང་རྒྱ་ནག་ཏུ་སྐྱོད་རྒྱུའི་ཚོགས་ཆུང་གི་ཐོ་གཞུང་ནང་ཡོད་ཚེ་རུ་ཁག་དེ་རྒྱ་ནག་ནང་སྐྱོད་ཆོག་གི་མེད་སྐོར་ནན་བརྗོད་གནང་ཡོདཔ་རེད། ལྕམ་སྐུ་མཆོག་གིས་གྲོས་ཚོགས་འཐུས་མི་རྣམ་པར་ཕྱག་བྲིས་ཤིག་ཕུལ་ཐོག་རྒྱ་གཞུང་གིས་བྱེད་སྟངས་དེ་ནི་འགྲོ་བ་མིའི་ཐོབ་ཐང་ལ་མངོན་གསལ་དོད་པོས་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མི་རྣམ་པར་དཀག་འགོག་བྱས་པ་ཞིག་ཡིན་པ་དང་། ཁོང་རྒྱ་ནག་ཏུ་སྐྱོད་རྒྱུའི་ཚོགས་ཆུང་ནང་མཉམ་ཞུགས་གནང་འདོད་ཡོད་པ་དང་འགྲུལ་བཞུད་དེ་དོར་རྒྱུའི་རྒྱུ་མཚན་གང་ཡང་གཟིགས་ཀྱི་མེད་པར་སྐྱོན་བརྗོད་གནང་བ་མ་ཟད། ཁོང་གིས་ Twitter དྲྭ་གནས་ཐོག་རྒྱ་གཞུང་གིས་ཁོང་ལ་བཀག་སྡོམ་བྱས་པ་དེས་ཁོང་སྐུ་སྒེར་གྱི་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་སྔར་ལྷག་གནང་རྒྱུར་ཕན་ཐོགས་ཡོད་པ་གསུངས་ཡོད་པ་རེད། འཇར་མ་ནིའི་ལྗང་ཁུ་ཚོགས་པའི་གྲོས་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་ Britta Hasselmann ལགས་ཀྱིས་ཀྱང་རང་ཉིད་ཀྱི་ Twitter ཐོག་གང་ཟག་སུས་ཀྱང་རྒྱ་ནག་སྐོར་གླེང་ཚེ་ངེས་པར་དུ་ཡུལ་དེའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྲོས་བསྡུར་གནང་དགོས་གལ་ཡིན་པར་ནན་བརྗོད་དང་སྦྲགས། ད་ལན་ལྕམ་ Margarete ལགས་ཀྱིས་གཙོས་པའི་ཆབ་སྲིད་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་ཚོས་གནང་བཞིན་པའི་ཕྱག་ལས་འདི་ནི་ཡི་རངས་བསྔགས་བརྗོད་ཞུ་འོས་ཤིག་རེད་ཅེས་གསུངས་འདུག རྩ་བའི་འཇར་མ་ནིའི་གྲོས་ཚོགས་ཀྱི་འཕྲུལ་ལས་ཚོགས་ཆུང་གི་ཐོག་མའི་འཆར་གཞིར་གཞིགས་ཚེ་ཁོང་རྣམས་ཟླ་ ༨ ཚེས་ ༢༣ ནས་ཕྱི་ཟླ་ ༩ ཚེས་ ༡ བར་རྒྱ་ནག་ཏུ་ཕེབས་འཆར་ཡོད་པ་རེད།

    བཀྲ་ཤིས་དབང་ཕྱུག་ལགས་དང་ཁྲིམས་རྩོད་པ་ཐུག་འཕྲད་གནང་བར་མུ་མཐུད་བཀག་སྡོམ།

ཁ་སང་ཞོགས་པ་བོད་ཀྱི་སྐད་ཡིག་གི་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་སྐུ་ཞབས་ lin Qilei ལགས་མཚོ་སྔོན་གྱི་ཏོང་ཁྲོན་ཁྲིམས་ཁང་དུ་ཕྱིན་ནས་བཀྲ་ཤིས་དབང་ཕྱུག་ལགས་སུ་ཐུག་འཕྲད་གནང་རྩིས་ཀྱིས་ཁྲིམས་ཁང་གི་འབྲེལ་ཡོད་ལ་ཆོག་མཆན་ཞུས་ཡོད་ཀྱང་། ཆུ་ཚོད་ཕྱེད་ཀའི་རྗེས་སུ་ཁྲིམས་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་པེ་ཅིན་གྱི་ཁྲིམས་འཛིན་ལས་ཁུངས་ཀྱི་བཀའ་ཡིག་མེད་ཚེ་ཁོང་དང་ཐུག་འཕྲད་གནང་མི་ཆོག་པའི་བཀའ་རྒྱ་བཏང་བར་བརྟེན་ཁོང་གིས་དེ་ནི་ཁྲིམས་འགལ་རེད་ཅེས་བརྗོད་དེ་མཚོ་སྔོན་ཞིང་ཆེན་གྱི་བཙོན་ཁང་དོ་དམ་ཁང་ལ་བཅར་ནས་ཞུ་གཏུག་གནང་འདུག སྐབས་དེར་དོ་དམ་ཁང་གི་འགན་འཛིན་གཞོན་པས་ཁོང་ལ་བཀྲ་ཤིས་དབང་ཕྱུག་གི་གདན་དོན་དེ་ནི་ཚོར་བ་རྣོ་བའི་དམིགས་བསལ་གནད་དོན་ཞིག་ཡིན་སྐོར་བརྗོད་པ་དང་འབྲེལ། བཀྲིས་དབང་ཕྱུགས་ལགས་ཀྱིས་རང་ཉིད་ཀྱི་ཁྲིམས་ཆད་ལ་དང་ལེན་མ་ཞུས་པ་མ་ཟད་བཙོན་ཁང་ནང་གི་ལས་དོན་ལ་འདོད་བློ་མེད་པའི་རྣམ་འགྱུར་བསྟན་ཡོད་སྐོར་བརྗོད་དེ་ཁོང་ལ་ཐུག་འཕྲད་གནང་རྒྱུའི་གོ་སྐབས་གནང་མི་འདུག    གནས་ཚུལ་འདི་དང་འབྲེལ་ནས་གསར་འགོད་པས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་རྒྱ་ནག་གི་ཉེས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་ནང་བཀྲ་ཤིས་དབང་ཕྱུག་ལགས་དང་ཁོང་གི་ཁྲིམས་རྩོད་པ་གཉིས་ཐུག་འཕྲད་གནང་རྒྱུར་སྲུང་སྐྱོབ་ཀྱི་ཁྲིམས་དོན་གང་ཡོད་མེད་བཅས་ཀྱི་ཐོག་བཅར་འདྲི་ཞུས་པར་ཁོང་གིས་རྒྱ་ནག་གི་ཉེས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་དོན་ཚན་ ༡༠༨ ནང་ཉེས་ཅན་པ་སུ་ཞིག་ཡིན་ཡང་རང་ཉིད་ཀྱི་ཉེས་པ་དག་འབུད་གནང་རྒྱུའི་ཁྲིམས་རྩོད་པ་གླ་རྒྱུ་དང་། དེ་བཞིན་རྫོང་དང་ཁུལ་རིམ་པ་ནས་དབུས་གཞུང་གི་ཁྲིམས་ཁང་ལ་གཏུག་བཤེར་གནང་རྒྱུའི་ཐོབ་ཐང་ཡོད་ཀྱང་། རྒྱ་ནག་གི་ནང་ཁྲིམས་ཡིག་གི་བཅའ་ཁྲིམས་དང་ལག་ལེན་གཉིས་འགལ་ཟླ་ཡིན་སྟབས་ཏང་གིས་བཀའ་གསུང་ལྟར་ཐག་གཅོད་བྱེད་རྒྱུ་ལས་རང་དབང་གི་ཁྲིམས་ཁང་དང་ཁྲིམས་རྩོད་པ་གཅིག་ཀྱང་མེད་པར་ངོ་སྤྲོད་གནང་སོང་། སྤྱིར་རྒྱ་གཞུང་ནས་འདས་ལོའི་ཟླ་བ་ ༡༡ ནང་བཀྲ་ཤིས་དབང་ཕྱུག་ལགས་དང་ཁོང་ཉིད་ཀྱི་སྤུན་ཉེ་འབྲེལ་ཕན་ཚུན་དབར་ཐུག་འཕྲད་གནང་བཅུག་ཀྱང་ཁྲིམས་རྩོད་པ་སྐུ་ཞབས་ Lin Qilei ལགས་ཀྱིས་རྒྱ་གཞུང་གིས་གནོན་ཤུགས་དང་དམ་དྲག་བྱེད་བཞིན་པར་བརྟེན་སྤུན་ཉེ་འབྲེལ་རྣམས་ཀྱིས་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནས་བབ་སྐོར་ཡོངས་གྲགས་ཀྱི་ཐོག་ནས་གསུང་ཕོད་ཀྱི་མེད་པར་བརྗོད་དེ་ད་ཆ་རྒྱ་གཞུང་གིས་ཁོང་ལ་ཁྲིམས་ཐག་བཅད་ནས་ལོ་གཅིག་འགྲོ་བཞིན་ཡོད་ཀྱང་ང་ཚོའི་ངོས་ནས་ཁོང་གི་འཕྲོད་བསྟེན་གྱི་བབ་ཅི་འདྲ་ཞིག་གི་འོག་ཏུ་གནས་ཡོད་པ་སོགས་ཤེས་རྟོགས་གང་ཡང་མེད་པར་བརྗོད་ཡོད་མ་ཟད། བཀྲ་ཤིས་དབང་ཕྱུག་ལགས་ལ་ཁྲིམས་ཐག་བཅད་པ་ད་ནི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ཅིག་ཡིན་པར་གསུངས་ཡོད། གཞི་རྩའི་བཀྲ་ཤིས་དབང་ཕྱུག་ལགས་ནི་ཁམས་ཡུལ་ཤུལ་ནས་ཡིན་པ་དང་། ཁོང་གིས་དེ་སྔ་རང་གནས་ས་ཁུལ་དུ་རྒྱ་གཞུང་གིས་སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་ཁྲིད་བྱེད་རྒྱུ་དེ་མེད་པ་བཟོས་པར་བརྟེན། ཁོང་གིས་ས་གནས་སྲིད་གཞུང་དང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕྱིན་ནས་ཁྲིམས་ཁང་དང། དབུས་བརྙན་འཕྲིན་ལས་ཁང་བཅས་ལ་དེ་འབྲེལ་ཞུ་གཏུག་ལན་མང་གནང་བ་མ་ཟད་རྗེས་སུ་ཁོང་གིས་ New York Times གསར་ཁང་ལ་གནད་དོན་དེའི་སྐོར་གསུངས་པར་བརྟེན་རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༦ ཟླ་ ༡ པོའི་ནང་ཁོང་འཛིན་བཟུང་དང་།  དེ་བཞིན་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༢ ཉིན་རྒྱལ་ཁབ་ཁ་བྲལ་གཏོང་རྒྱུའི་ཀུན་སློང་སྤེལ་བའི་ཉེས་མིང་འོག་ལོ་ལྔའི་ཁྲིམས་ཐག་བཅད་ཡོད་པ་རེད།

དབུགས་ལྒང་ཞེས་པ་ Venice རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་གཟིགས་འབུལ་ཞུ་རྒྱུ།

བོད་ཀྱི་གློག་བརྙན་སྒྲིག་སྦྱོར་བ་དང་འཁྲབ་གཞུང་རྩོམ་པ་པོ་པདྨ་མ་ཚེ་བརྟན་ལགས་ཀྱི་གློག་བརྙན་དབུགས་ལྒང་ཞེས་པ་དེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་རྙིང་གྲས་ Venice གློག་བརྙན་དུས་སྟོན་ཐེངས་ ༧༦ ཐོག་གཟིགས་འབུལ་ཞུ་རྒྱུ་རེད་འདུག པདྨ་ཚེ་བརྟན་ལགས་ནི་མཚོ་སྔོན་དུ་སྐྱེས་པ་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་ནས་སློབ་མཐར་ཕྱིན་རྗེས་བོད་ཁུལ་དུ་དགེ་རྒན་གྱི་ཕྱག་ལས་གནང་ཞིང་། ཕྱིས་སུ་སླར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་གློག་བརྙན་ཕབ་སྐྲུན་ཐོག་སློབ་སྦྱོང་གནང་ནས་སློབ་མཐར་སོན་རྗེས་རིམ་བཞིན་བོད་ཀྱི་རིག་གཞུང་དང་ཡུལ་ལུང་སོགས་མཚོན་པའི་གློག་བརྙན་ཆེད་བཟོའི་ཐོག་ཞུགས་ཏེ་ད་ཆ་རྒྱལ་སྤྱིའི་སྟེང་སྐད་གྲགས་ཡོད་པའི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་ཐོག་མ་དེ་ཆགས་ཡོད་པ་མ་ཟད། ཁོང་གི་གློག་བརྙན་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་དང་འཚོལ། ཁྱི་རྒན། དེ་བཞིན་ཐར་ལོ་དང་ལག་དམར་སོགས་ལ་འཛམ་གླིང་གི་གློག་བརྙན་དུས་སྟོན་མང་པོའི་ཐོག་བྱ་དགའ་མི་ཉུང་བ་ཐོབ་ཡོད་པ་རེད།  ཐེངས་འདིའི་གློག་བརྙན་དབུགས་ལྒང་ཞེས་པའི་གློག་བརྙན་དེ་ནི་བོད་མིའི་ཕལ་པའི་ཁྱིམ་ཚང་ཞིག་གི་ནང་འཁྲིག་སྤྱོད་ཀྱི་སྲུང་ཤུབས་ཤིག་ཕྱི་ལ་ཐོན་རྗེས། ཁྱིམ་མི་ཕན་ཚུན་ངོ་ཚ་ཞིང་དོགས་པའི་རང་བཞིན་ཅན་གྱི་བསམ་བློ་མང་པོ་འཁོར་ཡོད་པ་མངོན་པར་གནང་སྟེ་བོད་མིའི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་གནའ་དེང་ཟུང་གི་འགལ་འདུའམ། སྲོལ་རྒྱུན་གྱི་ཆོས་ལུགས་ཀྱི་ཡིད་ཆེས་དང་དེང་རབས་ཀྱི་འཚོ་བ་གཉིས་གཞི་གཅིག་ཏུ་འདྲིས་བས་རང་བཞིན་གྱིས་བསམ་བློའི་དཔུང་འཇུག་བྱེད་སྟངས་ཁྲོད་ཀྱི་གདོང་ལེན་བྱེད་དགོས་པ་མང་པོ་ཞིག་ཡོད་པ་མཚོན་པར་གནང་ཡོད་པའི་གློག་བརྙན་ཞིག་ཡིན་པ་འགྲེལ་བརྗོད་གནང་འདུག   གཞི་རྩའི་ Venice རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེ་ནི་ཕྱི་ལོ་ ༡༩༣༢ ལོར་ཡོ་རོབ་ཀྱི་རྒྱལ་ཁབ་ Italy ནང་འགོ་འཛུགས་གནང་བ་ཞིག་ཡིན་པ་དང། ཕྱི་ཟླ་ ༨  ཚེས་ ༢༨ ནས་ཟླ་ ༩  ཚེས་༧ བར་འཚོགས་གཏན་འཁེལ་བ་ལྟར། ཐེངས་འདིའི་དུས་སྟོན་དེ་ནི་དུས་སྟོན་ཐེངས་ ༧༦ པ་ཆགས་ཀྱི་ཡོད་པ་རེད། པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་ཐར་ལོ་དང་ལག་དམར་གཉིས་ཀྱང་ Venice རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་གཉིས་ལ་བདམས་ཐོན་བྱུང་བ་བཞིན་གཟིགས་འབུལ་ཞུས་པ་མ་ཟད། སྔ་ལོའི་དུས་སྟོན་ཐོག་ལག་དམར་གློག་བརྙན་ལ་རྩེ་ཕུད་ཀྱི་བྱ་དགའ་ཐོབ་ཡོད་པ་རེད། ཉེ་སྔོན་ཟླ་བ་འདིའི་ཚེས་ ༡༠ ཉིན་པད་མ་ཚེ་བརྟེན་ལགས་ཧོང་ཀོང་གི་གློག་བརྙན་དུས་སྟོན་ཞིག་ལ་འཛུལ་བཞུགས་གནང་སྐབས་རྒྱ་ནག་ལྷོ་རྒྱུད་ཀྱི་ཞོགས་པའི་ཆ་འཕྲིན་གྱིས་རྒྱ་ནག་ནང་བོད་ཀྱི་རིག་གཞུང་དེ་ཚོར་བ་རྣོ་བའི་གནད་དོན་ཞིག་ཆགས་ཡོད་ཀྱང་། ཁྱེད་ཀྱིས་རང་ཉིད་ཀྱི་གློག་བརྙན་དྲུག་དེ་རྒྱ་ནག་གི་བཀག་སྡོམ་ལས་ཆོག་མཆན་ཇི་ལྟར་ཐོབ་ཡོད་སྐོར་བཀའ་འདྲི་ཞུས་པར་སྔོན་ཆད་ཁོང་གིས་བོད་ཀྱི་རིག་གཞུང་གི་རྨང་གཞིའི་ཐོག་ནས་གློག་བརྙན་མང་པོ་ཞིག་སྒྲིག་སྦྱོར་གནང་རྒྱུ་ཡོད་པར་སེམས་ནའང་། རྗེས་སུ་རྒྱ་ནག་ནང་གི་བཀག་སྡོམ་སྐོར་ལ་ཤེས་རྟོགས་གནང་ཚེ་བརྗོད་བྱ་མང་པོ་ཞིག་ལྷག་མི་འདུག་ཅེས་ལན་འདེབས་གནང་འདུག

ལྷོ་ཨ་ཕི་རི་ཀ་ནས་འགྲོ་བ་མིའི་རིན་ཐང་ལ་དོ་ཕོག་མ་བཏང་བའི་ཐོག་ནས་རྒྱ་ནག་དང་ཚོང་འབྲེལ་འཇོག་ཐུབ་རྒྱུ་ཡིན་པ།

ལྷོ་ཨ་ཕི་རི་ཀའི་(IFP) འམ་Inkatha རང་དབང་ཚོགས་པའི་འཐུས་མི་སྐུ་ཞབས་ Mkhuleko Hlengwa ལགས་ཀྱིས་དེ་གའི་རྒྱལ་ཁབ་ནས་འགྲོ་བ་མིའི་རིན་ཐང་ལ་དོ་ཕོག་མ་བཏང་བའི་སྒོ་ནས་རྒྱ་ནག་དང་ཚོང་འབྲེལ་འཇོག་ཐུབ་རྒྱུ་ཡིན་པ་གསུངས་འདུག དེ་ཡང་ཟླ་བ་འདིའི་ཚེས་ ༡༡ ཉིན་གྲོས་ཚོགས་འོག་མ་དང་ Inkatha རང་དབང་ཚོགས་པའི་འཐུས་མི་སྐུ་ཞབས་ Mkhuleko Hlengwa ལགས་ཀྱིས་དེ་གའི་གྲོས་ཚོགས་སུ་ཕྱི་འབྲེལ་དང་མཉམ་འབྲེལ་གྱི་ཚོགས་དུས་ཐོག་བོད་བཟོའི་སྟོད་གོས་དཀར་པོ་ཞིག་སྤྲས་པའི་ཐོག   ཉེ་ལམ་ཁོང་ལྷོ་ཨ་ཕི་རི་ཀའི་གྲོང་ཁྱེར་Pretoria ནང་རྟེན་གཞི་བྱས་པའི་ལྷོ་ཨ་ཕི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་ཁང་ནས་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩིའི་དུས་སྟོན་གོ་སྒྲིག་གནང་བའི་ཐོག་མཉམ་ཞུགས་གནང་རྒྱུའི་གོ་སྐབས་བྱུང་བ་དང་སྦྲགས།  ད་ཆ་གྱོན་པའི་སྟོད་གོས་དེ་སྐབས་དེའི་དུས་བྱུང་བས།  དེས་ལྷོ་ཨ་ཕི་རི་ཀ་དེ་རང་དབང་ལྡན་པའི་རྒྱལ་ཁབ་ཞིག་ཡིན་པའི་ཁར་གཞན་གྱི་དྲག་གནོན་འོག་ལྷུང་བའི་མི་རིགས་དག་ལ་སྐྱབས་བཅོལ་གྱི་རོགས་རམ་སྤྲོད་དགོས་པ་དང་།    འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་སྣང་མེད་གཏོང་རྒྱུ་མེད་པ་དྲན་སྐུལ་གནང་གི་ཡོད་པ་གསུངས་འདུག   དེ་བཞིན་ཁོང་གིས་ང་ཚོའི་རྒྱལ་ཁབ་གཞན་གྱི་གནད་དོན་ཐོག་གྲོས་བསྡུར་བྱས་བ་བཞིན་རྒྱ་ནག་ལྟ་བུའི་ཆེས་ཐུབ་ཚོད་གཏོང་མཁན་གྱི་སྐོར་ལའང་གྲོས་བསྡུར་དགོས་པ་མ་ཟད།     རྒྱའི་དབང་བསྒྱུར་དང་དྲག་གནོན་འོག་ལྷུང་བའི་བོད་དང་ཐེ་ཝེན་སོགས་ནས་མང་གཙོ་དང་རང་དབང་འདོད་ཀྱང་ །   རྒྱ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་འོག་མི་རིགས་དག་གི་འགྲོ་བ་མིའི་ཐོབ་ཐང་ལ་དོ་ཕོག་བཏང་དང་གཏོང་མུས་ཡིན་པར་འགྲེལ་བརྗོད་དང་འབྲེལ།   ང་ཚོས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཨ་ཕི་རི་ཀ་ནང་ཞབས་སོར་འཁོད་རྒྱུར་མཐོང་མཆན་ཕུལ་མེད་པའི་ཐོག་བསྐྱར་དུ་བསམ་གཞིགས་གནང་དགོས་པ་དང་འབྲེལ།   ཡང་སྒོས་རྒྱ་གར་ལྟ་བུ་ནས་༸གོང་ས་མཆོག་ལ་བཞུགས་གནས་དང་རྒྱབ་སྐྱོར་གནང་ཐུབ་ཚེ།  ང་ཚོས་ངོས་ནས་ཀྱང་འགྲོ་བ་མིའི་རིན་ཐང་དང་འགྲོ་བ་མིའི་ཐོབ་ཐང་ལ་དོ་ཕོག་མི་གཏོང་བའི་སྒོ་ནས་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་འཇོག་ཐུབ་རྒྱུ་ཡིན་པ་གསུངས་འདུག ཁོང་གིས་དེ་སྔ་ལྷོ་ཨ་ཕི་རི་ཀ་ནས་སུ་ཌན་གྱི་སྲིད་འཛིན་ཟུར་པ་ Omar Al-Bashir  ལ་རྒྱབ་སྐྱོར་གྱིས་དེ་གའི་མི་མང་གི་རེ་འདུན་ལ་སྣང་མེད་བཏང་བས།  སླད་མར་ང་ཚོའི་ངོས་ནས་ད་བར་ནོར་འཁྲུལ་བྱས་པ་རྣམས་བསྐྱར་དུ་མི་བྱེད་པའི་ཐོག་འགྲོ་བ་མིའི་གནད་དོན་ལ་བརྩི་འཇོག་བྱེད་དགོས་པ་གསུངས་འདུག རྩ་བའི་ལྷོ་ཨ་ཕི་རི་ཀ་རྒྱལ་ཁབ་དང་རྒྱ་ནག་གཉིས་བར་ཕྱི་ལོ་ ༢༠༠༩ ལོར་ཚོང་འབྲེལ་བྱུང་བ་ནས་བཟུང་༸གོང་ས་མཆོག་ཁུལ་དེར་ཞབས་སོར་འཁོད་རྒྱུའི་མཐོང་མཆན་ཕུལ་མེད་པ་དང་། རྒྱ་གཞུང་ནས་ལྷོ་ཨ་ཕི་རི་ཀའི་ཐག་གཅོད་དེར་རྒྱབ་སྐྱོར་བྱས་ཡོད་པ་རེད།  ཡིན་ནའང་དེ་སྔོན་ཕྱི་ལོ་ ༢༠༡༨ ལོར་ Inkatha རང་དབང་ཚོགས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཁུལ་དེར་གདན་འདྲེན་ཞུས་པ་དང་།  དེར་Pretoria ནང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ལྷོ་ཨ་ཕི་རི་ཀ་ནས་དེ་གའི་རྒྱལ་ཁབ་དང་རྒྱ་ནག་གཉིས་བར་གྱི་ཆབ་སྲིད་ཀྱི་འབྲེལ་ལམ་ཐད་ཡིད་ཆེས་ཡོད་པ་དེར་སྣང་ཆུང་བྱས་པས།  བྱ་སྤྱོད་དེས་རྒྱ་ནག་ནས་ལྷོ་ཨ་ཕི་རི་ཀ་ནང་དཔལ་འབྱོར་གྱི་འགྲོ་གྲོན་གཏོང་ཕྱོགས་ལ་ཁྱད་པར་བཟོ་ངེས་ཡིན་པ་ངོ་རྒོལ་བྱས་པ་དེ་ལྟར་ཡང་།    འདི་ལོའི་ཟླ་བ་ ༢ པའི་ནང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཁུལ་དེར་བསྐྱར་དུ་འཚམས་གཟིགས་ཀྱིས།   དེ་གའི་སྲིད་འཛིན་ཟུར་པ F W de Klerk  མཆོག་དང་།  Inkatha རང་དབང་ཚོགས་པའི་ཚོགས་མི།  དེ་བཞིན་སྲིད་དོན་པ་དང་།  བོད་དོན་རྒྱབ་སྐྱོར་བ་སོགས་ཐུག་འཕྲད་གནང་ཡོད་པ་རེད།

ཐེ་ཝན་རྒྱ་ནག་ནས་ཁ་བྲལ་ཐབས་ཀྱི་བྱ་སྤྱོད་ལ་རྒྱ་གཞུང་གིས་དྲག་པོའི་འགོག་རྒོལ་བྱ་རྒྱུའི་ཉེན་བརྡ།

ཁ་ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱ་ནག་རྒྱལ་སྲུང་གི་དུས་རབས་གསར་པའི་རྒྱབ་ཤ་དཀར་པོ་ཞེས་དོན་ཚན་དྲུག་ཅན་གྱི་ཡིག་ཆ་ཞིག་འདོན་སྤེལ་གནང་སྟེ་ཐེ་ཝན་དེ་རྒྱ་ནག་དང་ཆིག་སྒྲིལ་བྱེད་ཐབས་ཀྱི་འབད་རྩོན་དེའི་ནང་ཕྱི་ཕྱོགས་ཀྱི་ཐེ་གཏོགས་རིགས་ལ་ངོ་རྒོལ་གྱིས་དམག་ཐབས་བྱ་རྒྱུའི་ཉེན་བརྡ་བཏང་འདུག དེ་ཡང་ཟླ་བ་འདིའི་ཚེས་ ༢༤ ཉིན་འདོན་སྤེལ་གནང་བའི་རྒྱབ་ཤ་དཀར་པོའི་ཡིག་ཆ་དེའི་ནང་རྒྱལ་སྤྱིའི་བདེ་འཇགས་ཀྱི་གནས་སྟངས་དང་ད་ལྟའི་དུས་རབས་གསར་པའི་རྒྱ་ནག་རྒྱལ་སྲུང་ཀྱི་སྲིད་བྱུས་དང་རྒྱ་ནག་དམག་དཔུང་གི་དམིགས་ཡུལ་དང་ལས་དོན་སྒྲུབ་ཕྱོགས། དེ་བཞིན་རྒྱ་ནག་རྒྱལ་ཡོངས་ཀྱི་རྒྱལ་སྲུང་དང་དམག་དཔུང་ནང་བཅོས་སྒྱུར་བྱ་རྒྱུ།  རྒྱལ་སྲུང་ཀྱི་ཚད་ལྡན་འགྲོ་གྲོན་དང་མ་འོངས་འགྲོ་བ་མིའི་སྤྱི་ཚོགས་བདེ་ཐབས་ཡོང་སླད་དུ་མཉམ་ཞུགས་བྱེད་ཕྱོགས་བཅས་ཀྱི་གླེང་གཞི་དོན་ཚན་དྲུག་འབུར་འདོན་བྱས་ཏེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་ལས་འགན་འཁུར་བ་ནས་བཟུང་རྒྱ་ནག་ཁྱོན་ཡོངས་ཀྱི་རྒྱལ་སྲུང་ཀྱི་སྲིད་བྱུས་གསལ་འདོན་བྱས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་སྐོར་བརྗོད་འདུག རྒྱལ་སྲུང་ཀྱི་རྒྱབ་ཤ་དཀར་པོའི་ཡིག་ཆ་དེའི་དོན་ཚན་དང་པོའི་ནང་རྒྱལ་སྤྱིའི་བདེ་འཇགས་ཀྱི་གནས་སྟངས་ནང་གཙོ་བོ་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་དང་ཁྱད་པར་དུ་ཉེ་ཆར་ཨ་རིས་ཐེ་ཝན་ལ་རང་སྲུང་གི་དྲག་ཆས་གོ་མཚོན་ཕོན་ཆེ་ཞིག་ཚོང་འགྲེམས་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་བཅས་ལུང་འདྲེན་གནང་སྟེ། པེ་ཅིང་སྲིད་གཞུང་གིས་ཨ་རིས་རྒྱལ་ཡོངས་བདེ་འཇགས་དང་རྒྱལ་སྲུང་ཐབས་བྱུས་ལ་བཅོས་སྒྲིག་བྱས་ནས་ཕྱོགས་གཅིག་གི་སྲིད་བྱུས་ལ་ལག་བསྟར་བྱེད་བཞིན་པའི་བྱ་སྤྱོད་དེས་རྒྱ་ནག་རྒྱལ་སྲུང་གི་བརྟན་ལྷིང་ལ་གཏོར་བཤིག་བྱེད་པར་ངོས་འཛིན་གྱིས་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་པ་གསལ་འདོན་གནང་བ་མ་ཟད། རྒྱབ་ཤ་དཀར་པོའི་ཡིག་ཆེ་དེའི་བཀོད་ཁྱབ་ཧ་ཅང་གསལ་པོ་བྱས་ཡོད་པ་ནི་ཐེ་ཝན་རང་བཙན་ཕྱོགས་སུ་སྐྱོད་ཆོག་གི་མེད་པ་དང་། གལ་ཏེ་དེའི་ཕྱོགས་སུ་སྐྱོད་པ་ཡིན་ན་རྒྱ་ནག་གིས་ཀྱང་དེའི་ཕྱོགས་སུ་སྐྱོད་པར་བཀག་འགོག་དང་། མི་སུ་འདྲ་ཞིག་གིས་ཐེ་ཝན་རྒྱ་ནག་ནས་ཁ་བྲལ་གཏོང་ཐབས་བྱེད་ཚེ་རྒྱ་ནག་གི་དམག་དཔུང་གིས་འབྱུང་འགྱུར་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་དམག་ཐབས་བྱ་རྒྱུ་ཡིན་ཞེས་ཉེན་བརྡ་ཡང་བཏང་ཡོད་པ་བཀོད་འདུག གཞན་ཡང་དོན་ཚན་དང་པོའི་ནང་ཕྱི་ཕྱོགས་ཀྱི་ཁ་བྲལ་རིང་ལུགས་བརྒྱུད་བོད་རང་བཙན་རྩོད་ལེན་དང་དེ་བཞིན་རྒྱ་ནག་རྒྱལ་ཡོངས་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་གནོད་འཚེ་བཟོ་མཁན་ཤར་ཏུར་ཀིས་ཏན་གྱི་གནད་དོན་སོགས་ཀྱང་མངོན་གསལ་བྱས་འདུག ཡང་རྒྱབ་ཤ་དཀར་པོའི་དོན་ཚན་གཉིས་པའི་ནང་གསེས་དུས་རབས་གསར་པའི་དམག་འཐབ་ཀྱི་ཐབས་བྱུས་ལག་བསྟར་བྱེད་ཕྱོགས་ཀྱི་ལམ་སྟོན་ནང་རྒྱ་གཞུང་གིས་དྲག་ཤུགས་བེད་སྤྱོད་བྱ་རྒྱུར་བསྡུར་གྱི་མེད་པ་དང་དགོས་ངེས་ཀྱི་སྐབས་སུ་སྤྱོད་པ་ནི་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ཀྱི་ཐེ་བྱུས་དང་ཐེ་ཝན་རང་བཙན་རྩོད་ལེན་གྱི་ཁ་བྲལ་བ་མི་ཉུང་བ་ཞིག་གི་ལས་འགུལ་ལ་དམིགས་པ་ཞིག་ཡིན་པ་ལས་ཐེ་ཝན་གྱི་སྤུན་ཟླར་དམིགས་པ་ཞིག་རྩ་བ་ནས་མིན་ཞེས་བཤད་པ་མ་ཟད། རྒྱ་ནག་རྒྱལ་སྲུང་ངོས་ནས་གཙོ་བོ་སྤྱི་ཚོགས་ཀྱི་བདེ་འཇགས་དང་རྒྱལ་ཁབ་ཀྱི་ཆིག་སྒྲིལ་སླད་ཐེ་ཝན་རང་བཙན་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་མ་ཟད། ཁྱད་པར་དུ་བོད་རང་བཙན་རྩོད་མཁན་གྱི་ཁ་བྲལ་རིང་ལུགས་པ་རྣམས་ལ་འགོག་རྒོལ་དང་གདོང་ལེན་ཤུགས་ཆེ་བྱ་རྒྱུར་དམིགས་ཀྱི་ཡོད་པར་བསྐྱར་ནན་བྱས་འདུག བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྲིལ་བསྒྲགས་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་བཅར་འདྲི་ཞུས་སྐབས་ཁོང་གིས་བོད་མིའི་སྒྲིག་འཛུགས་ནས་ད་བར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་རྒྱ་གཞུང་གི་རྩ་ཁྲིམས་ནང་གསལ་ལྟར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་པ་ལས་རང་བཙན་རྩོད་ཀྱི་མེད་ཀྱང་། རྒྱ་གཞུང་གིས་དུས་རྟག་ཏུ་བོད་མི་རྣམས་རང་བཙན་རྩོད་མཁན་གྱི་ཁ་བྲལ་རིང་ལུགས་པ་ཡིན་ཚུལ་གྱི་གཞི་མེད་སྐྱོན་འཛུགས་བྱེད་བཞིན་པར་ངོས་ལེན་རྩ་བ་ནས་ཞུ་ཐབས་མེད་པའི་བསྐྱར་ནན་གྱི་ལན་འདེབས་གནང་སོང་།

གསེར་རྟ་བླ་རུང་སྒར་གྱི་གནད་དོན་ཐོག་བཏང་སྙོམས་ཚུལ་དུ་བསྡད་རྒྱུ་ཡིན།

ཉེ་ཆར་ཉི་ཧོང་གི་བརྙན་འཕྲིན་ལས་ཁང་གྲགས་ཅན་ NHK ཡིས་སྐར་མ་ ༥༠ ཅན་གྱི་བརྙན་ཐུང་ཞིག་འདོན་སྤེལ་གནང་སྟེ་རྒྱ་གཞུང་གིས་དེ་སྔ་གཏོར་བཤིག་བཏང་བའི་བོད་གསེར་རྟ་ཁུལ་གྱི་ཆོས་སྡེ་བླ་རུང་སྒར་གྱི་གྲྭ་ཤག་གི་ས་ཆ་རྣམས་ཡུལ་སྐོར་སྤྲོ་འཆམ་པའི་ལྟེ་གནས་ཤིག་ཏུ་འགྱུར་ཐབས་བྱེད་བཞིན་པ་ར་སྤྲོད་གནང་བ་མ་ཟད། ས་གནས་ཀྱི་གྲྭ་བཙུན་དང་བོད་མི་ཁག་གཅིག་གིས་གནད་དོན་དེའི་ཐད་སྐད་ཆ་གང་ཡང་མ་བཤད་པར་བཏང་སྙོམས་ཚུལ་དུ་བསྡད་རྒྱུ་ཡིན་ཞེས་གསུངས་པ་མངོན་གསལ་གནང་འདུག བོད་གསེར་རྟ་བླ་རུང་ཆོས་སྒར་དུ་དེ་སྔ་ཕྱི་ལོ་ ༢༠༡༦ ལོར་རྒྱ་གཞུང་གིས་བཙན་དབང་ཐོག་གྲྭ་བཙུན་རྣམས་ཀྱི་གྲྭ་ཤག་གཏོར་བཤིག་དང་ཁོང་རྣམས་དགོན་པ་ནས་ཕྱིར་འབུད་བཏང་སྟབས་དཀའ་ངལ་དུ་མ་འཕྲད་ཡོད་པའི་ཁྲོད་འདིར་ཉི་ཧོང་གི་ NHK བརྙན་འཕྲིན་ལས་ཁང་གི་གསར་འགོད་པ་ཁག་གཅིག་གསེར་རྟ་བླ་རུང་སྒར་དུ་ཕེབས་ཏེ་ས་གནས་ཀྱི་ཡུལ་མི་ཁག་གཅིག་དང་ཁྱད་པར་དུ་བླ་རུང་སྒར་དུ་ཡུན་རིང་སློབ་གཉེར་གནང་མྱོང་ཡོད་པའི་གྲྭ་པ་གཉིས་ལ་རྗེས་འདེད་བཏང་ཐོག་ཡུལ་དངོས་ཀྱི་གནས་སྟངས་རྒྱུས་ལོན་གནང་ཐབས་བྱས་ པའི་བརྙན་པར་ཞིག་འདོན་སྤེལ་གནང་འདུག བརྙན་པར་དེའི་ནང་གསར་འགོད་པས་བླ་རུང་སྒར་དུ་ལོ་ངོ་ ༡༧ རིང་སློབ་གཉེར་གནང་མྱོང་ཡོད་པ་གྲྭ་ཚེ་བརྟན་ལགས་དང་ཐུག་འཕྲད་ཀྱིས་ཁོང་ཐོག་མ་གྲྭ་པ་ནམ་གནང་མིན་དང་ཁོང་གི་ཉིན་རེའི་བྱ་གཞག་བཅས་ཀྱི་སྐོར་ལ་བཅར་འདྲི་ཞུས་ཀྱང་། ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༨ པའི་ནང་རྒྱ་གཞུང་གིས་བོད་གསེར་རྟ་བླ་རུང་སྒར་གྱི་གྲྭ་བཙུན་རྣམས་བཙན་དབང་གིས་དགོན་པ་ནས་ཕྱིར་འབུད་བཏང་སྐབས་གྲྭ་ཚེ་བརྟན་ལགས་ཀྱང་དེའི་ནང་ཚུད་ཡོད་པ་དང་། གསར་འགོད་པ་རྗེས་སུ་ཁོང་གི་ཁྱིམ་ལ་སྐྱོད་སྐབས་རང་གི་ནང་དུ་ཆོ་ག་ཕྱག་ལེན་གནང་ནས་བཞུགས་བཞིན་པ་དང་ཁོང་གི་འདོད་པ་མེད་བཞིན་དུ་རང་གི་དགོན་པ་བཞག་ནས་ཕྱིར་ཁྱིམ་དུ་ལོག་དགོས་བྱུང་བར་ཆེས་བློ་ཕམ་ཡོད་ཅེས་གསུངས་པ་མ་ཟད། ཁོང་ནས་འཐུས་ཤོར་གང་ཡང་མེད་པར་རང་གི་ཉིན་རེའི་ཆོས་ཀྱི་ཕྱོགས་ཀྱི་ཕྱག་ལེན་གནང་དགོས་ཁག་གནང་མུས་ཡིན་པ་གསུངས་འདུག ཁོང་གི་ནང་ལ་སྒྲིག་གཤོམ་གནང་བའི་སྲིད་འཛིན་ཞི་ཅིན་ཕིང་གི་ཐང་ག་དེ་ནི་རྒྱ་གཞུང་གི་དཔོན་རིགས་ཁག་གཅིག་གྲྭ་ཚེ་བརྟན་ལགས་ཀྱི་ནང་དུ་སླེབས་ནས་སྤྲད་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག གསེར་རྟ་བླ་རུང་དུ་ཡོད་པའི་གྲྭ་ཕུན་ཚོགས་བཀྲིས་ལགས་ཀྱིས་ཁོང་རྣམས་ནས་གསེར་རྟ་བླ་རུང་སྒར་གྱི་ཛ་དྲག་གནས་སྟངས་སྐོར་གླེང་བ་ཡིན་ན་དེས་ནང་བསྟན་སློབ་གླིང་ལ་མཇུག་འབྲས་ངན་པ་ཡོང་སྲིད་པས་གནད་དོན་དེའི་ཐད་བཏང་སྙོམས་ཚུལ་དུ་བསྡད་རྒྱུ་ཡིན་ཞེས་གསར་འགོད་པའི་དྲི་བར་ལན་འདེབས་གང་ཡང་གནང་མེད་པ་མ་ཟད། ཕྱིས་སུ་གྲྭ་ཕུན་ཚོགས་བཀྲིས་ལགས་ཀྱང་རང་གི་གྲྭ་ཤག་ནས་ཕྱིར་འབུད་བཏང་སྟེ་དུས་ཡུན་གང་ཙམ་རིང་མཐོང་རྒྱུ་མེད་པར་གྱུར་ཡོད་ཀྱང་། རྗེས་སུ་ཁོང་བླ་རུང་སྒར་གྱི་ཉེ་འཁྲིས་ཟི་ལིང་གྲོང་ཁྱེར་ནང་བཞུགས་བཞིན་པ་རྙེད་སོན་བྱུང་བའི་ཁྲོད་མིག་ནས་ཕྱི་མ་འདོན་བཞིན་རང་ཉིད་ཀྱི་ཆོས་སྒར་ནས་ཕྱིར་འབུད་བྱུང་བའི་མྱོང་བ་དེ་ནི་བརྗོད་ཐུབ་ཐབས་འབྲལ་བ་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུག ལྷག་དོན་བརྙན་ཐུང་དེའི་ནང་རྒྱ་གཞུང་གིས་བོད་གསེར་རྟ་ཁུལ་གྱི་ཆོས་སྡེ་བླ་རུང་སྒར་གྱི་གྲྭ་བཙུན་རྣམ་པའི་གྲྭ་ཤག་ཁག་གཏོར་བཤིག་བཏང་བའི་ས་ཆ་ཁག་ཏུ་ཡུལ་སྐོར་འཆམ་སྤྲོ་འཆམ་པ་འགྲོ་སའི་རྒྱ་ལམ་དང་སྐས་འཛེག་སྟོང་ཕྲག་མང་པོ་གསར་རྒྱག་བྱས་པ་མངོན་གསལ་གནང་འདུག་པ་མ་ཟད། རྒྱ་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་པར་དམིགས་ཏེ་གཞི་རྒྱ་ཆེ་བའི་མགྲོན་ཁང་ཁག་གཅིག་གསར་རྒྱག་བྱེད་བཞིན་ཡོད་པ་དང་ཆོས་སྡེ་དེར་ད་ཆ་ནང་ཆོས་སློབ་གཉེར་གནང་མཁན་ལས་ཡུལ་སྐོར་སྤྲོ་འཆམ་པ་མང་བ་ཆགས་ཡོད་པ་སོགས་མངོན་རྒྱུ་འདུག་སྟབས། སྐབས་དེའི་བརྙན་པར་ནང་བླ་རུང་སྒར་གྱི་གྲྭ་པ་ཞིག་ནས་ཁུལ་དེར་སླེབས་པའི་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ཞིག་ལ་ཉེས་བརྡུང་བཏང་བ་ཞིག་ཀྱང་མཐོང་གི་འདུག རྩ་བའི་བོད་གསེར་རྟ་བླ་རུང་སྒར་དུ་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༦ ཟླ་ ༧ ནས་བཟུང་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་འབུད་ཀྱི་ལས་གཞི་སྤེལ་བའི་ཁྲོད། བླ་རུང་ཆོས་སྒར་གྱི་གྲྭ་ཤག་ ༥༠༠༠ ལྷག་གཏོར་བཤིགས་བཏང་ཡོད་པ་དང་། བླ་རུང་སྒར་དང་ཡར་ཆེན་སྒར་གཉིས་ནས་གྲྭ་བཙུན་དང་སློབ་གཉེར་བ་ཁྱོན་ ༤༨༠༠ ལྷག་ཕྱིར་ཕུད་བཏང་ཡོད་པ་མ་ཟད། ཉེ་ལམ་གསར་ལམ་ཁག་གཅིག་ཏུ་ཆོས་སྒར་དེ་དག་ནས་ཕྱིར་འབུད་བཏང་བའི་གྲྭ་བཙུན་རྣམས་དོ་དམ་བྱས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་སྦྱོང་བརྡར་སྤྲོད་བཞིན་པ་ར་སྤྲོད་བྱུང་ཡོད་པ་རེད། སྔ་ལོ་ ༢༠༡༨ ལོར་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པར་རྒྱ་ནག་གཞུང་འབྲེལ་ཡིག་ཆ་ཞིག་ལག་སོན་བྱུང་བའི་ནང་བླ་རུང་སྒར་དུ་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་འབུད་ཀྱི་ལས་རིམ་ཡོངས་མཇུག་སྒྲིལ་བྱས་རྗེས་མ་འོངས་པར་དགོན་པའི་འཛིན་སྐྱོང་དང་བདེ་འཇགས། དཔལ་འབྱོར། སློབ་ཁྲིད། སློབ་ཞུགས། དེ་བཞིན་སློབ་ཁྲིད་ཀྱི་ནང་དོན་གཏན་འབེབས་བཅས་ཀྱི་ལས་དོན་ཡོངས་རྫོགས་ཐོག་བཏང་འཛིན་བྱ་སླད་རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་ ༢༠༠ ཙམ་བསྐོ་གཞག་བྱས་པའི་གནས་ཚུལ་ཡོངས་བསྒྲགས་གནང་ཡོད་པ་རེད།

བོད་མིའི་ཐོག་ལྟ་བ་མཁྲེགས་འཛིན་ཅན་གྱི་རྒྱ་ནག་གི་སྲིད་བློན་ཟུར་པ་ Li Peng གྲོངས་འདུག

ཟླ་བ་འདིའི་ཚེས་ ༢༢ ཉིན་པེ་ཅིན་གཞུང་གི་དབང་སྒྱུར་སྲིད་བྱུས་ཀྱི་སློབ་སྟོན་པར་ངོས་འཛིན་བྱེད་བཞིན་པའི་སྲིད་བློན་ཟུར་པ་ལི་ཕིང་ནད་མནར་རྐྱེན་གྱིས་གྲོངས་འདུག རྒྱ་ནག་གི་སྲིད་བློན་ཟུར་པ་རང་ལོ་ ༩༡ ཡིན་པ་ལི་ཕིང་ནི་རྒྱ་ནག་གི་ཆེས་མཐོའི་འགོ་འཁྲིད་ཏིང་ཞའོ་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་གྲས་སུ་བསྐོ་གཞག་བྱས་པ་ནས་བཟུང་ཕྱི་ལོ་ ༢༠༠༣ བར་དམར་ཤོག་མི་རབས་གསུམ་པའི་འགོ་ཁྲིད་ཀྱི་གྲས་སུ་རྒྱ་ནག་གི་སྲིད་བློན་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་གཙོ་བཅས་ཀྱི་གོ་གནས་བཟུང་ཡོད་པ་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པའི་མི་རབས་གསུམ་པའི་འགོ་ཁྲིད་གཙོ་གྲས་དང་གལ་ཆེའི་མི་ཞིག་ཆགས་ཡོད་པ་རེད། ཕྱི་ལོ་ ༡༩༨༩ ལོར་གནམ་སྡེ་སྒོར་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་ཚོས་སྤེལ་བའི་མང་གཙོའི་ལས་འགུལ་ལ་དྲག་གནོན་གྱིས་སྡེབ་གསོད་བྱེད་དགོས་པའི་སྐུལ་མ་གཏོང་མཁན་གཙོ་བོ་ཞིག་ཡིན་སྟབས། ཕྱིའི་རྒྱལ་ཁབ་ཁག་ནས་ལི་ཕིང་ལ་གནམ་སྡེ་སྒོར་མོ་ཆེའི་ཐང་གི་སློབ་ཕྲུག་དམར་གསོད་པ་དང་ལག་དམར། གནམ་སྡེ་སྒོར་མོ་ཆེའི་ཐང་གི་བཤན་པ་ཞེས་པའི་མིང་བཏགས་ཡོད་པ་ལྟར། དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཁ་བྱང་དུའང་པེ་ཅིང་གི་བཤན་པ་འདས་གྲོངས་སུ་གྱུར་འདུག་ཅེས་བཀོད་འདུག ལི་ཕོང་ནི་བོད་ཀྱི་དབང་སྒྱུར་གནད་དོན་ཐད་ལྟ་བ་མཁྲེགས་བཟུང་ཆེ་ཤོས་ཀྱི་དཔོན་རིགས་ཤིག་ཡིན་པ་དང་། ཁོས་སྲིད་དབང་འཛིན་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་དང་། ཉེས་མེད་བོད་མི་མང་པོ་བཙོན་འཇུག་དང་ཡ་ང་སྙིང་རྗེ་མེད་པར་དམར་གསོད་བཏང་ཡོད་སྟབས། ཕྱི་ལོ་ ༢༠༡༣ ལོར་བོད་ཀྱི་ཆབ་སྲིད་བཙོན་ཟུར་འདས་པོ་གྲྭ་དཔལ་ལྡན་རྒྱ་མཚོ་ལགས་དང་སྟག་སྣ་འཇིགས་མེད་བཟང་པོ་ལགས། དགའ་ལྡན་གྲྭ་བག་བྲོ་ལགས་སོགས་བོད་མི་ཁག་གཅིག་གིས་སི་པེན་རྒྱལ་སྤྱིའི་ཁྲིམས་ཁང་ལ་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མིན་དང་སྲིད་བློན་ཟུར་པ་ལི་ཕིང་གཉིས་གཙོ་གྱུར་གཞན་དཔོན་རིགས་ལྔ་པོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་མི་རིགས་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱས་པའི་ནག་ཉེས་འོག་འཛིན་བཟུང་བྱེད་དགོས་པའི་ཁྲིམས་གཏུག་གནང་ཡོད་པ་ལྟར་ཁྲིམས་ཀྱི་བཅད་ཁྲ་བཏང་བའི་གནས་ཚུལ་བྱུང་ཡོད་པ་རེད། རྩ་བའི་ལི་ཕིང་ནི་ཕྱི་ལོ་ ༡༩༢༨ ལོར་རྒྱ་ནག་སི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཁྲེང་ཏུའུ་གྲོང་ཁྱེར་དུ་སྐྱེས་ཞིང་ཕྱི་ལོ་ ༡༩༨༧ ལོ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ལས་ཀ་བྱེད་མགོ་ཚུགས་ཡོད་པ་དང་། ཁོ་པ་སྐབས་བཞི་པའི་རྒྱ་ནག་གི་སྲིད་བློན་དུ་བསྐོས་པ་མ་ཟད། ཁོ་པའི་བུ་གཉིས་དང་བུ་མོ་གཅིག་ཡོད་པ་དེ་དག་ད་ཆ་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་མགོ་ཁྲིད་དུ་སླེབས་ཡོད་པ་རེད། ལྷག་དོན་ཕྱི་ལོ་ ༡༩༩༤ ལོར་ Li Peng གིས་རྒྱ་ནག་གི་མ་འོངས་དཔལ་འབྱོར་འཕེལ་རྒྱས་སོགས་ལ་དམིགས་ཏེ་ཡར་ཀླུང་གཙང་པོའི་ཆུ་རྒྱུན་བཀག་ནས་རྒྱ་ནག་གི་ཆུ་མཛོད་ཁང་ཆེ་ཤོས་བརྒྱབས་ཡོད་པ་དེ་ཁོ་པའི་བྱས་རྗེས་གཙོ་གྲས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་རེད།

ཨིན་ཡུལ་གྲོས་ཚོགས་སུ་བོད་ནང་འདྲ་མཉམ་ཐོག་འགྲུལ་སྐྱོད་ཆོག་པའི་ཁྲིམས་འཆར་ཆེད་འདོན། 

ཨིན་ཡུལ་གྲོས་ཚོགས་སུ་བོད་ནང་རང་དབང་ཐོག་ཕར་འགྲོ་ཚུར་འོང་གི་འགྲོ་སྐྱོད་ཆོག་པའི་ཁྲིམས་འཆར་ Reciprocal Access to Tibet ཞེས་པ་ཆེད་འདོན་གནང་བ་དང་འབྲེལ། ཁྲིམས་འཆར་དེ་བརྒྱུད་ནས་ཨིན་ཡུལ་གཞུང་གི་ངོས་ནས་རྒྱ་གཞུང་གིས་བོད་ནང་གི་བོད་མིའི་ཐོག་རྒྱུན་མི་ཆད་པར་བརྙས་བཅོས་གཏོང་བཞིན་པའི་བྱ་སྤྱོད་ལ་བཟོད་སྒོམ་མུ་མཐུད་ནས་གནང་གི་མིན་ཞེས་གསུངས་འདུག ཁྲིམས་འཆར་དེ་ཁ་སང་ཕྱི་ཚེས་ ༢༣ ཉིན་ཨིན་ཡུལ་གྱི་གྲོས་ཚོགས་འོག་མའི་ཉིན་རྒྱབ་ཚོགས་དུས་ཐོག་ཨིན་ཡུལ་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Tim Loughton ལགས་ཀྱིས་ཆེད་འདོན་གནང་འདུག་པ་དང་། སྐབས་དེར་ཁོང་གིས་རྒྱ་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་ད་བར་བོད་མི་ས་ཡ་གཅིག་ལྷག་ཚེ་སྲོག་ཤོར་བ་དང་བོད་མི་ ༡༥༠ ལྷག་གིས་རྒྱ་གཞུང་ལ་ཞི་རྒོལ་གྱི་རང་ལུས་མེར་བསྲེགས་གནང་བ་དང་། དེ་བཞིན་རྒྱ་གཞུང་གིས་བོད་མཐོ་སྒང་གི་ཁོར་ཡུག་གཏོར་བཤིག་ཚབས་ཆེན་གཏོང་བཞིན་པ་བཅས་ད་ལྟའི་ཆར་བོད་ཀྱི་སྣོད་བཅུད་གཉིས་ཀར་ཛ་དྲག་དང་དང་ཚབས་ཆེའི་གནས་སྟངས་སུ་འགྱུར་བཞིན་ཡོད་ཀྱང་། རྒྱ་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། རྒྱལ་ཚོགས་ཀྱི་རྟོག་ཞིབ་མི་སྣ་སོགས་རང་དབང་ཐོག་ནས་བོད་ནང་གི་གནས་སྟངས་རྒྱུས་ལོན་དང་རྟོག་ཞིབ་ཆེད་སྐྱོད་རྒྱུར་བཀག་འགོག་བྱེད་བཞིན་ཡོད་པར་འགྲེལ་བརྗོད་གནང་སྟེ་ཨིན་ཡུལ་གཞུང་ནས་བོད་མིའི་གནད་དོན་ཁུལ་སིམ་པོར་བསྡད་རྒྱུ་མེད་ཅེས་གསུངས་པ་དང་འབྲེལ་གྲོས་ཚོགས་སུ་ཁྲིམས་འཆར་དེ་འགོད་འབུལ་ཞུས་འདུག སྐུ་ཞབས་ Tim Loughton ལགས་ཀྱིས་ཁྲིམས་འཆར་དེ་དང་འབྲེལ་ནས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཁག་ནས་ཁེ་ཕན་བླངས་ཏེ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་རང་དབང་ཐོག་ནས་སྐོར་སྐྱོད་ཀྱིས་རྒྱ་གཞུང་ལྟ་གྲུབ་ཁྱབ་སྤེལ་དང་དྲིལ་བསྒྲགས་སྤེལ་བཞིན་པའི་ལས་དོན་ཁག་མཚམས་འཇོག་ངེས་པར་བྱེད་དགོས་པ་དང་། ལྷག་པར་དུ་ཉེ་སྔོན་ཨ་རིའི་གྲོས་ཚོགས་ངོས་ནས་ཨ་རིའི་མི་སེར་དང་གཞུང་འབྲེལ་མི་སྣ་ཁག་བོད་ནང་རང་དབང་ཐོག་འདྲ་མཉམ་འགྲོ་འོང་བྱ་རྒྱུའི་ཁྲིམས་འཆར་ཞིག་གཏན་འབེབས་གནང་བ་གཞིར་བཟུང་ད་ཆ་ཡོ་རོབ་དང་ཨིན་ཡུལ་གཞུང་གཉིས་ནས་ཨ་རི་ལྟར་གཅིག་མཚུངས་ཀྱི་བཞེངས་ཕྱོགས་འཛིན་རྒྱུའི་དུས་ལ་བབ་ཡོད་པ་དང་། ཁྲིམས་འཆར་དེ་བརྒྱུད་ནས་རྒྱ་ནག་གཞུང་ལ་ཨིན་ཡུལ་གཞུང་གི་ངོས་ནས་རྒྱ་གཞུང་གིས་བོད་ནང་གི་བོད་མིའི་ཐོག་རྒྱུན་མི་ཆད་པར་བརྙས་བཅོས་གཏོང་བཞིན་པའི་བྱ་སྤྱོད་དེར་སྣང་མེད་དང་བཟོད་སྒོམ་མུ་མཐུད་ནས་གནང་རྒྱུ་མེད་ཅེས་རྒྱ་གཞུང་ལ་གསལ་འདོན་བྱ་རྒྱུ་ཡིན་པ་གསུངས་འདུག སྐུ་ཞབས་ Tim Loughton ལགས་ཀྱིས་ད་རེས་ཁྲིམས་འཆར་དེ་དང་འབྲེལ་ནས་ཨིན་ཡུལ་ཕྱི་སྲིད་ལས་ཁུངས་ནས་ལོ་གཅིག་ནང་ཚུད་ལ་ཨིན་ཡུལ་གྱི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། ཡུལ་འཁོར་སྤྲོ་འཆམ་པ་བཅས་བོད་དང་རྒྱ་ནག་གི་མངའ་ཁུལ་ཁག་ཏུ་འགྲོ་འོང་ག་ཚོད་ཙམ་གང་ཐུབ་པའི་གྲངས་ཐོ་ཁག་མཚུངས་བསྡུར་གྱིས་ལོ་འཁོར་སྙན་ཐོ་ཞིག་གྲོས་ཚོགས་ནང་འགོད་འབུལ་ཞུ་དགོས་པའི་དགོས་འདུན་ཡང་ཆེད་འདོན་གནང་ཡོད་པ་རེད། ཁ་སང་གྲོས་ཚོགས་འཐུས་མི་སྐུ་འཚབ་ Tim Loughton ལགས་ཀྱིས་ཨིན་ཡུལ་གྲོས་ཚོགས་སུ་ཁྲིམས་འཆར་དེ་འགོད་འབུལ་ཞུས་གྲུབ་རྗེས་སྤྱི་ཚོགས་དྲྭ་ལམ་ཐོག་བརྙན་པར་ལམ་ནས་ཁྲིམས་འཆར་དེ་དང་འབྲེལ། རྒྱ་གཞུང་གི་ངོས་ནས་བོད་དེ་ཕྱི་ལ་སྒོ་མོ་ཕྱེས་ནས་བོད་ནང་གི་དངོས་ཡོད་གནས་བབ་ལ་རྟོག་ཞིབ་གནང་འཇུག་དགོས་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་བོད་མི་དང་འཛམ་གླིང་ཁྱོན་ཡོངས་སུ་ཡོད་པའི་བོད་མིའི་ཐོག་དྲང་བདེན་མ་བྱེད་ཚེ་དེ་འབྲེལ་རྒྱ་ནག་གཞུང་གི་འགན་ཡོད་མི་སྣ་ཁག་ཨིན་ཡུལ་དུའང་ཡོང་རྒྱུའི་རེ་བ་དུས་ནམ་ཡང་མ་བྱེད་ཅེས་གསུངས་འདུག རླུང་འཕྲིན་ཁང་གིས་ཁྲིམས་འཆར་དེ་དང་འབྲེལ་ནས་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཀྱི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་ཀུན་དགའ་ལགས་སུ་བཅར་འདྲི་ཞུས་པར་ཁྲིམས་འཆར་དེ་ནི་ད་བར་ས་གནས་སུ་ཡོད་པའི་བོད་དོན་རྒྱབ་སྐྱོར་བ་ཚོགས་སྒེར་ཁག་དང་བོད་མི་སོགས་ནས་ལོ་མང་རིང་ནས་ཞུ་འབོད་རིམ་པ་ཞུས་པའི་གྲུབ་འབྲས་ཤིག་ཡིན་པ་མ་ཟད། རིང་མིན་ཁྲིམས་འཆར་དེ་གྲོས་ཚོགས་སུ་བགྲོ་གླེང་བརྒྱུད་ནས་གཏན་འབེབས་གནང་རྒྱུའི་ལས་རིམ་ཡོད་པ་དེ་ལྟར་ཡང་། ད་རེས་ཨིན་ཡུལ་གྱི་གནད་འགགས་ཆེ་བའི་གྲོས་ཚོགས་ཀྱི་དུས་ཚོད་དེ་ལྟ་བུའི་ཐོག་བོད་ནང་གི་གནད་དོན་དང་ཁྲིམས་འཆར་དེ་ཆེད་འདོན་གནང་བ་ནི་རྒྱལ་ཁ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་མ་ཆོག་ཡོད་མ་རེད་ཅེས་གསུངས་སོང་།

Latest news