Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

གཟའ་འཁོར་གཅིག་གི་ནང་བོད་ཁུལ་དུ་རི་ཉིལ་བའི་དོན་རྐྱེན་གསུམ་བྱུང་བ།

དེའང་ཟླ་བ་འདིའི་ཚེས་ ༡༧ ཉིན་ཞོགས་པར་སླར་བོད་རང་སྐྱོང་ལྗོངས་སྨན་གླིང་རྫོང་ཕད་གྲོང་རྡལ་རྒྱ་ལ་ཡུལ་ཚོའི་ཉེ་འགྲམ་གྱི་ཡར་ཀླུང་གཙང་པོའི་བཞུར་རྒྱུན་གྱི་རི་བོ་ཞིག་ཉིལ་བས་གཙང་ཆུའི་བཞུར་རྒྱུན་བཀག་པར་བརྟེན་གོད་ཆག་བྱུང་ཁུལ་གྱི་དུད་ཚང་མང་པོ་ཞིག་འཕྲལ་དུ་གནས་སྤོ་བྱེད་དགོས་བྱུང་འདུག རི་ཉིལ་བའི་རྐྱེན་གྱིས་ཡར་ཀླུང་གཙང་པོའི་བཞུར་རྒྱུན་འགག་ནས་སྐྱིལ་ཆུ་འཁྱིལ་ཡོད་པར་མ་ཟད་ཆུའི་གསོག་ཚད་སྨི་གྲུ་བཞི་མ་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ཟིན་ཡོད་པས་ཡུལ་དངོས་ཀྱི་བོད་མི་དག་གི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་འཕྲད་ཡོད་ཀྱང་གནས་སྐབས་རིང་ཡུལ་མི་དང་ཕྱུགས་ཟོག་སོགས་ལ་དོན་རྐྱེན་བྱུང་མེད་པ་རེད།རྒྱ་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་བཀོད་པར་རི་ཉིལ་བའི་གོད་ཆག་བྱུང་ས་ནས་མེ་ཏོག་རྫོང་ལ་བར་ཐག་སྤྱི་ལེ་ ༡༧༥ ཡོད་པ་དང་རང་བྱུང་གོད་ཆག་བྱུང་མ་ཐག་རིམ་པ་དང་པོའི་ཉེན་སྐྱོབ་ཐབས་བྱུས་ལག་བསྟར་བྱས་ཏེ་ཉིང་ཁྲི་དྲག་ཆས་ཉེན་རྟོག་ཁང་གི་ཡན་ལག་སོགས་ནས་དམག་མི་ ༧༠༠ ལྷག་གྲ་སྒྲིག་བྱས་ཡོད་པ་བཀོད་འདུགགཞན་ཡང་མཚོ་སྔོན་ཞིང་ཆེན། ཁྲི་ཀ་རྫོང་། འཕྲང་དམར་གྲོང་བརྡལ་གྱི་ལྷ་སྡེ་ཡུལ་ཚོའི་དབྱར་ས་བྲག་དཀར་རྫ་རིའི་ཁུལ་དུ་ཡང་རི་ཉིལ་བྱུང་ཡོད་པ་དང་། ཡུལ་དངོས་ཀྱི་མིས་འགྲེལ་བརྗོད་བྱས་པ་ལྟར་ན་རི་ཉིལ་དེ་ད་དུང་མཚམས་ཆད་མེད་པར་མུ་མཐུད་དུ་དོན་རྐྱེན་བྱུང་དང་འབྱུང་བཞིན་ཡོད་ནའང་།  རྒྱུག་ཆུ་ཆེན་པོ་འགག་པ་ལྟ་བུའི་དོན་རྐྱེན་བྱུང་མེད་པས་ཡུལ་དངོས་ཀྱི་མི་མང་གི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་མེད་པར་འགྲེལ་བརྗོད་བྱས་ཡོད། དེ་བཞིན་ཟླ་བ་འདིའི་ཚེས་ ༡༡ ཉིན་དཔལ་ཡུལ་རྫོང་དང་འཇོ་མདའ་རྫོང་སྤོ་ལོ་ཡུལ་ཚོའི་ས་མཚམས་སུ་རི་ཉིལ་བྱུང་བར་བརྟེན་རང་བྱྱུང་གོད་ཆག་བྱུང་ཡུལ་གྱི་གྲོང་ཚོ་ ༡༠ ཡི་ཡུལ་མི་ ༡༣༠༠༠ ལྷག་གནས་སྤོ་བྱས་ཡོད་པ་མ་ཟད། ཡུལ་དངོས་ཀྱི་ཁང་པ་ཁ་ཤས་ཆུ་ལ་འཐིམ་པ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་རེད།སྤོ་ལོ་ཡུལ་ཚོའི་མི་མང་གིས་འགྲེལ་བརྗོད་བྱས་པར་རྒྱ་ནག་གིས་བོད་ས་གང་སར་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེར་སྤེལ་བཞིན་པ་མ་ཟད། གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་འབྲེག་སོགས་ཀྱི་མཚོན་པའི་རང་བྱུང་ཁོར་ཡུག་ལ་གཏོར་བཅོམ་འཚབ་ཆེན་གཏོང་བཞིན་ཡོད་སྟབས་བོད་ཁུལ་དུ་རི་ཉིལ་བའི་དོན་རྐྱེན་མང་པོ་འབྱུང་བཞིན་ཡོད་པ་མ་ཟད།  གནམ་གཤིས་འགྱུར་ལྡོག་ལའང་་ཤུགས་རྐྱེན་ཆེན་པོ་ཐེབས་ནས་དབྱར་དུས་སུ་ཚ་བ་ཤུགས་ཆེ་འཕར་བཞིན་པ་ལྟར། དགུན་དུས་སུ་གནམ་གཤིས་ཧ་ཅང་ཇེ་འཁྱགས་སུ་འགྲོ་བཞིན་ཡོད་པ་རེད། ཟླ་བ་འདིའི་ཚེས ༡༥ ཉིན་ FreeTibet ཞེས་པའི་དབྱིན་ཡུལ་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲྭ་གནས་ཐོག་གནས་ཚུལ་སྤེལ་ཏེ། རྒྱ་ནག་གིས་བོད་ས་ཁུལ་དུ་ཁོར་ཡུག་གཏོར་བཅོམ་གྱི་ལས་གཞི་རྒྱ་བསྐྱེད་བྱེད་བཞིན་ཡོད་སྟབས། ས་གནས་ཀྱི་ཡུལ་མི་ ༡༧༠༠༠ ལྷག་ཆུ་མཛོད་གསར་རྒྱག་གི་ལས་གཞིའི་ཁྲོད་བཙན་དབང་གིས་གནས་སྤོ་བྱས་ཡོད་པ་ Tibet Justice Center ཡི་སྙན་ཐོ་ལས་ལུང་འདྲེན་བྱས་ཡོད་པ་དང་ཉེ་བའི་ལོ་ཤས་ནས་བཟུང་རྒྱ་ནག་གི་བཟོ་ལས་ཀྱི་དགོས་མཁོ་དང་བསྟུན་པའི་ཐོག་ནས་བོད་ནང་གི་རང་བྱུང་ཁོར་ཡུག་གི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་རྒྱ་ཆེར་སྤེལ་མུས་ཡིན་པར་བརྟེན།  ཡུལ་མི་ཚོས་རང་གི་ས་གནས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད་པ་མ་ཟད། རང་བྱུང་གོད་ཆག་གི་ཉམས་ཉེས་ཕོག་ས་ཡང་ས་གནས་ཀྱི་བོད་རིགས་ཡུལ་མི་རང་ཆགས་ཡོད་སྐོར་འཁོད་ཡོད།

ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་ལ་གནོན་ཤུགས་ནན་པོ་སྤྲོད་དགོས་པའི་ཞུ་སྐུལ་སྐད་འབོད།

ཁ་སང་ཚེས་ ༡༨ ཉིན་ཡོ་རོབ་ Belgium གྱི་རྒྱལ་ས་ Brussels ནང་རྟེན་གཞི་བྱས་པའི་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་ཁང་ལྟེ་བའི་ནང་ ASEM ཞེས་ཨེ་ཤ་ཡ་དང་ཡོ་རོབ་དབར་གྱི་ཆབ་སྲིད་དང་བདེ་འཇགས། དཔལ་འབྱོར། སྤྱི་ཚོགས་བཅས་ལ་དམིགས་པའི་ཚོགས་ཆེན་ཐེངས་ ༡༢ པ་དེ་མགོ་འཛུགས་གནང་བ་དང་བསྟུན་ཁུལ་དེར་གནས་ཞུགས་ས་གནས་བོད་མི་དང་ཡུ་གུར་བ། ལྷོ་སོག་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་མཁན་གྱི་ས་གནས་ཡུལ་མི་བཅས་ཁྱོན་མང་ཚོགས་ ༡༥༠ ལྷག་ལྷན་འཛོམས་ཐོག་ཡོ་རོབ་མཐུན་ཚོགས་ནས་ཐེངས་འདིའི་ཚོགས་ཆེན་ཐོསྟེང་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་རྒྱ་ནག་ལ་གནོན་ཤུགས་ནན་པོ་སྤྲོད་དགོས་པར་ཞུ་སྐུལ་སྐད་འབོད་གནང་འདུག གཞི་རྩའི་ཞུ་སྐུལ་སྐད་འབོད་ཀྱི་ལས་འགུལ་དེ་བཁུལ་དེར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། UNPO ཞེས་རྒྱལ་ཚོགས་སུ་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་མང་གི་ཚོགས་པ། དེ་བཞིན་རྒྱལ་སྤྱིའི་ཡུ་གུར་མང་གཙོ་ཚོགས་པ་དང་ལྷོ་སོག་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་བཅས་ཐུན་མོང་གིས་གོ་སྒྲིག་ཞུས་པ་ཞིག་ཆགས་ཡིན་པ་རེད། སྐབས་དེར་ཁོང་རྣམས་ནས་ལྷན་ཚོགས་ཐོག་བཅར་བའི་རྒྱ་ནག་གི་སྲིད་བློན་ Li Keqiang ཡིས་གཙོས་པའི་རྒྱ་ནག་གི་སྐུ་ཚབ་རྣམས་ལ་ངོ་རྒོལ་དང་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་མི་སྣ་རྣམས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱི་དང་སྒོས་གྲངས་ཉུང་མི་རིགས་ཀྱི་རང་དབང་དང་འབྲེལ་རྒྱ་ནག་གི་སྐུ་ཚབ་དང་རྒྱ་གཞུང་ལ་གནོན་ཤུགས་ནན་པོ་སྤྲོད་དགོས་པར་ཞུ་སྐུལ་གནང་འདུགལས་འགུལ་ཐོག་མཉམ་ཞུགས་བ་ཡོ་རོབ་གྲོས་ཚོགས་འཐུས་མི་དང་ཡོ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Thomas Mann ལགས་ནས་ང་ཚོས་བོད་དང་ཡུ་གུར། སོག་པོ་བཅས་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད། བློ་ཕམ་པ་ཞིག་ལ་རྒྱ་ནག་གཞུང་ནས་རྒྱ་ཁབ་ཀྱི་བདེ་འཇགས་དང་ཆིག་སྒྲིལ་ཞེས་པའི་མིང་བྱང་འོག་བོད་མི་དང་ཡུ་གུར་བ། སོག་པོ་བཅས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྣམས་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད།  ལྷག་པར་དུ་བོད་མིའི་ཐུན་མོང་མ་ཡིན་པའོ་ངོ་བོ་རྩ་མེད་གཏང་རྒྱུར་འབད་བརྩོན་ཆེན་པོ་བྱེད་ཀྱི་ཡོད།  ང་ཚོས་དུས་རྒྱུན་དུ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ལྷག་དོན་དུ་རྒྱ་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་སྐུ་ཉིད་མཆོག་གི་སྐུ་ཚབ་ལྷན་དུ་ཞི་བ་དང་དོན་ཕན་ལྡན་པའི་གྲོས་མོལ་གནང་དགོས་པར་འབོད་སྐུལ་ཞུ་བཞིན་ཡོད་པ་སོགས་འཁོད་ཡོད།ཁྲིམས་ལུགས་གང་འདྲ་ཞིག་གསར་བཟོ་བྱ་ཚེ་དེས་བོད་ཀྱི་རང་བྱུང་ཁོར་ཡུག་དང་མི་མང་གི་འཚོ་རྟེན་དང་དཔལ་འབྱོར། དེ་བཞིན་རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་བཅས་ལ་དོ་ཕོགས་མ་ཐེབས་པ་ཞིག་བཟོ་དགོས་གལ་ཡིན་སྐོར་ཡང་ཡང་བརྗོད་བཞིན་པ་སོགས་འགྲེལ་བརྗོད་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་མཐུན་ཚོགས་ཀྱི་ཉམས་ཞིབ་འགན་འཛིན་ Vincent Metten ལགས་ནས་རྒྱ་ནག་གི་དྲག་པོའི་སྲིད་བྱུས་འོག་རང་དབང་དང་ཐོབ་ཐང་གང་ཡང་མེད་པར་དཀའ་སྡུག་མྱོང་བཞིན་པའི་རྒྱལ་ཁབ་རྣམས་ཐུན་མོང་ཐོག་ནས་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་ ASEM ཞེས་ཨེ་ཤ་ཡ་དང་ཡོ་རོབ་དབར་གྱི་ལྷན་ཚོགས་སྐབས་སུ་ཚོང་དོན་སྐོར་གླེང་བ་ལས་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་གི་མེད་སྟབས། ང་ཚོའི་ངོས་ནས་གོ་སྐབས་དམ་འཛིན་ཐོག་ལྷན་ཚོགས་དེ་དག་ཐོག་འགྲོ་བ་མིའི་ཐོབ་ཐང་གླེང་དགོས་པར་ཞུ་སྐུལ་གནང་དགོས་པ་མ་ཟད། ལྷག་དོན་དུ་ལྷན་ཚོགས་འདིའི་ཐོག་རྒྱ་ནག་གི་སྲིད་བློན་ Li Keqiang སླེབས་ཡོད་སྟབས་ཞུ་སྐུལ་དང་སྐད་འབོད་གནང་རྒྱུ་དེ་བས་ཀྱང་གནད་ཆེ་བ་རེད་ཅེས་གསུངས་འདུག  དེ་བཞིན་ UNPO ཚོགས་པའི་ཞུ་གཏུགས་འགན་འཛིན་ལྕམ་ Lucia Parrucci ལགས་ཀྱིས་ནོར་འཁྲུལ་གང་ཡང་མེད་པར་རྒྱ་གཞུང་གི་སྡུག་རྩུབ་ཅན་གྱི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པའི་མི་སེར་རྣམས་ཀྱི་བདེ་སྡུག་གླེང་རྒྱུའི་འོས་འགན་འདི་ཡོ་རོབ་མཐུན་ཚོགས་དང་དེའི་ཚོགས་མི་རྒྱལ་ཁབ་རྣམས་ལ་ཡོད་སྟབས། ཡོ་རོབ་མཐུན་ཚོགས་དང་རྒྱལ་ཚོགས་ཀྱི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་དག་གལ་ཆེན་པོ་ཞིག་ཏུ་ངོས་འཛིན་ཐོག་རྒྱ་ནག་གཞུང་དང་རྒྱ་ནག་གི་སྐུ་ཚབ་རྣམ་པར་དེ་འབྲེལ་འདྲི་རྩད་དང་གླེང་སློང་གནང་གལ་ཡིན་པ་སོགས་གསུངས་ཡོད། གཞི་རྩའི་ཁ་སང་བྷེལ་འཇམ་གྱི་རྒྱལ་ས་ Brussels ནང་དུ་མགོ་འཛུགས་གནང་བའི་ ASEM ཞེས་ཨེ་ཤ་ཡ་དང་ཡོ་རོབ་དབར་གྱི་ཆབ་སྲིད་དང་བདེ་འཇགས། དཔལ་འབྱོར། སྤྱི་ཚོགས་བཅས་ལ་དམིགས་པའི་ཚོགས་ཆེན་ཐེངས་ ༡༢ པ་དེ་དེ་རིང་མཇུག་སྒྲིག་གནང་གི་ཡོད་པ་དང་། ཚོགས་ཆེན་ཐོག་རྒྱ་ནག་ཕྱོགས་ནས་ Li Keqiang གྱིས་གཙོས་པའི་སྐུ་ཚབ་མི་སྣ་ཁག་ཅིག ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Donald Tusk ལགས་ཀྱིས་གཙོས་པའི་ཚོགས་མི་རྣམ་པ། ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་གི་གནད་ཡོད་འགོ་ཁྲིད་བཅས་ནས་མཉམ་ཞུགས་ཐོག་ཕྱོགས་གཉིས་ཀྱི་ཆབ་སྲིད་དང་ཚོང་འབྲེལ་སོགས་ཀྱི་སྐོར་གྲོས་བསྡུར་གནང་གི་ཡོད་པ་རེད།

རྒྱ་ནག་གི་ལས་བཟོ་བས་ས་གནས་བོད་མིར་རྡུང་རྡེག་བཏང་བ།

རྒྱ་ནག་གི་འཛུགས་སྐྲུན་ལས་བཟོ་བས་ས་གནས་ཀྱི་བོད་མི་ཁ་ཤས་ལ་རྡུང་རྡེག་བཏང་བ་དང་རླངས་འཁོར་གྱིས་བརྫིས་བ་སོགས་ཀྱིས་རྨས་སྐྱོན་བཟོས་ཡོད་སྟབས་སྨན་ཁང་དུ་བསྐྱལ་འདུག དེའང་ཟླ་བ་འདིའི་ཚེས་ ༡༡ ཉིན་མདོ་སྨད་ཆབ་ཆ་རྫོང་ཆོས་རྗེ་ཡུལ་ཚོའི་མཆོད་རྟེན་ཐང་སྡེ་བར་རྒྱ་ནག་གིས་གློག་བཟོའི་ལས་འཆར་ཞིག་མགོ་བཙུགས་ཡོད་པ་དང་།  སྐབས་དེར་ས་གནས་ཡུལ་མིས་རང་གི་ས་ཐོག་ཏུ་རླངས་འཁོར་ཆེ་ཆུང་མང་དག་ཞིག་བཏང་ན་རྩྭ་ས་འཕྲོ་བརླག་ཏུ་འགྲོ་ཉེན་ཡོད་པས་གུན་གསབ་མ་དངུལ་སྤྲོད་དགོས་པར་རེ་འདུན་བཏོན་ཡོད་ཀྱང་རྒྱ་ནག་གི་ལས་བཟོ་བས་རེ་འདུན་དེར་ངོས་ལེན་མ་བྱས་པར་དངོས་སུ་ལས་གཞི་མགོ་འཛུགས་བྱས་པར་བརྟེན་ས་གནས་ཀྱི་རྩྭ་སའི་བདག་པོ་དག་གིས་ལས་གཞི་ལ་བཀག་འགོག་བྱས་ཡོད་སྟབས་རྒྱའི་ལས་བཟོ་བ་དང་ས་གནས་བོད་རིགས་དབར་འཁྲུག་པ་ཤོར་ནས་ཡུལ་མི་ཁག་ཅིག་ལ་རྡུང་རྡེག་བཏང་བའི་གནས་ཚུལ་ཐོན་ཡོད་པ་རེད། ཡུལ་དངོས་ཀྱི་འཁྲུག་འཛིང་གི་བརྙན་པར་ཞིག་སྤྱི་ཚོགས་དྲྭ་ལམ་དུ་ཁྱབ་སྤེལ་འགྲོ་བཞིན་པར་གཞིགས་ཚེ་ས་གནས་ཀྱི་བོད་རིགས་ཚོས་འཁྲུག་པ་མ་རྒྱག་ཅེས་རེ་སྐུལ་གནང་བཞིན་ཡོད་ནའང་། རྒྱ་ནག་གི་ལས་བཟོ་བ་དེ་དག་གིས་བོད་པ་ཞིག་ལ་རུབ་རྡུང་བྱེད་བཞིན་ཡོད་མ་ཟད། རླངས་འཁོར་གྱིས་བོད་མི་ཞིག་ལ་གདོང་ཁ་བརྒྱབས་ནས་ས་ལ་འགྱེལ་རྗེས་སླར་རུབ་རྡུང་བྱེད་བཞིན་པ་མངོན་རྒྱུ་འདུག སྐབས་དེར་ས་གནས་ཀྱི་བོད་རིགས་ཚོས་དེ་མ་ཐག་ཏུ་ས་གནས་ཉེན་རྟོག་པར་ཁ་པར་ཐོངས་ཟེར་བ་སོགས་གསལ་པོ་མངོན་གྱི་འདུག རྗེས་སུ་ས་གནས་ཉེན་རྟོག་པ་འཁྲུག་འཛིང་གི་ཡུལ་དངོས་སུ་འབྱོར་ནས་བར་འདུམ་བྱས་པ་དང་རྨས་སྐྱོན་ཕོག་པའི་བོད་མི་གཉིས་སྨན་ཁང་དུ་སྐྱེལ་ཐུབ་པ་བྱུང་འདུག་པ་དང་། གནས་སྐབས་རིང་གློག་བཟོའི་ལས་འཆར་དེ་ལས་མཚམས་བཞག་ཡོད་ཀྱང་རྨས་སྐྱོན་ཕོག་པའི་བོད་མི་གཉིས་ཀྱི་གནས་སྟངས་ཇི་ཆགས་གསལ་ཁ་གང་ཡང་བྱུང་མེད་པ་རེད།

རྨ་ལྷོ་ཁུལ་རྩེ་ཁོག་རྫོང་གི་གཞུང་ལམ་བསྐྱར་གསོ་དགོས་པའི་འབོད་སྐུལ་ལ་ངོས་ལེན་མེད་པར་སྡིགས་ར་སྐུལ་བ།

བོད་མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་གི་བོད་མི་ཚོས་གོང་རིམ་སྲིད་གཞུང་ལ་སྙན་ཞུ་ཕུལ་ཏེ་གཞུང་ལམ་བསྐྱར་བཟོ་དགོས་པའི་འབོད་སྐུལ་ཞུས་ཡོད་ཀྱང་སྲིད་གཞུང་ནས་ངོས་ལེན་མེད་པར་སྡིགས་ར་སྐུལ་འདུག དེ་རིང་འདི་ག་རླུང་འཕྲིན་ཁང་ལ་མཚན་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་གི་གྲོང་སྡེ་གསུམ་ནང་གཞུང་ལམ་གྱི་དཀའ་ངལ་འཕྲད་བཞིན་པའི་སྐོར་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན། རྩེ་ཁོག་རྫོང་དམེ་ཤུལ་གྲོང་བརྡལ་གྱི་ཀ་རོང་དང་རྡོ་ལུང་། གོང་ཆེན་སྡེ་བ་བཅས་ཀྱི་ནང་དེ་སྔ་ནས་གཞུང་ལམ་གྱི་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་ད་བར་ས་གནས་སྲིད་གཞུང་ནས་དེར་ཁ་ཡ་མ་བྱས་ནས་ལོ་ཤས་འགོར་ཡོད་པའི་ཁྲོད་ཉེ་ལམ་ས་གནས་སྲིད་གཞུང་དང་སྡེ་བ་གསུམ་བར་གྱི་གཞུང་ལམ་སྤྱི་ལེ་ ༣༥ ནས་སྤྱི་ལེ་ ༡༠ ཙམ་གྱི་ལམ་ཁ་ཧ་ཅང་སྐྱོ་པོ་ཆགས་ནས་བསྐྱར་བཟོ་བྱེད་འཇུག་གི་མེད་སྟབས། ས་གནས་མི་མང་གི་འགྲོ་བསྐྱོད་ལ་དཀའ་ངལ་ཆེན་པོ་འཕྲད་མུས་ཡིན་པ་མ་ཟད། དམེ་ཤུལ་གྲོང་བརྡལ་ནས་ཁྲི་ཀ་རྫོང་བར་གྱི་སྤྱི་ལེ་ ༤༩ ཡོད་པའི་གཞུང་ལམ་དེར་ད་ལོའི་དབྱར་དུས་ཀྱི་ཆར་ཆུ་ཡིས་འདམ་འབག་འཁོར་བ་དང་འཐོར་ཞིག་ཏུ་སོང་བ་སོགས་ཀྱིས་ས་གནས་སུ་འགྲིམ་འགྲུལ་དོན་རྐྱེན་གྱི་དཀའ་ངལ་དུ་མ་འཕྲད་སྟབས་ད་ལན་སྡེ་བ་གསུམ་གྱིས་བསྐྱར་དུ་གོང་རིམ་ལ་གཞུང་ལམ་གྱི་གནས་སྟངས་ཡར་ཞུས་ཏེ་དུས་ཐོག་ཏུ་དཀའ་ངལ་སེལ་ཐབས་ཡོང་བར་རེ་བ་ཞུས་འདུག་ཀྱང་། གོང་རིམ་སྲིད་གཞུང་ནས་སྙན་ཞུའི་ཡི་གེ་དེ་ཡར་མར་སུས་བཀྲམ་པ་ཡིན་ནའང་དཀའ་ངལ་འཕྲད་རྒྱུ་ཡིན་པས་མཇུག་འབྲས་ལ་སོ་སོས་འགན་འཁུར་དགོས་པའི་སྡིགས་ར་སྐུལ་བཞིན་ཡོད་པ་རེད་འདུགདེ་བཞིན་གནས་ཚུལ་མཁོ་སྤྲོད་པས་ད་ལན་གོང་རིམ་ལ་ཕུལ་བའི་སྙན་ཞུའི་ནང་སྡེ་བ་གསུམ་གྱི་དོ་དམ་ལྷན་ཁང་ཟེར་བའི་འོག་དུད་ཁྱིམ་ ༩༠༠ དང་མི་གྲངས་ ༢༧༠༥ ཡོད་པ་དང་དེའི་ཁྲོད་དུད་ཁྱིམ་ ༢༦༦ དབུལ་ཁྱིམ་ཡིན་པས་ཆུ་དང་གློག་སོགས་ཀྱི་མཐུན་རྐྱེན་སྐྲུན་པར་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་མ་ཟད། ནགས་ཚལ་སྲུང་སྐྱོབ་དང་ཁོར་ཡུག་སྲུང་སྐྱོབ་ལའང་དཀའ་ངལ་འདུག་ཅེས་བྲིས་ཡོད་པ་དང་ཆབས་ཅིག སྲིད་གཞུང་ནས་ས་གནས་བོད་མིའི་འབོད་སྐུལ་ལ་ངོས་ལེན་མེད་པར་སྡིགས་ར་སྐུལ་བཞིན་ཡོད་སྟབས། མི་མང་གིས་གོང་རིམ་ནས་གཞུང་ལམ་བོཟ་བར་བཀག་འགོག་བྱེད་དགོས་དོན་གང་ཡིན་དང་ཁོ་ཚོས་ད་བར་མིག་ཞར་ནས་གཞུང་ལམ་མ་བཟོ་ནའང་མི་མང་གིས་དང་བླངས་ཐོག་ལམ་ཁ་བཟོ་དགོས་ཞུས་པར་གང་བཤད་བཞིན་ཡོད་ཅེས་མི་འདོད་པའི་རྣམ་འགྱུར་སྟོན་བཞིན་ཡོད་སྐོར་གསུངས་སོང་།

འཇོ་མདའ་ཁུལ་དུ་རི་ཉིལ་བྱུང་བ་ནི་རྒྱ་ནག་གི་གཏེར་ཁ་སྔོག་འདོན་བྱས་པ་ལས་བྱུང་བར་འགྲེལ་བརྗོད།

ཟླ་བ་འདིའི་ཚེས ༡༥ ཉིན་ FreeTibet ཞེས་པའི་དབྱིན་ཡུལ་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་མདོ་ཁམས་འཇོ་མདའ་རྫོང་། སྤོ་ལོ་ཡུལ་ཚོར་རི་ཉིལ་བྱུང་བའི་གནས་ཚུལ་དེ་ནི་ཐད་ཀར་རྒྱ་ནག་སྲིད་གཞུང་གིས་འཛུགས་སྐྲུན་ལས་གཞི་དང་གཏེར་ཁ་སྔོག་འདོན་བྱས་རྐྱེན་བྱུང་བ་ཞིག་ཡིན་ཚུལ་ས་གནས་ཡུལ་མིས་འགྲེལ་བརྗོད་གནང་འདུགརྒྱ་ནག་གི་བོད་ཁམས་གང་སར་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་འབྲེག་གི་ལས་གཞི་རྒྱ་ཆེར་སྤེལ་བཞིན་ཡོད་པ་ལྟར། ད་རེས་རི་ཉིལ་བྱུང་བའི་ས་ཁུལ་གྱི་གཡས་གཡོན་དུ་ཡང་གཏེར་ཁ་སྔོག་འདོན་དང་ཆུ་མཛོད་གསར་རྒྱག་གི་ལས་གཞི་སྤེལ་མུས་ཡིན་པར་ས་གནས་མང་ཚོགས་ཀྱིས་འགྲེལ་བརྗོད་བྱས་པ་དང་སྦྲགས། དཀར་མཛེས་ཁུལ་དང་རྔ་བ་ཁུལ་དུ་གཏེར་ཁ་སྔོག་འདོན་རྒྱ་ཆེར་བྱེད་བཞིན་པ་དེ་ཐད་ཀར་ད་ཐེངས་ཀྱི་གོད་ཆག་དང་འབྲེལ་བ་ཡོད་པར་འགྲེལ་བརྗོད་གནང་ཡོད་ནའང་རྒྱ་ནག་སྲིད་གཞུང་གིས་གནས་ཚུལ་དེ་ཁས་ལེན་བྱས་མེད་ཚུལ་བཀོད་འདུགགཞི་རྩིའི་ཉེ་སྔོན་གནས་ཚུལ་སྤེལ་ཟིན་པ་ལྟར། ཟླ་ ༡༠ ཚེས་ ༡༡ ཉིན་ཞོགས་པར་མདོ་ཁམས་འཇོ་མདའ་རྫོང་། སྤོ་ལོ་ཡུལ་ཚོར་རི་ཉིལ་བྱུང་བས་གོད་ཆག་ཆེན་པོ་ཞིག་བྱུང་སྟབས་ཨེ་ཤ་ཡའི་རྒྱུག་ཆུ་རིང་ཤོས་ཡིན་པའི་འབྲི་ཆུའི་བཞུར་རྒྱུན་འགག་ཡོད་པས་ས་གནས་ཀྱི་ཡུལ་མི་ཚོ་འཕྲལ་དུ་གནས་སྤོ་བྱེད་ཡོད་པའི་གནས་ཚུལ་བྱུང་ཡོད་པ་དང་། ཆུ་འགག་དེ་གྲོལ་མ་ཐུབ་པས་འཁྱིལ་ཆུའི་མཐོ་ཚད་འཕར་བཞིན་པར་བརྟེན།  འབྲི་ཆུའི་དམའ་གཞུང་དུ་ཆགས་ཡོད་པའི་གྲོང་ཚོ་མང་པོ་ཞིག་སྔར་ལས་ལྷག་པའི་ཉེན་ཁའི་གནས་སུ་གྱུར་ཡོད་པས་གྲོང་ཚོ་ ༡༠ ནས་ཡུལ་མི་ ༡༣༠༠༠ ལྷག་གནས་སྤོ་བྱས་འདུགརྒྱ་ནག་ནང་གི་གྲོང་ཁྱེར་མང་པོ་ཞིག་ཏུ་གློག་འདོན་གྱི་དགོས་མཁོ་ཆེ་བས་ན། རྒྱ་ནག་གིས་བོད་ལྷོ་ཤར་ཁུལ་གྱི་འབྲི་ཆུའི་ཁར་ཆུ་མཛོད་མང་དུ་རྒྱག་བཞིན་པ་དེ་ནི་གློག་འདོན་གྱི་ལས་གཞི་རྒྱ་ཆེར་ཡོད་པའི་ཁྲོད་ཀྱི་གྲུབ་ཆ་གཅིག་ཡིན་ནའང་།  གློག་འདོན་གྱི་ཆུ་མཛོད་གསར་རྒྱག་དེ་ནི་ཐད་གར་རྒྱ་ནག་རང་གི་གྲོང་ཁྱེར་ཆེ་ཁག་གི་དགོས་མཁོར་དམིགས་པ་ཞིག་ལས་ས་གནས་ས་ཐོག་གི་བོད་མི་ཚོར་ཁེ་ཕན་ཅི་ཡང་རག་གི་མེད་པར་བཀོད་འདུག རྒྱ་ནག་གིས་བོད་ས་ཁུལ་དུ་ཁོར་ཡུག་གཏོར་བཅོམ་གྱི་ལས་གཞི་རྒྱ་བསྐྱེད་བྱེད་བཞིན་ཡོད་སྟབས། ས་གནས་ཀྱི་ཡུལ་མི་ ༡༧༠༠༠ ལྷག་ཆུ་མཛོད་གསར་རྒྱག་གི་ལས་གཞིའི་ཁྲོད་བཙན་དབང་གིས་གནས་སྤོ་བྱས་ཡོད་པ་ Tibet Justice Center ཡི་སྙན་ཐོ་ལས་ལུང་འདྲེན་བྱས་ཡོད་པ་དང་ཉེ་བའི་ལོ་ཤས་ནས་བཟུང་རྒྱ་ནག་གི་བཟོ་ལས་ཀྱི་དགོས་མཁོ་དང་བསྟུན་པའི་ཐོག་ནས་བོད་ནང་གི་རང་བྱུང་ཁོར་ཡུག་གི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་རྒྱ་ཆེར་སྤེལ་མུས་ཡིན་པར་བརྟེན།  ཡུལ་མི་ཚོས་རང་གི་ས་གནས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད་པ་མ་ཟད། རང་བྱུང་གོད་ཆག་གི་ཉམས་ཉེས་ཕོག་ས་ཡང་ས་གནས་ཀྱི་བོད་རིགས་ཡུལ་མི་རྣམས་ཆགས་བཞིན་ཡོད་པའི་གནས་ཚུལ་བཀོད་ཡོད།

ཅོ་ནེ་རྫོང་གི་ཉིན་པ་ཞིང་འབྲོང་བཅུ་ཕྲག་ལྷག་གིས་གྲོང་སྡེ་སྲིད་གཞུང་གི་སྒོ་ཁར་ངོ་རྒོལ།

ཕྱི་ཟླ་ ༡༠ ཚེས་ ༡༣ ཉིན་ཅོ་ནེ་རྫོང་གི་ཉིན་པ་ཞིང་འབྲོག་མི་མང་བཅུ་ཕྲག་ཁ་ཤས་ཀྱིས་རྒྱ་གཞུང་ནས་ལོ་གསུམ་གྱི་གོང་དུ་ཕྱུགས་ཟོག་ཚོང་བའི་གུན་གསབ་མ་རག་པར་གྲོང་སྡེ་སྲིད་གཞུང་གི་སྒོ་ཁར་ངོ་རྒོལ་གནང་འདུག ཉེ་ལམ་སྤྱི་ཚོགས་དྲྭ་གནས་སུ་བརྙན་ཐུང་ཞིག་ཕྱི་གྱར་བྱུང་བའི་ནང་བོད་རིགས་གཅིག་གིས་ངོ་རྒོལ་གནང་དོན་གཙོ་བོ་ནི་ཕྱི་ལོ ༢༠༡༥ ལོར་རྒྱ་གཞུང་གྱིས་ཕྱུགས་ཟོག་ཚོད་འཛིན་སྲིད་བྱུས་ལ་ཁ་གཡར་ཏེ་ཁྱིམ་ཚང་ ༡༠༠ ལྷག་གི་ཕྱུགས་ཟོག་རྣམས་ཚོངས་ཤིག་ཞེས་བཙན་བཀའ་བཏང་ཡོད་དང་། སྐབས་དེར་སྲིད་གཞུང་ནས་གུན་གསབ་མ་དངུལ་སྤྲོད་ངེས་ཀྱི་ཁས་ལེན་བྱས་ཡོད་ཀྱང་ད་ཆ་ལོ་ངོ་གསུམ་སོང་ཟིན་ཡང་མ་དངུལ་མ་རག་པའི་རྒྱུ་མཚན་གྱིས་གྲོང་སྡེ་སྲིད་གཞུང་གི་སྒོ་ཁར་ངོ་རྒོལ་གནང་ཡོད་པ་དང་། ངོ་རྒོལ་བ་དེའི་ཁྲོད་ལོ་ན་ ༧༠ དང་ ༨༠ ཅན་གྱི་ལོ་རྒན་འགའ་ཞིག་ཀྱང་མངོན་རྒྱུ་འདུག་པ་མ་ཟད་ད་དུང་བརྙན་ཐུང་དེའི་ནང་ངོ་རྒོལ་བ་ཚོས་སྟབས་བདེ་ཐུག་པ་བཟས་ནས་སྲིད་གཞུང་གི་སྒོ་འགྲམ་དུ་ཉལ་བསྡད་ཡོད་པའང་མཐོང་རྒྱུ་འདུག  ལྷག་དོན་བོད་མི་དེས་སྲིད་གཞུང་གི་དཔོན་རིགས་ཚོ་ཡར་འགྲོ་མར་འགྲོ་བྱེད་བཞིན་ཡོད་ནའང་། མི་མང་ངོ་རྒོ་གནང་མཁན་ཚོར་ཡ་ལན་གང་ཡང་མི་བྱེད་པར་མ་ཟད་ཐ་ན་ཁྱི་ཞིག་གི་རིན་ཐང་ཡང་སྤྲོད་ཀྱི་མི་འདུག་ཞེས་འགྲེལ་བརྗོད་གནང་ཡོད། རྩ་བའི་འདི་ལོའི་ཕྱི་ཟླ་ ༨ པའི་ནང་ལྷ་སའི་མེ་འཁོར་འབབ་ཚུགས་སུ་ཁེལ་ཡུལ་སླེའུ་གྲོང་དུ་ཡོད་པའི་ཞིང་པ་རྣམས་ཀྱི་འཚོ་རྟེན་དུ་གྱུར་བའི་ས་ཞིང་རྣམས་མེ་འཁོར་འབབ་ཚུགས་གསར་སྐྲུན་ཆེད་སྲིད་གཞུང་གིས་གཞུང་བཞེས་བཏང་ནས་གུན་གསབ་མ་དངུལ་ཕྲན་བུ་རེ་སྤྲད་ཡོད་ཀྱང་དེང་སྐབས་གུན་གསབ་མ་དངུལ་དེ་དག་རིམ་བཞིན་ཟད་སྟབས་མང་ཚོགས་མང་ཆེ་བ་སྤྲང་པོ་ལྟ་བུའི་འཚོ་བ་སྐྱེལ་བཞིན་ཡོད་པའི་གནས་ཚུལ་ཡང་ཐོན་ཡོད་པར་མ་ཟད། འདི་ལོ་ཕྱི་ཟླ་ ༥ པའི་ནང་ལྷ་ས་སྟོད་ལུང་བདེ་ཆེན་ཁུལ་དུ་ཞིང་པ་མང་ཚོགས་ཀྱི་ས་ཞིང་ཡང་སྲིད་གཞུང་གིས་མེ་ཏོག་འདེབས་འཛུགས་བྱ་རྒྱུ་ཡིན་པར་ཁ་གཡར་ཏེ་གཞུང་བཞེས་བཏང་བར་བརྟེན་མང་ཚོགས་རྣམས་སེམས་སྡུག་དང་ཁོང་ཁྲོ་ཆེན་པོའི་ནང་ལྷུང་ཡོད་ཀྱང་བདེ་སྡུག་ཞུ་ས་མེད་པར་གྱུར་ཡོད་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད།

Taipei ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ ༡༩ རྗེས་བོད་དང་ཧོང་ཀོང་། ཐེ་ཝན་ནང་གི་གནས་སྟངས་ཇི་ཆགས་སྐོར་བགྲོ་གླེང་ཚོགས་པ།

ཟླ་ ༡༠ ཚེས་ ༡༣ ཉིན་ཐེ་པེ་རྒྱལ་ཡོངས་འགྲེམས་སྟོན་ཁང་དུ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་ཁུལ་དེའི་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་ཟུང་འབྲེལ་ཐོག་ཐེ་ཝན་རྒྱལ་སྤྱིའི་བོད་དོན་ལྷན་ཚོགས་ཐེངས་བརྒྱད་པ་དེ་ཚོགས་པ་དང་སྦྲགས། ལྷན་ཚོགས་སྐབས་བརྗོད་གཞིི་གཙོ་བོ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ ༡༩ རྗེས་སུ་བོད་དང་ཧོང་ཀོང་། ཐེ་ཝན་ནང་གི་གནས་སྟངས་ཇི་ཆགས་ཞེས་པ་དེ་ཡིན་པ་རེད། ལྷན་ཚོགས་དེར་ཐེ་ཝན་མཐོ་སློབ་ཁག་གི་སློབ་དཔོན་དང། མཁས་དབང་། ཆབ་སྲིད་དོན་གཉེར་བ། དེ་བཞིན་ཚོང་ལས་མི་སྣ་དང་མང་ཚོགས་ ༤༠ ལྷག་ནས་མཉམ་ཞུགས་གནང་ཡོད་པ་དང། སྐབས་དེར་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་༸རྒྱལ་དབང་སྐུ་ཕྲེང་ལྔ་པ་ནས་བཅུ་གསུམ་བར་གྱི་བོད་ནང་གི་གནས་སྟངས་དང། བོད་མི་མང་སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་ཀྱིས་རྒྱ་གཞུང་ནས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་དོ་ཕོག་ཇི་ཙམ་གཏོང་བཞིན་པའི་ཐོག་གསུང་བཤད་གནང་བ་མ་ཟད། བོད་དང་མན་ཇུ་དབར་གྱི་འབྲེལ་བ། རྒྱལ་སྤྱིའི་ཆབ་སྲིད་ཀྱི་སྡིངས་ཆའི་སྟེང་བོད་ཀྱི་གནས་བབ་སོགས་ཀྱི་སྐོར་གོ་བསྡུར་གནང་འདུགསྐབས་དེར་ཐེ་ཝན་གྲོས་ཚོགས་འཐུས་མི་ཟུར་པ་དང་མང་གཙོ་དོན་གཉེར་བ་ qian da ལགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པ་དེའི་མི་མཐུན་པའི་བྱ་གཞག་གསུམ་འབུར་བཏོན་གནང་ཡོད་པ་དང་། དང་པོ་རྒྱ་གཞུང་གིས་མང་གཙོའི་འགྲེལ་བརྗོད་བྱས་པ་དེས་མང་གཙོ་དངོས་ཀྱི་དོན་རྩ་མེད་གཏོང་གི་ཡོད་པ། གཉིས་པ་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་གཅིག་བསྡུས་རིང་ལུགས་ཡིན་སྐོར་དང་། གསུམ་པ་རྒྱ་ནག་དམར་ཤོག་ཚོགས་པ་དེ་བོད་དང།  ཧོང་ཀོང་། མ་ཀའོ་དེ་བཞིན་ཐེ་ཝན་རྒྱལ་ཁབ་གཙོ་གྱུར་རྣམས་ལ་བཙན་གཡེམ་གྱི་སྲིད་བྱུས་བཀོལ་སྤྱོད་བྱ་ཡུལ་ཞིག་ཡིན་སྐོར་གསུངས་འདུག འདི་ག་རླུང་འཕྲིན་ཁང་ནས་ཐེེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་སུ་དེ་འབྲེལ་བཀའ་འདྲི་ཁག་ཅིག་ཞུས་པར་ཁོང་གིས་ད་རེས་ལྷན་ཚོགས་དེར་མང་གཙོ་དོན་གཉེར་བ་ Qian Da ལགས་ཀྱིས་ཐེ་ཝན་ནས་རང་བཙན་གཙང་མ་རྩོད་བཞིན་པ་དེར་རྒྱ་གཞུང་ནས་ངོས་ལེན་བྱེད་ཀྱི་མེད་ཀྱང་། སྒོས་སུ་བོད་དོན་གྱི་འཐབ་རྩོད་ལ་གཞིགས་ན་བོད་མིའི་ཚོས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་བཞིན་ཡོད་ཀྱང་རྒྱ་གཞུང་ནས་དེ་ཡང་ངོས་ལེན་བྱེད་ཀྱི་མེད་སྟབས། རྒྱ་གཞུང་ནས་ཐེ་ཝན་ལ་རང་བཙན་གྱི་གནད་དོན་དོར་བའི་ཐོག་གནད་དོན་གཞན་གྱི་ཐོག་གྲོས་མོལ་གང་བྱས་ཀྱང་འགྲིག་ཞེས་པ་དེ་རྫུན་བཤད་ཡིན་པས་ཐེ་ཝན་ནས་དེར་ཡིད་གཟབ་བྱེད་དགོས་སྐོར་གཏམ་བཤད་ཁག་ལུང་འདྲེན་གནང་སོང་། དེ་སྔ་ཚོགས་འདུ་འདི་རིགས་ཚོགས་སྐབས་གོ་སྒྲིག་ཚོགས་ཆུང་ནས་རྐང་འགན་བཞེས་པའི་ཐོག་བོད་ཀྱི་གནད་དོན་ཐོག་ཕྱག་དེབ་གཉིས་འདོན་སྤེལ་ཟིན་པ་དང་། ད་རེས་ཡང་ཚོགས་འདུ་ནང་མཉམ་ཞུགས་གནང་མཁན་རྣམས་ནས་བོད་དོན་དང་ཐེ་ཝན་སོགས་ཀྱི་ཐད་དཔྱད་རྩོམ་བྲིས་ཡོད་པ་གསུངས་ཡོད།

རྒྱ་ནག་གིས་བོད་མཐོ་སྒང་དུ་མེ་འཁོར་ལྕགས་ལམ་གསར་པ་ཞིག་བཟོ་འཆར།

རྒྱ་ནག་གཞུང་གིས་བོད་མཐོ་སྒང་དུ་གྲོང་ཁྱེར་ཁྲིན་ཏོ་ནས་རྒྱལ་ས་ལྷ་སའི་བར་མེ་འཁོར་ལྕགས་ལམ་གསར་པ་ཞིག་བཟོ་རྒྱུའི་ལས་འཆར་ཡོངས་སུ་བསྒྲིགས་ནས་གསར་ལམ་ཁག་ཏུ་ཁྱབ་བསྒྲགས་བྱས་འདུག དེ་རིང་ Asia Time  གསར་ཁང་གིས་གནས་ཚུལ་སྤེལ་བར་ཟླ་འདིའི་ཚེས་ ༡༠ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཚོགས་འདུ་ཞིག་གི་ཐོག་གསལ་བསྒྲགས་སྤེལ་ཏེ་བོད་མཐོ་སྒང་དུ་མེ་འཁོར་ལྕགས་ལམ་གསར་པ་ཞིག་བཟོ་འཆར་གྱི་ལས་གཞི་བསྒྲིགས་ཡོད་པར་ཡོངས་ཁྱབ་བྱས་ཡོད་པ་དང་། ཚོགས་འདུ་དེར་སྲིན་བློན་ Li Keqiang ཡང་མཉམ་ཞུགས་བྱས་འདུགརྩ་བའི་ལྕགས་ལམ་དེ་སི་ཁྲོན་ཞིང་ཆེན་གྱི་དམའ་གཞུང་གྲོང་ཁྱེར་ཁྲིན་ཏོ་ནས་མཐོ་ཚད་སྤྱི་ལེ་ ༣ ཙམ་ནས་བོད་གྱི་རྒྱལ་ས་ལྷ་སའི་བར་གྱི་རི་རྒྱུད་དུ་གསར་རྒྱག་བྱེད་རྩིས་ཡོད་པ་དང་།  འཆར་ཟིན་གྱི་འགྲོ་གྲོན་མ་དངུལ་རྒྱ་སྒོར་ཐེར་འབུམ་ ༡༠༥ ལྷག་གཏན་འབེབས་ཟིན་པ་མ་ཟད་ལྕགས་ལམ་གྱི་ཕྱོགས་སྣེ་གཉིས་ནས་ཨར་ལས་དངོས་སུ་མགོ་བཙུགས་ཟིིིན་སྟབས་ཕྱི་ལོ་ ༢༠༢༥ ལོར་རིང་ཚད་ལ་སྤྱི་ལེ་ ༡༦༠༠ ཡོད་པའི་ལྕགས་ལམ་དེ་ཡོངས་སུ་བསྒྲུབས་ནས་འགྲིམ་འགྲུལ་དང་དངོས་ཟོག་སྐྱེལ་འདྲེན་ཡོངས་མགོ་འཛུགས་རྒྱུ་ཡིན་པར་མངོན་གསལ་བྱས་འདུག གཞི་རྩའི་ཕྱི་ལོ་ ༢༠༠༦ ལོར་རྒྱ་ནག་གི་སྲིད་འཛིན་ Hu Jintao ཡི་ས་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་ཟི་ལང་ནས་རྒྱལ་ས་ལྷ་སའི་བར་རིང་ཚད་ལ་སྤྱི་ལེ་ ༡༩༥༦ ཡོད་པའི་མེ་འཁོར་ལྕགས་ལམ་ཐོག་མར་ཤར་གཏོང་བྱས་ནས་བོད་མཐོ་སྒང་དེ་རྒྱ་ནག་གི་གཞི་རྒྱ་ཆེ་བའི་མེ་འཁོར་ལྕགས་ལམ་ཡོངས་སུ་མཐུད་པ་ནས་བཟུང་མི་འབོར་ས་ཡ་ཕྱེད་ཙམ་ལས་མེད་པའི་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གི་གྲོང་ཁྱེར་པེ་ཅིང་དང་ཧྲང་ཧེ། ཀོང་གྲིག་སོགས་ནས་སླེབས་པའི་རྒྱ་ནག་གི་ཡུལ་སྐོར་བ་དང་ཆོས་ཞུ་བས་ཁེངས་ཡོད་ཚུལ་དང་།  བོད་མཐོ་སྒང་གི་ལྕགས་ལམ་དེ་ལྡིང་ལ་རི་རྒྱུད་དུ་གསར་འཛུགས་བྱས་པར་བརྟེན་རྒྱ་མཚོའི་ངོས་ལས་མཐོ་ཚད་མི་ཊར་ ༥༠༧༢ ཡོད་པའི་འཛམ་གླིང་གི་འགྲུལ་ལམ་མཐོ་ཤོས་དེ་ཡིན་པར་ངོས་འཛིན་གནང་འདུག རྒྱ་ནག་གིས་མེ་འཁོར་ལྕགས་ལམ་གསར་བཟོ་བྱེད་རྒྱུ་ནི་རྒྱལ་ཁབ་གྱི་བདེ་སྲུང་གི་ལས་གཞི་གལ་ཆེན་ཞིག་ཡིན་པར་འགྲེལ་བརྗོད་བྱས་པ་དང་སྦྲགས།  མ་འོངས་པར་རྒྱལ་ས་ལྷ་ས་དེ་ལྷོ་ནུབ་ཀྱི་གྲོང་ཁྱེར་ Kunming དང་ཡུ་གུར་གྲོང་ཁྱེར་  Urumqi  སོགས་སུ་ཡང་འབྲེལ་ཐབས་བྱ་རྒྱུའི་འཆར་གཞི་ཡོད་པར་བསྒྲགས་འདུག

བསྟན་འཛིན་ཉི་མ་ལགས་ལ་རྒྱ་ནག་རྒྱལ་ཡོངས་ཀྱི་སྐད་སྙན་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ་པ།

ཕྱི་ལོ་ ༢༠༡༨ ལོའི་རྒྱ་ནག་རྒྱལ་ཡོངས་སྐད་སྙན་འགྲན་བསྡུར་ནང་བོད་རིགས་གླུ་བ་བསྟན་འཛིན་ཉི་མ་ལགས་ལ་ཨང་དང་པོའི་གསེར་གྱི་རྟགས་མ་ཐོབ་འདུག དེའང་འདི་ལོའི་ sing china ཞེས་རྒྱ་ནག་རྒྱལ་ཡོངས་གླུ་སྐད་སྙན་མོའི་འགྲན་བསྡུར་དེ་ལོ་འདིའི་ཕྱི་ཟླ་ ༧ ཚེས་ ༡༣ ཉིན་དབུ་འཛུགས་གནང་ཡོད་པ་དང། ཁ་སང་ཟླ་ ༡༠ ཚེས་ ༧ གྱི་ཕྱི་དྲོ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚོགས་པའི་ཆེས་མཐའ་མའི་འགྲན་བསྡུར་ཐོག་རྩེ་ཕུད་མི་འགྲོ་ལྔའི་ཁོངས་སུ་འབྲུག་བྱམས་ཚེ་རིང་ལགས་དང་བསྟན་འཛིན་ཉི་མ་ལགས་བཅས་བོད་མི་གཉིས་ཚུད་ཐུབ་པ་བྱུང་བ་མ་ཟད། བསྟན་འཛིན་ཉི་མ་ལགས་ནས་སྐབས་དེར་བོད་གཞས་དང་དར་ཆེ་བའི་རོལ་དབྱངས་གཉིས་ཟུང་དུ་སྦྲེལ་བའི་ཐོག་ནས་གླུ་གཞས་བླངས་ཏེ་ཐེངས་འདིའི་འགྲན་བསྡུར་གྱི་ཨང་དང་པོའི་གསེར་གྱི་རྟགས་མ་བླངས་ཡོད་པ་རེད་འདུགབོད་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་ཡིན་པའི་བསྟན་འཛིན་ཉི་མ་ལགས་ནས་རྟགས་མ་བཞེས་སྐབས་རང་མི་རིགས་ཀྱི་གླུ་གཞས་དེ་འཛམ་གླིང་ཐོག་གི་གླུ་གཞས་ཉན་མཁན་རྣམས་ལ་བླངས་འདོད་ཡོད་པ་དང་། རང་མི་རིགས་ཀྱི་ཐུན་མིན་གླུ་གཞས་དང་དར་ཆེའི་གླུ་གཞས་གཉིས་ཟུང་སྦྲེལ་ཐོག་ཉན་མཁན་དག་ལ་སྔར་ལས་བོད་ཀྱི་ཁྱད་ཆོས་ལྡན་པའི་རོལ་དབྱངས་ལ་གསན་བཅུག་རྒྱུའི་འདུན་པ་ཤུགས་ཆེ་ཡོད་སྐོར་གསུངས་འདུགརྩ་བའི་བསྟན་འཛིན་ཉི་མ་ལགས་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཡིན་པ་དང་། ཁོང་གིས་རང་ཉིད་ནས་རོལ་དབྱངས་གི་ཕུགས་འདུན་མ་དོར་བར་དུས་ཡུན་ལོ་ཕྱེད་རིང་འབད་པ་ལྷོད་མེད་གནང་བའི་མཐར་རྒྱ་ནག་རྒྱལ་ཡོངས་སྐད་སྙན་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་བསླངས་བ་ཞིག་ཡིན་པ་རེད། sing China ཞེས་པའི་རྒྱ་ནག་གི་གླུ་སྐད་སྙན་མོའི་འགྲན་སྡུར་དེའི་ཐོག་སྔ་ལོར་ཡང་བོད་གཞིས་ཀ་རྩེ་ནས་ཡིན་པའི་གཞས་པ་བཀྲིས་ཕུན་ཚོགས་ལགས་ཀྱིས་ཨང་དང་པོ་བྱ་དགའ་བསླངས་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་དགའ་བསུ་ཆེན་པོ་ཞུས་ཡོད་པ་མ་ཟད། ཁོང་གིས་སྐབས་དེར་བླངས་བའི་ཨ་མའི་ཕྱག་ཟུང་ཞེས་པའི་གླུ་གཞས་དེར་བོད་གཞིས་བྱེས་གཉིས་ཀྱི་བོད་མིའི་ཁྲོད་ནས་དགའ་མོས་ཆེན་པོ་གནང་དང་གནང་བཞིན་ཡོད་པ་རེད།

Latest news