Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ཞི་ཅིང་ཕིང་ལ་ངོ་རྒོལ་སྐད་འབོད་གནང་མཁན་བོད་མི་གཉིས་དང་རྒྱ་རིགས་གཅིག་བཅས་འཛིན་བཟུང་བྱས་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དབྱིན་ཡུལ་ནང་གཞུང་འབྲེལ་ཕྱོགས་བསྐྱོད་དུ་འབྱོར་བ་དང་བསྟུན། བོད་རིགས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་དེ་བཞིན་རྒྱ་རིགས་མང་གཙོ་དོན་གཉེར་པ་དང་རང་དབང་འཐབ་རྩོད་པ་རྣམས་ཀྱིས་ཟུང་འབྲེལ་ཐོག་ངོ་རྒོལ་སྐད་འབོད་གནང་སྟབས། བོད་པའི་བེུད་གཉིས་དང་རྒྱ་རིགས་མང་གཙོ་དོན་གཉེར་བ་བེུད་གཅིག་བཅས་འཛིན་བཟུང་ཐོག་བཀག་ཉར་བྱས་འདུག ཁ་སང་ཟླ་ ༡༠ ཕྱི་ཚེས་ ༢༠ ཉིན་སྲིད་འཛིན་ཞི་ཅིང་ཕིང་དབྱིན་ཡུལ་ནང་དབྱིན་ཡུལ་དང་རྒྱ་ནག་གི་ཚོང་འབྲེལ་ལྷན་ཚོགས་ཐོག་མཉམ་ཞུགས་གནང་ཕྱིར་ཁུལ་དེར་རྟེན་གཞི་བྱས་པའི་ Mansion House མདུན་དུ་ཞི་ཅི་ཕིང་འབྱོར་མ་ཐག་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ཐད་ལ་ཕྱག་ལས་བསྟུད་མར་གནང་མཁན་གྱི་ཚོགས་ཁག་ཅིག་གི་གོ་སྒྲིག་འོག་བོད་དང་ཡུ་གུར་མི་རིགས། དེ་བཞིན་རྒྱ་རིགས་མང་གཙོ་དོན་གཉེར་པ་དང་རང་དབང་འཐབ་རྩོད་པ་རྣམས་ཀྱིས་ཟུང་འབྲེལ་ཐོག་བོད་ལ་རང་དབང་དགོས། འགྲོ་བ་མིའི་ཐོབ་ཐང་ལ་ཆ་འཛིན་བྱ་དགོས་སོགས་ཀྱི་འཕྲད་དར་བསྣམས་ཏེ་ངོ་རྒོལ་གྱི་སྐད་འབོད་ཤུགས་ཆེ་གནང་མཁན་ཁྲོད་ལས་ས་གནས་ཉེན་རྟོག་པས་བོད་པའི་བེུད་བསོད་ནམས་ཆོས་སྒྲོན་ལགས་དང་འཇམ་དཔལ་ལྷ་མོ་ལགས། དེ་བཞིན་རྒྱ་རིགས་མང་གཙོ་ལས་འགུལ་བ་ Shao Jiang ལགས་བཅས་འཛིན་བཟུང་གིས་ད་ཆ་ཁུལ་དེའི་བཀག་ཉར་ཁང་ཞིག་ཏུ་དོ་དམ་བྱས་འདུག  སླར་དེ་རིང་ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་ཞི་ཅིང་ཕིང་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Madarin Oriental Hotel དུ་བསྐྱོད་འཆར་ཐོག་ Knightsbridge ཟམ་པའི་ཟུར་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡོ་རོབ་ངེས་སྟོན་པ་པདྨ་སྒྲོལ་མ་ལགས་དང་ས་གནས་བོད་མི། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་བཅས་ནས་སྲིད་འཛིན་ཞི་ཅིང་ཕིང་ལ་ཞི་བའི་ངོ་རྒོལ་གནང་འདུག  

དབྱིན་ཡུལ་གྲོས་ཚོགས་ཁང་དུ་རྒྱལ་ཁབ་མེད་པའི་དགུང་ཚིགས་ཤིག་ཚོགས་གཏན་འཁེལ་འདུག

རིང་མིན་ཟླ་བ་འདིའི་ཕྱི་ཚེས་ཉི་ཤུའི་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དབྱིན་ཡུལ་ནང་གཞུང་འབྲེལ་ཕྱོགས་བསྐྱོད་ཡོང་བ་དང་བསྟུན། དབྱིན་ཡུལ་གྱི་ Westminster གྲོས་ཚོགས་ཚོགས་ཁང་དུ་རྒྱལ་ཁབ་མེད་པའི་དགུང་ཚིགས་ཞེས་ཉིན་དགུང་གི་གསོལ་ཚིགས་ཤིག་གོ་སྒྲིག་བྱ་རྒྱུ་རེད་འདུག དེའང་རྒྱ་ནག་གི་སྲིད་འཛིན་ཁུལ་དེར་མ་འབྱོར་བའི་ཉིན་གཅིག་གི་སྔ་རོལ་ཏེ། ཟླ་བ་འདིའི་ཕྱི་ཚེས་ ༡༩ ཉིན་དབྱིན་ཡུལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་བསྐྱོར་ཚོགས་པའི་གོ་སྒྲིག་འོག ཁུལ་དེའི་གྲོས་ཚོགས་ཁང་དུ་རང་ཉིད་ཀྱི་རྒྱལ་ཁབ་དང་བྲལ་ཏེ་བཙན་བྱོལ་ནང་གྱར་བཞིན་པའི་བོད་རིགས་གཙོས་ཡུ་གུར་མི་རིགས། ཁུལ་དེར་ཡོད་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་ཆབ་སྲིད་བཙོན་ཟུར་བ་རྣམས་ལ་ཆེ་བསྟོད་དང་སྦྲགས་ཉིན་དགུང་གསོལ་ཚོགས་ཤིག་འདེགས་འབུལ་བྱ་རྒྱུ་དང།  དེའི་སྐབས་རྒྱ་ནག་གཞུང་གིས་བོད་གཙོས་པའི་རྒྱལ་ཁབ་དེ་དག་གི་ནང་ལ་མུ་མཐུད་དྲག་གནོན་དང་། སྡུག་རྩུབ་ཅན་གྱི་སྲིད་བྱུས་མང་དག་ཞིག་ལག་བསྟར་བྱེད་བཞིན་པའི་སྐོར་ལ་གཏམ་བཤད་དང་གྲོས་བསྡུར་སྦྱང་བཤད་གནང་རྒྱུ་རེད་འདུག  དབྱིན་ཡུལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Fabian Hamilton ལགས་ཀྱིས་དགུང་ཚིགས་ཤིག་གོ་སྒྲིག་ཞུ་པའི་དགོས་དམིགས་གཙོ་བོ་ནི། སྲིད་འཛིན་ཞི་ཅིང་ཕིང་གྱི་སྲིད་གཞུང་འོག་མནར་གཅོད་མྱོང་བཞིན་པའི་བོད་མི་དང་ཡུ་གུར་མི་རིགས། དེ་བཞིན་རྒྱ་ནག་མང་གཙོ་དོན་གཉེར་བ་བཅས་ཀྱི་མངོན་འདོད་རྣམས་ལ་གྲོས་བསྡུར་གནང་སྟེ་རྒྱལ་སྤྱིའི་ཐོག་ཏུ་མངོན་གསལ་གནང་རྒྱུ་ཡིན་པ་གསུངས་འདུག དེ་མཚུངས་ཁ་སང་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་ནས་སྲིད་འཛིན་ཞི་ཅིང་ཕིང་གི་གཞུང་འབྲེལ་ཕྱོགས་བསྐྱོད་དང་འབྲེལ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་བྱས་པའི་སྐབས་རྒྱ་ནག་གི་གཞུང་ཚབ་པ་ Liu Xiaoming ཡིས་སྲིད་འཛིན་ཞི་ཅིང་ཕིང་གི་གཞུང་འབྲེལ་ཕྱོགས་བསྐྱོད་ཐད་དབྱིན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ལ་གླེང་སློང་གནང་རྒྱུ་མེད་པ་མ་དང། གལ་སྲིད་དེ་ལྟར་གླེང་ཚེ་ཞི་ཅིང་ཕིང་ལ་སུན་གཙེར་བྱ་གཞི་ལས་མ་འདས་པས་ཡུལ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཡོང་རྒྱུ་ཡིན་པར་བརྗོད་འདུག  འོན་ཀྱང་དབྱིན་ཡུལ་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་Jeremy Corbyn ལགས་ཀྱིས་གཟའ་འཁོར་རྗེས་མའི་ནང་ཞི་ཅིང་ཕིང་ཁུལ་དེར་འབྱོར་ཚེ། ཁོང་གིས་གཞུང་འབྲེལ་གསོལ་སྟོན་དང་མཇལ་འཕྲད་སྐབས་སུ་འགྲོ་བ་མིའི་གནད་དོན་ཐད་ངེས་པར་དུ་གླེང་སློང་གནང་རྒྱུའི་དམ་བཅའ་འཇོག་གནང་པ་མ་ཟད། རྒྱལ་སྤྱི་ཉེ་ཡང་ཚོགས་པས་སྐབས་དེར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་སྲིད་འཛིན་ཞི་ཅིང་ཕིང་ལ་ངོ་རྒོལ་སྐད་འབོད་གནང་གཏན་འཁེལ་ཡོད་འདུག

ཕ་རན་སིའི་གྲོས་ཚོགས་འཐུས་མི་གཙོས་གནད་ཡོད་མི་སྣ་ ༦༦ གིས་བོད་དོན་རྒྱབ་སྐྱོར་གྱི་ཞུ་སྙན་ཐོག་མཚན་རྟགས་བཀོད་འདུག

ཡོ་རོབ་རྒྱལ་ཁབ་ཕ་རན་སིའི་གྲོས་ཚོགས་འཐུས་མི་རྣམ་པ་གཙོས་གཞུང་འབྲེལ་གནད་ཡོད་མི་སྣ་ ༦༦ གིས་བོད་དང་མཉམ་དུ་ཡོད་ཅེས་པའི་བོད་དོན་རྒྱབ་སྐྱོར་གྱི་ཞུ་སྙན་ཐོག་མཚན་རྟགས་བསྐྱོན་འདུག འདི་ལོའི་གསུམ་བཅུ་དུས་དྲན་ཉིན་མོར་ཡོ་རོབ་ཁུལ་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་ཁག་གིས་དགོས་འདུན་དོན་ཚན་གསུམ་ཅན་གྱི་ཐོག་ནས་ཡོ་རོབ་བོད་ཀྱི་རྩ་དོན་ཆེད་རྒྱབ་སྐྱོར་ཡོད་ཅེས་པའི་ལོ་འཁོར་མོ་གཅིག་རིང་ཡོ་རོབ་རྒྱལ་ཁབ་ནང་གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་གནད་མི་སྣས་བོད་དོན་རྒྱབ་སྐྱོར་ཡོང་ཐབས་སུ་མཚན་རྟགས་བསྡུ་རུབ་ཀྱི་ཞུ་གཏུག་ལས་འགུལ་ཞིག་སྤེལ་མུས་ཡིན་པ་རེད། རྩ་བའི་ཕ་རན་སིའི་ནང་འདས་པའི་ཟླ་བ་དྲུག་ནང་ས་གནས་བོད་རིགས་ཚོགས་པ་གཙོས་པའི་གཞུང་འབྲེལ་མིན་པའི་བོད་རིགས་ཚོགས་ཁག་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཟུང་འབྲེལ་གྱིས་བོད་དོན་ཞུ་གཏུག་ལས་འགུལ་དེའི་བརྒྱུད་ནས་ཡུལ་དེའི་དབུས་གྲོས་ཚོགས་གོང་འོག་དང་། ས་གནས་ཀྱི་གྲོས་ཚོགས་འཐུས་མི། དེ་བཞིན་གྲོང་ཁྱེར་སྤྱི་ཁྱབ་བཅས་ཁྱོན་གཞུང་འབྲེལ་གནད་ཡོད་མི་སྣ་ ༦༦ གིས་བོད་ཀྱི་རྩ་དོན་ཆེད་རྒྱབ་སྐྱོར་ཡོད་པའི་མཚན་རྟགས་བཀོད་ཡོད་པ་རེད་འདུག དེ་བཞིན་བོད་དོན་ཞུ་གཏུག་གི་ལས་འགུལ་དེ་དང་བསྟུན། ཁ་སང་ཕྱི་ཚེས་ ༡༥ ཉིན་སྐུ་ཚབ་དོན་ཁང་གི་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་དང། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཞབས་ Vincent Metten ལགས་རྣམ་པ་གཉིས་ནས། ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ Michal Raison ལགས། Annick billion ལགས་དང་ Maurice Antiste ལགས་བཅས་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུགས་ཀྱང་གནང་འདུག

དབྱིན་ཇིའི་རྒྱལ་སྲས་Charles ནས་ཞི་ཅིང་ཕིང་གིས་གཞུང་འབྲེལ་གསོལ་སྟོན་ལ་ཕེབས་རྒྱུ་མིན་པ་ཡོངས་བསྒྲགས་གནང་འདུག

དབྱིན་ཇིའི་རྒྱས་སྲས་Charles མཆོག་ནས་སྲིད་འཛིན་ཞི་ཅིང་ཕིང་དང་གཞུང་འབྲེལ་གྱི་གསོལ་སྟོན་ཐོག་ཕེབས་རྒྱུ་མིན་པའི་ཡོངས་ཁྱབ་གནང་འདུག  དབྱིན་ཡུལ་གྱི་རྒྱལ་མོ་Elizabath མཆོག་གིས་སྲིད་འཛིན་ཞི་ཅིང་ཕིང་ལ་མགྲོན་འབོད་གནང་པ་ལྟར། ཞི་ཅིང་ཕིང་ཟླ་བ་འདིའི་ཚེས་ ༢༠ ནས་དབུ་འཛུགས་ཀྱིས་ཉིན་གྲངས་བཞིའི་རིང་ཁུལ་དེར་རྒྱལ་དོན་སྐོར་བསྐྱོད་བྱ་རྒྱུ་ཡིན་པ་དང་། དེ་ནི་འདས་པའི་ལོ་ངོ་༡༠ ནང་གི་རྒྱ་ནག་གི་ཆེས་མཐོའི་དབང་འཛིན་པས་དབྱིན་ཡུལ་ནང་རྒྱལ་དོན་སྐོར་བསྐྱོད་བྱས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་མ་ཟད། སྐོར་བསྐྱོད་དེའི་ཁྲོད་ཞི་ཅིང་ཕིང་ལ་དབྱིན་ཇིའི་རྒྱལ་མོ་དང་ཁོ་མོའི་ཚ་བོ་དང་ཚ་བོའི་བཟའ་ཟླ་བཅས་དབུ་བཞུགས་ཐོག Buckingham  ཕོ་བྲང་ནང་གཞུང་འབྲེལ་གསོལ་སྟོན་ཞིག་གཤམ་སྟོན་གནང་རྒྱུ་ཡོངས་བསྒྲགས་གནང་འདུག་ཀྱང་། སྐབས་དེར་དབྱིན་ཇིའི་རྒྱལ་སྲས་Charles མཆོག་ནས་གསོལ་སྟོན་དེའི་ཐོག་མཉམ་ཞུགས་གནང་རྒྱུ་མིན་པར་བརྗོད་འདུག  ད་ལན་ཞི་ཅིང་ཕིང་གི་སྐོར་བསྐྱོད་དེའི་ཁྲོད། ཁོང་ནས་ལོན་ཊོན་དང་མན་ཆེ་སི་ཊར་སོགས་གྲོང་ཁྱེར་ཁག་ཅིག་ནང་སྐོར་བསྐྱོད་ཀྱིས། གཙོ་བོ་དབྱིན་ཇིའི་རྒྱལ་མོས་སྣེ་ལེན་ཞུས་པའི་གསོལ་སྟོན་ཐོག་གཙོ་བཞུགས་གནང་རྒྱུ་དང་། དེ་བཞིན་དབྱིན་ཇིའི་སྲིད་བློན་David Cameron དང་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མིར་མཇལ་འཕྲད་བྱས་ཏེ། གྲོས་ཚོགས་ནང་གཏམ་བཤད་བྱ་རྒྱུ་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་གྲོས་མོལ་སྣ་ཚོགས་དང་འཕྲུལ་ལས་བཟོ་རིགས་གོང་སྤེལ། དེ་བཞིན་ཚོང་འབྲེལ་དང་མ་དངུལ། གཞན་ཡང་དཔལ་འབྱོར་དང་རིག་གཞུང་སོགས་ཀྱི་ཐོག་མཉམ་འབྲེལ་བྱ་རྒྱུ་ཡིན་པ་རེད།  རྒྱལ་སྲས་ Charles ལགས་ནི་བོད་མིའི་བླ་ན་དབུ་ཁྲིད་སྤྱི་ནོར་༸གོང་ས་མཆོག་དང་ཐུགས་འབྲེལ་ཧ་ཅང་ཉེ་པོ་ཡོད་མཁན་ཞིག་ཡིན་པ་དང་། ཁོང་གིས་ད་བར་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ལྷག་པར་བོད་དོན་ཐད་རྒྱབ་སྐྱོར་མཚོན་ཆེད། རྒྱ་ནག་གི་དཔོན་རིགས་རྣམས་དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་ནམ་ཞིག་འཚམས་གཟིགས་སུ་ཕེབས་སྐབས་གཡོལ་ཐབས་གནང་ཡོད་པ་མ་ཟད། ལྷག་དོན་ཐེངས་འདིའི་གཞུང་འབྲེལ་གྱི་སྣེ་ལེན་ཞུ་རྒྱུའི་མཛད་རིམ་གཞན་ཁག་ཅིག་གི་ཐོག་ཕེབས་རྒྱུ་ཡིན་འདུག  རྩ་བའི་སྲིད་འཛིན་ཞི་ཅིང་ཕིང་ལ་གསོལ་སྟོན་གཤམ་རྒྱུའི་མཛད་རིམ་དེའི་ཐོག་གཞུང་འབྲེལ་གནད་ཡོད་མི་སྣ་མང་པོ་མཉམ་ཞུགས་གནང་གི་ཡོད་པ་ལྟར། དེ་དག་ཁོངས་སུ་དབྱིན་ཡུལ་ངལ་རྩོལ་ཆབ་སྲིད་ཚཽགས་པའི་ཚོགས་གཙོ་སྐུ་ཞབས་Jeremy Corbyn ལགས་ནས་གསོལ་སྟོན་དེ་དང་བསྟུན། སྐབས་དེར་ཁོང་ནས་ཞི་ཅིང་ཕིང་ལ་རྒྱ་གཞུང་གིས་ཡུལ་དེའི་མི་རིགས་ཀྱི་རང་དབང་ཐོིག་དམ་དྲག་དང་ལྷག་པར་བརྒྱུད་ལམ་ཁག་ལ་སྟངས་འཛིན་ནན་མོ་བྱས་བཞིན་པའི་གནད་དོན་སྐོར་གླེང་སློང་བྱ་རྒྱུ་ཡིན་སྐོར་ནན་བརྗོད་གནང་འདུག

ལྷོ་ཀོ་རི་ཡའི་ནང་པའི་ཚོགས་ཁག་ནས་ ༢༠༡༧ ལོར་༸གོང་ས་མཆོག་ཀོ་རི་ཡར་གདན་ཞུ་གནང་རྒྱུའི་འབད་བརྩོན་སླར་གནང་གི་ཡིན་གསུངས་འདུག

ལྷོ་ཀོ་རི་ཡའི་ནང་པའི་ཚོགས་ཁག་ནས་༸གོང་ས་མཆོག་ཀོ་རི་ཡར་གནད་ཞུ་གནང་ཕྱིར་སླར་འབད་པ་གནང་རྒྱུ་དང་སྦྲགས། ད་ལན་གཞུང་ཕྱོགས་ནས་ཀྱང་བཀའ་ཁྲོལ་གནང་སྐྱོང་ཡོང་བའི་ཐུགས་རེ་གནང་བཞིན་ཡོད་ཅེས་གསུངས་འདུག  ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཆིབས་བསྒྱུར་གོ་སྒྲིག་ཚོགས་ཆུང་གི་དབུ་ཁྲིད་ Kumkang ལགས་ཀྱིས་ Seoul ནང་གསར་འགོད་ལྷན་ཚོགས་ཤིག་བསྐོངཚོགས་གནང་པའི་་ཐོག་ཟླ་སྔོན་མའི་ནང་ཁོང་གིས་བཞུགས་སྒར་དུ་མགོན་པོ་༸གང་ཉིད་མཆོག་དང་ལྷན་མཇལ་ཞུས་སྐབས་༸གང་ཉིད་མཆོག་ ༢༠༡༧ ལོར་ཀོ་རི་ཡར་གདན་ཞུ་གསོལ་འདེབས་ཞུས་ཡོད་པ་དང། ༸གོང་ས་མཆོག་ནས་སྐབས་དེར་ཀོ་རི་ཡའི་གཞུང་ནས་ཆོག་མཆན་ཐོབ་ཚེ་༸གང་ཉིད་མཆོག་ཀོ་རི་ཡར་ཆིབས་སྒྱུར་བསྐྱང་རྒྱུའི་བཀའ་བཞེས་བསྐལ་བཟང་སྨིན་སྩལ་ཕེབས་པ་མ་ཟད། ༸གོང་ས་མཆོག་གི་ལོ་རེའི་མཛད་ཆར་དེ་དག་ལའང་ཕྲན་བུ་བཅོས་ནས་དེར་དམིགས་བསལ་གནང་རྒྱུའི་བཀའ་བཞེས་ཀྱང་ཕེབས་སོང་ཞེས་གསུངས་འདུག  རྩ་བའི་ལྷོ་ཀོ་རི་ཡའི་ནང་པའི་ཆོས་ཚོགས་ནས་དེ་སྔོན་ ༢༠༠༢ དང། ༢༠༠༧ ལོ་བཅས་ཀྱི་ནང་༸གོང་ས་མཆོག་ཁུལ་དེར་གདན་འདྲེན་ཞུས་ཡོད་ཀྱང། ཀོ་རི་ཡའི་གཞུང་གིས་རྒྱ་གཞུང་དང་ཀོ་རི་ཡའི་གཞུང་དབར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་ཚུལ་བཤད་ནས་ད་བར་ངོས་བཞེས་གང་ཡང་གནང་མེད་པ་རེད།   Kumkang ལགས་ཀྱིས་ད་ཆ་༸གོང་ས་མཆོག་གི་མཛད་འགན་བཞེས་ཕྱོགས་ཐད་ལ་སྤྱིའི་ཆ་ནས་འགྱུར་བ་ཕྱིན་ཡོད་སྟབས། ཀོ་རི་ཡར་ཆིབས་བསྒྱུར་གནང་རྒྱུ་དེ་ཆོས་ཕྱོགས་ཁོ་ནའི་མཛད་པ་ཞིག་ལས་སྲིད་དོན་དང་འབྲེལ་བ་གང་ཡང་མེད་པ་ཡིན་སྐོར་གསུངས་པ་མ་ཟད། ༸གོང་ས་མཆོག་ཀོ་རི་ཡར་ཞབས་སོར་འཁོད་པ་བྱུང་ཚེ་ཁུལ་དེའི་མི་སམངས་ཚོ་ཐུགས་དགྱེས་པ་ཙམ་དུ་མ་ཟད། དེ་བས་ཀྱང་གུ་བཤངས་ཀྱི་བསམ་བློ་ཞིག་ཆགས་ཐུབ་སྟབས། རྒྱལ་སྤྱིའི་སྡེངས་ཆེའི་ཐོག་ཏུ་ཀོ་རི་ཡའི་ནང་ཆོས་དེ་དར་ཁྱབ་ཐུབ་ངེས་ཡིན་པར་གསུངས་ཡོད་པ་རེད།  ལྷག་དོན་ཁོང་གིས་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་༸གང་ཉིད་མཆོག་གནད་ཞུའི་མཛད་འཆར་དེའི་ཐོག་སྔར་ལྷག་གི་འབད་སྤུངས་གནང་རྒྱུ་ཡིན་པར་གསུངས་པ་དང་། ཆབས་ཅིག་༸གོང་ས་མཆོག་ནས་དེ་སྔོན་ཀོ་རི་ཡར་ཕེབས་ཐུབ་ཚེ་མགོན་པོ་མཆོག་ནས་ཁུལ་དེའི་ནང་རྟེན་གཞི་བྱས་པའི་ནང་པའི་དགོན་པ་ Haein ནང་དུས་རབས་ ༡༣ སྐབས་ཀྱི་སྡེ་སྣོད་གསུམ་གྱི་པར་ཤིང་བྲིས་མ་ ༨༠༠༠༠ ཙམ་ཡོད་པ་ཞིག་མཇལ་འདོད་ཡོད་པ་མ་ཟད། དེ་བཞིན་ཤེས་ལྡན་མི་ཁག་དང་མཇལ་འཕྲད་གནང་རྒྱུ་གཙོས་ཀོ་རི་ཡའི་སྙན་གྲགས་ཆེ་བའི་གསོལ་ཚིགས་ Kimchi བཞེས་འདོད་ཡོད་སྐོར་སོགས་བཀའ་གནང་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོའི་ནང་བོད་ནང་ཆོས་དད་རང་བདང་མེད་པར་བསྐྱོན་བརཇོད་གནང་འདུག

རྒྱ་ནག་གཞུང་གིས་བོད་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་ཆོས་དད་རང་དབང་ཐད་ལ་མུ་མཐུད་དམ་དྲག་དང་། ཆོས་སྡེ་དགོན་ཁག་གཏོར་བཤིག་བཏང་པ་མ་ཟད་། གྲྭ་བཙུན་རྣམས་ཀྱི་གྲངས་འབོར་ལ་ཚོད་འཛིན་བྱེད་བཞིན་ཡོད་པ་བརྗོད་འདུག ཁ་སང་ཕྱི་ཚེས་ ༡༤ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་བྱས་ཡོད་པ་དང་། སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་དུས་རྒྱུན་དུ་མི་སེར་རྣམས་ལ་ཆོས་དད་ཀྱི་རང་ཆ་ཚང་ཡོད་ཞེས་པ་དེ་ནི་ཁ་ཙམ་ལས། དོན་དངོས་ཐོག་རྒྱ་ནག་སྤྱི་དང་། ལྷག་དོན་རྒྱ་ནག་གཞུང་གིས་དབྱེས་པའི་བོད་རང་སྐྱོང་ལྗོངས་དང་བོད་ས་ཁྱོན་ཡོངས་ལ་ཆོས་དད་ཀྱི་རང་དབང་མེད་པ་མ་ཟད། དགོན་པ་གྲྭ་ཚང་ཁག་གི་ཆོས་ཕྱོགས་ཀྱི་ལས་དོན་ཐད་ལ་དམ་དྲག་བྱས་ཏེ་གྲྭ་བཙུན་གྱི་གྲངས་འབོར་ལ་ཚད་འཛིན་ཤུགས་ཆེ་བྱེད་བཞིན་ཡོད་སྐོར་བཀོད་འདུག  དེ་བཞིན་རྒྱ་ནག་གཞུང་གིས་ཁྲིམས་མཐུན་སྒྲིག་གཞི་གང་ཡང་མེད་པར་ཆོས་ཕྱོགས་ཀྱི་ལས་དོན་རྣམས་ནག་ཉེས་སུ་ཁ་གཡར་ཏེ་། དགོན་པའི་གྲྭ་བཙུན་རྣམས་འཛིན་བཟུང་བཀག་ཉར་བྱས་པ་མ་ཟད། རྒྱ་གཞུང་གི་བཙོན་ཁང་ནང་མནར་གཅོད་དང་སྡུག་སྦྱོང་འོག་འདས་གྲོངས་སུ་འགྱུར་བཞིན་ཡོད་སྐོར་གྱི་གནས་དོན་ཁག་ཅིག་གསལ་བཏོན་གནང་པ་དང་སྦྲགས། རྒྱ་ནག་གཞུང་གིིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ཁ་བྲལ་བ་ཡིན་ལུགས་བརྗོད་པ་དེ་ནི་བདེན་པ་མ་ཡིན་པ་མ་ཟད་། ཉེ་ལམ་བོད་ནང་སྐྱ་སེར་ཁྱད་མེད་གཙོས་པའི་བོད་རིགས་ན་གཞོན་མང་པོས་གཞུགས་འབུལ་གནང་པ་དེས་རྒྱ་གཞུང་གིས་བོད་ནང་ཆོས་དད་རང་དབང་ཐད་སྔར་ལྷག་གི་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་རྣམ་པ་གསལ་པོ་རེད་ཅེས་བརྗོད་འདུག  དེ་བཞིན་ཨ་རིའི་ ཕྱི་སྲིད་དྲུང་ཆེ་སྐུ་ཞབས་John Kerry ལགས་ནས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་བརྒྱུད། སྙ་ཐོ་འདིའི་བརྡ་ལན་གཙོ་བོ་དེ་ནི་རྒྱ་ཁབ་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་། རང་ཉིད་ཀྱི་མི་སེར་རྣམས་ཀྱི་གཞི་རྩའི་རང་དབང་ཁག་ལ་སྲུང་སྐྱོབ་གནང་རྒྱུ་གནད་ཆེ་ཡིན་པ་མ་ཟད། གལ་སྲིད་མི་དམངས་ཀྱི་ཆོས་དད་རང་དབང་དང་བསམ་བློའི་རང་དབང་སོགས་འགྲོ་བ་མིའི་ལྷན་སྐྱེས་སུ་ཡོད་པའི་ངེས་མཁོའི་རང་དབང་ཁག་ལ་བསྟུད་མར་དམ་དྲག་བྱ་ཚེ། རྒྱལ་ཁབ་ཀྱི་གཅིག་བསྒྲིལ་དང་ཡར་རྒྱས་ཀྱི་ནུས་པ་ཆ་ཚང་བ་ཞིག་བེད་སྤྱོད་ཐུབ་ཐབས་མེད་པ་རེད་ཅེས་གསུངས་འདུག

ཞི་ཅིང་ཕིང་གིས་ཆེས་མཐོའི་རྒྱལ་ཚོགས་བེུད་ལྷན་ཚོགས་ཀྱི་ཚོགས་འདུ་གཙོ་སྐྱོང་བྱས་པ་དེ་ངོ་ཚ་ཁྲལ་མེད་ཞིག་ཡིན་པར་སྐྱོན་བརྗོད་གནང་འདུག

རྒྱལ་ཚོགས་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག རྒྱ་ནག་གི་བེུད་ཚོར་འགྲོ་བ་མིའི་ཐོབ་ཐང་གདངས་ངེས་བཞིན་པ་ཡོད་ཚུལ་སྐོར་གཏམ་བཤད་བྱར་པར། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་ Hillary Clinton ལགས་ཀྱིས་བེུད་ཀྱི་ཐོབ་ཐང་ལ་བརྩིེ་མེད་རྡོག་རོལ་ཤུགས་ཆེ་བཏང་མཁན་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་བེུད་ལྷན་ཚོགས་ཀྱི་ཚོགས་འདུ་གཙོ་སྐྱོང་བྱས་པ་དེ་ངོ་ཚ་ཁྲལ་མེད་ཞིག་ཡིན་པར་སྐྱོན་བརྗོད་གནང་འདུག ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གོ་སྒྲིག་འོག་ཆེས་མཐོའི་རྒྱལ་ཚོགས་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་འཛམ་གླིང་རྒྱལ་ཁབ་ ༨༠ ལྷག་གི་ཆེས་མཐོའི་དཔོན་རིགས་ཁག་ལྷན་འཛོམས་གནང་ཡོད་པ་རེད། སྐབས་དེར་ཞི་ཅིང་ཕིང་གིས་ལས་རིམ་དེ་གཙོ་སྐྱོང་བྱས་ཏེ་རྒྱ་ནག་ནང་གི་བེུད་ཚོར་འགྲོ་བ་མིའི་ཐོབ་ཐང་ཡག་པོ་ཡོད་པ་དང་། ཁོང་རྣམ་པའི་གཞི་རྩའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་ལུགས་སོགས་གཏམ་བཤད་བྱས་པ་མ་ཟད། རྒྱ་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བེུད་ཁེ་དབང་སྲུང་སྐྱོབ་ཚན་པར་ཨ་སྒོར་ས་ཡ་ ༡༠ ཞལ་འདེབས་སུ་འབུལ་རྒྱུ་དང་འབྱུར་འགྱུར་གྱི་ལོ་ལྔའི་ནང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་ནང་མ་བུའི་བདེ་ཐང་ལྟེ་གནས་ཁང་ ༡༠༠ དང་བེུད་སློབ་གྲྭ་ཁག་༡༠༠ གསར་འཛུགས་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་བྱས་འདུག འོན་ཀྱང་རྒྱལ་ཚོགས་ཀྱི་བེུད་ལྷན་ཚོགས་དེའི་ཐོག་བཅར་བའི་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་ Hillary Clinton ལགས་ནས། རང་ཉིད་ཀྱི་Twitter དྲ་གནས་ཐོག་ཞི་ཅིང་ཕིང་གི་གཏམ་བཤད་བྱས་པ་དེར་སྐྱོན་བརྗོད་དང་འབྲེལ། རྒྱ་ནག་གི་བེུད་ཚོར་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་ཤུགས་ཆེ་བཏང་མཁན་གྱི་རྒྱལ་ཁབ་གཅིག་གི་སྲིད་འཛིན་ནས་ཆེས་མཐོའི་རྒྱལ་ཚོགས་ཀྱི་ཚོགས་འདུ་གཙོ་སྐྱོང་བྱས་པ་དེ་རང་ངོ་ཚ་ཁྲལ་མེད་ཞིག་ཡིན་སྐོར་ནན་བརྗོད་གནང་འདུག་པ་མ་ཟད།  རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་འདྲ་མིན་ཐོག་ཏུའང་རྒྱ་གཞུང་གིས་འདི་ལོ་གཅིག་པོའི་ནང་བེུད་ཐོབ་ཐང་རྩོད་མཁན་ལྔ་འཛིན་བཟུང་བཀག་ཉར་བྱས་པའི་གནད་དོན་དང་། དེ་བཞིན་ཞི་ཅིང་ཕིང་གི་རྒྱ་ནག་ནང་བེུད་ཚོར་ཐོབ་ཐང་ཚད་ལྡན་སྤྲད་ཀྱི་ཡོད་ལུགས་ཀྱི་གནས་ཚུལ་གཉིས་སྔ་ཕྱི་འགལ་ཟླ་ཡོད་པའི་ཟུར་ཟའི་དྲི་བ་མང་དག་ཞིག་གླེང་བཞིན་ཡོད་པ་རེད།  ཞི་ཅིང་ཕིང་ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བེུད་ལྷན་ཚོགས་ཐོག་མཉམ་ཞུགས་མ་བྱས་པའི་སྔ་རོལ་དུ། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་བརྒྱུད། རྒྱ་གཞུང་གིས་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་འཛིན་བཟུང་བཙན་ཁྲིད་བྱས་ནས་ལོ་ངོ་ ༡༥ རིང་བཙོན་འཇུག་ཁྲིམས་ཆད་བསྐྱེལ་བའི་བོད་པའི་བེུད་ཡེ་ཤེས་ཆོས་སྒྲོན་ལགས་གཙོས་པའི་བེུད་ཐོབ་ཐང་རྩོད་ལེན་པ་ཡོངས་འཕྲལ་དུ་གློད་བཀྲོལ་དགོས་པའི་དགོས་འདུན་བཏོན་པ་མ་ཟད། ཚོགས་པ་དེའི་ འགན་འཛིན་སྐུ་ཞབས་ Matteo Macacci ལགས་ཀྱིས་ཆེས་མཐོའི་བེུད་ལྷན་ཚོགས་ཀྱི་ལྡིངས་ཆ་གལ་ཆེན་དེའི་གོ་སྐབས་ཆེས་བཞེས་ཐོག རྒྱ་གཞུང་གིས་བོད་ནང་གི་བེུད་གཙོ་བོར་གྱུར་པའི་རྒྱ་ནག་རྒྱལ་ནང་གི་བེུད་ཚོའི་ནུས་ཤུགས་གོང་འཕེལ་གཏོང་རྒྱུར་འགོག་རྐྱེན་བཟོས་པ་དང་། དེ་བཞིན་ཁུལ་དེའི་མི་མང་ཐོག་དྲག་གནོན་བྱེད་བཞིན་པའི་གནད་དོན་སོགས་ཀྱི་ཐད་ཞི་ཅིང་ཕིང་ལ་དྲི་རྩད་བྱས་ནས། དེ་དག་འཕྲལ་དུ་མཚམས་འཇོག་དགོས་པའི་ནན་བརྗོད་གནང་དགོས་གལ་ཆེ་བའི་སྐོར་གསུངས་ཡོད་པ་རེད།

ཐེ་ཝན་ནང་དུ་རྒྱལ་སྤྱིའི་བོད་དོན་ལྷན་ཚོགས་ཤིག་ཚོགས་པ།

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ནང་དུ་ཐེ་ཝན་བོད་རིག་ཚོགས་པས་གི་སྒྲིག་གནང་ཐོག་ཚོགས་འདུ་དེ་བསྐོང་ཚོགས་གནང་ ཡོད་པ་རེད། ཚོགས་འདུ་དེའི་ཐོག་བོད་མིའི་སྐུ་ཚབ་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་དང་བོད་མིའི་སྒྲིག་འཛུགས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་རྣམ་གཉིས་གཙོས་པའི་ཐེ་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང། ཐེ་ཝན་དང་ཡུ་གུར་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ། ཐེ་ཝན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི། དེ་བཞིན་ཧོང་ཀོང་དངཐེ་ཝན། རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་བཅས་ཁྱོན་མི་གྲངས་ ༡༠༠ ཡས་མས་ཤིག་ནས་མཉམ་ཞུགས་གནང་འདུག ཐེ་བོད་ཚོགས་པའི་ཚོགས་གཙོ་བཀྲིས་ཚེ་རིང་ལགས་ཀྱིས་གསུངས་པར་ཐེངས་འདིའི་ཚོགས་འདུ་ཐོག་དེ་སྔ་བོད་དོན་ལ་རྒྱབ་སྐྱོར་མེད་པའི་རྒྱ་ནག་སྐམ་ས་ཆེན་མོའི་རྒྱ་རིགས་གཅིག་གི་བློ་འགྱུར་ཏེ་མཐར་ཁོང་ནས་རྒྱ་ནག་མི་དམངས་ཚང་མས་ཚབ་ཞུས་ཏེ་བོད་མི་རྣམས་ལ་དགོངས་གསལ་ཞུས་པའི་གནས་སྟངས་ཤིག་ཆགས་ཡོད་སྟབས། རྒྱ་རིགས་མང་དག་ཞིག་ནས་བོད་དོན་ལ་བསམ་ཤེས་ཐུབ་པ་དང། བོད་དོན་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་ར་ཁྲོད་གཙང་མ་བྱུང་ཡོད་སྐོར་གསུངས་འདུག རྩ་བའི་ཚོགས་འདུ་དེ་ཐེ་ཝན་སྐུ་ཚབ་དོན་ཁང་དང་ཐེ་ཝན་མང་གཙོའི་ཐེབས་རྩ་གཉིས་ཀྱི་རྒྱབ་སྐྱོར་མཐུན་འགྱུར་འོག་ཕྱི་ལོ་ ༢༠༡༡ ལོ་ནས་མགོ་བཙུགས་གནང་པ་ཞིག་ཡིན་འདུག འདི་ལོ་སྔར་དང་མི་འདྲ་བར་བོད་དོན་དང་འབྲེལ་བའི་མི་སྣ་གཅིག་པོ་མ་ཡིན་པར་རྒྱ་ནག་དང་འབྲེལ་བའི་མི་སྣ་གཞན་མང་དག་ཅིག་གདན་ཞུ་ཡོད་ཐོག་སྔ་དྲོའི་ཚོགས་དུས་རིང་སྔ་ལོ་ཧོང་ཀོང་ནང་མང་གཙོའི་སྒེར་ལངས་བྱུང་བའི་གནད་དོན་དང། ཐེ་ཝན་ནང་གི་སློབ་ཕྲུག་གིས་ཞི་བའི་ལས་འགུལ་གྱི་གནད་དོན། དེ་བཞིན་ཉིན་རྒྱབ་ཏུ་བོད་དོན་སྐོར་ལ་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་དང་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་རྣམ་གཉིས་ནས་བོད་དོན་སྐོར་ལ་གསུངས་བཤད་སོགས་གནང་ཡོད་པ་རེད།

ཞི་ཅིང་ཕིང་གིས་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་བཏང་བཞིན་པར་ཚོགས་འདུ་ཞིག་ཚོགས་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཨ་རིར་གཞུང་འབྲེལ་འཚམས་གཟིགས་བསྐྱོད་པ་དང་བསྟུན། ཞི་ཅིང་ཕིང་གི་འཛིན་སྐྱོང་འོག་རྒྱ་ནག་ནང་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་བཏང་བཞིན་པའི་གནད་དོན་ཐོག་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་འདུག ཟླ་ ༩ ཚེས་ ༢༣ ཉིན་རྒྱབ་ཏུ་རྒྱ་རིགས་ཡི་ཤུ་པའི་རང་དབང་དང་ཐོབ་ཐང་ཆེད་ཕྱག་ལས་གནང་མཁན་ཚོགས་པ་ China Aid ཞེས་པའི་གོ་སྒྲིག་འོག་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་ལས་རིམ་དེ་ཚོགས་འདུག་པ་དང་། དེའི་ཐོག་ཡུ་གུར་ལས་འགུལ་བ་གྲགས་ཆེན་ Rabiya Kadeer ལགས་དང་། རྒྱ་ནག་གི་དམ་དྲག་སྲིད་བྱུས་འོག་དཀའ་སྡུག་དངོས་སུ་མྱོང་མཁན་རྒྱ་ནག་ཡི་ཤུ་པ་གཉིས། དེ་བཞིན་བོད་ནང་བོད་མིའི་ཆོས་དད་རང་དབང་གི་གནས་སྟངས་སྐོར་གསུངས་བཤད་གནང་མཁན་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་ཚོགས་གཞོན་སྐུ་ཞབས་བུ་ཆུང་ཀེ་ཚེ་རིང་ལགས་ནས་མཉམ་ཞུགས་གནང་འདུག སྐབས་དེར་བུ་ཆུང་ཚེ་རིང་ལགས་ནས་ཞི་ཅིང་ཕིང་གི་གཞུང་ནས་བོད་བརྒྱུད་ནང་བསྟན་གྱི་ངོ་བོ་ཡང་བསྒྱུར་བཅོས་བཏང་ཐབས་བྱེད་བཞིན་པའི་ཛ་དྲག་གནས་སྟངས་དང་། ལྷག་དོན་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་དབུས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་སྟངས་འཛིན་ཤུགས་ཆེ་བྱེད་བཞིན་པ་མངོན་གསལ་གནང་བ་མ་ཟད། ད་ལན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ཞི་ཅིང་ཕིང་གཉིས་མཇལ་འཕྲད་སྐབས། ཨ་རིའི་གཞུང་ངོས་ནས་ཆོས་དད་རང་དབང་གལ་ཆེར་ངོས་འཛིན་ཞུ་བཞིན་པ་དེ་ར་ཁྲོད་གསལ་པོའི་ཐོག་ནས་ཞི་ཅིང་ཕིང་གིས་བོད་ནང་གི་ཆོས་དད་རང་དབང་ཡར་རྒྱས་བཏང་དགོས་པ་བཟོ་དགོས་ཀྱི་འདུག་ཅེས་དོན་གནད་བཞིའི་ཐད་ཞུ་འབོད་གནང་འདུག

Latest news