Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

རྒྱལ་སྤྱིའི་ཨོ་རྩེད་མཐུན་ཚོགས་ཀྱི་ནོར་འཁྲུལ་ཅན་གྱི་ཐག་གཅོད་ལ་ཐེར་འདོན་ཞུ་གཏུག་ངོས་བཞེས།

རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ནས་རྒྱལ་སྤྱིའི་དཔལ་འབྱོལ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ལམ་སྟོན་དང་འགལ་ནས་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩེད་འགྲན་ཚོགས་ཀྱི་མགྲོན་བདག་རྒྱ་ནག་ལ་སྤྲད་པར་སྐྱོན་བརྗོད་ཀྱི་ཞུ་གཏུག་ལ་རྒྱལ་སྤྱིའི་དཔལ་འབྱོར་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་ངོས་བཞེས་གནང་འདུགའདི་ལོའི་ཕྱི་ཟླ་བདུན་པའི་ནང་སུད་སིར་རྟེན་གཞི་བྱས་པའི་སུད་བོད་མཛའ་འབྲེལ་ཚོགས་པས་སྣེ་ཁྲིད་དེ་ཡུ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་དང་སུད་སི་དང་ལེག་ཊེན་སི་ཊེན་བོད་རིགས་མི་མང། དེ་བཞིན་སུད་སི་ས་གནས་བུད་མེད་ལྷན་ཚོགས་བཅས་གཞུང་འབྲེལ་མིན་པའི་ཚོགས་བཞིས་མཉམ་འབྲེལ་ཐོག་སུད་སི་གྲོང་ཁྱེར་ Lausanne ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཨོ་རྩེད་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་དཔལ་འབྱོལ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་རྩ་བའི་ལམ་སྟོན་དང་འགལ་ཏེ་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩེད་འགྲན་ཚོགས་རྒྱ་ནག་ཏུ་འཚོགས་རྒྱུར་ཐག་གཅོད་བྱས་པ་ནི་ནོར་འཁྲུལ་ཅན་གྱི་བྱ་སྤྱོད་ཅིག་ཡིན་པའི་བདེན་དཔང་རྒྱབ་ལྗོངས་བཅས་པའི་སྐྱོན་བརྗོད་ཀྱི་ཞུ་གཏུག་སྙན་ཞུ་ཞིག་སུད་སིར་རྒྱལ་ས་སྦན་ལ་ཡོད་པའི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་འབྲེལ་གོང་འཕེལ་འབྲེལ་མཐུད་ལས་ཁུངས་ལ་ཕུལ་ཡོད་པ་རེད། ཉེ་ཆར་རྒྱལ་སྤྱིའི་དཔལ་འབྱོར་མཉམ་འབྲེལ་གོང་འཕེལ་སྒྲིག་འཛུགས་ནས་ཁོང་རྣམ་པའི་ཞུ་གཏུག་ལ་དང་ལེན་གནང་སྟེ་རིང་མིན་ཞུ་གཏུག་བྱེད་མཁན་གྱི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་བཞི་དང་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་དབར་ལ་འདུམ་འགྲིག་གི་བྱ་རིམ་གཞིར་བཞག་གནང་རྒྱུ་ཡིན་པར་ངོ་བཞེས་གནང་འདུག ཐེངས་འདིའི་ཞུ་གཏུག་གི་ལས་འགུལ་སྣེ་ཁྲིད་གནང་མཁན་སུད་བོད་འཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ Thomas Buchli ལགས་ཀྱིས་རྒྱལ་སྤྱིའི་དཔལ་འབྱོལ་མཉམ་འབྲེལ་གོང་འཕེལ་སྒྲིག་འཛུགས་ཀྱི་ཐག་གཅོད་ལ་དགའ་ཚོར་དང་འདོད་བློ་འཁེངས་པ་བྱུང་སོང་། ཐག་གཅོད་འདིས་ང་ཚོས་སེམས་འཚབ་བྱེད་བཞིན་པའི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ལྷག་པར་དུ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩལ་རྩེད་འགྲན་གནད་དོན་ལ་སྐྱོན་བརྗོད་བྱས་པ་དེ་དོན་སྙིང་ལྡན་པ་ཞིག་གྱུར་ཡོད་ལ། ང་ཚོས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གཞུང་འབྲེལ་གནད་ཡོད་མི་སྣ་ཚོ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ནས་ཕྱིེར་འཐེན་གནང་དགོས་པའི་ཞུ་གཏུག་གནང་བ་དེ་རྒྱུ་མཚན་ལྡན་པ་ཞིག་ཆགས་ཡོད་ཅེས་གསུངས་ཡོད་པ་རེད། དེ་བཞིན་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་བཞིས་ད་ལན་རྒྱལ་སྤྱིའི་དཔལ་འབྱོར་མཉམ་འབྲེལ་སྒྲིག་འཛུགས་ནས་ཁོང་རྣམ་པའི་ཞུ་གཏུག་ལ་ངོ་བཞེས་གནང་བ་དང་འབྲེལ་དེ་མཉམ་འབྲེལ་གྱིས་སྤེལ་བའི་གསར་འགོད་བསྒྲགས་གཏམ་ནང་གསལ་བར་སང་ལོ་ཕྱི་ཟླ་གཉིས་པ་ནང་རྒྱ་ནག་ཏུ་འཚོགས་རྒྱུའི་དགུན་ཨོ་རྩལ་འགྲན་ཚོགས་བར་གྱི་དུས་ཡུན་ཐུང་ངོ་འདིའི་ནང་རྒྱལ་སྤྱིའི་མཉམ་འབྲེལ་གོང་འཕེལ་སྒྲིག་འཛུགས་གཙོ་འགན་འོག་ཞུ་གཏུག་བྱེད་མཁན་གྱི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་བཞིས་དང་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་དབར་ལ་འདུམ་འགྲིག་གི་བྱ་རིམ་ཁྲོད་དུ་གླེང་སློང་བྱ་རྒྱུའི་གནད་དོན་ཁག་ནི། རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ནས་ ༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་རྒྱ་ནག་ཏུ་མགྲོན་བདག་སྤྲད་པ་ལས་བྱུང་བའི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་ཞུས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཤུགས་རྐྱེན་ངན་པ་ཁག་རྩེད་འགྲན་སྐབས་ཇི་ལྟར་ཚབས་ཆུང་དུ་གཏང་ཐབས་དང་ཐབས་ལམ་གང་ཡོད། མ་འོངས་ཨོ་རྩལ་འགྲན་ཚོགས་གོ་སྒྲིག་བྱེད་མཁན་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ལྡན་པ་ཇི་ལྟར་བཟོ་རྒྱུ། དེ་བཞིན་ཐེངས་འདིའི་བར་འདུམ་བརྒྱུད་ནས་རྒྱལ་སྤྱིའི་མཉམ་འབྲེལ་གོང་འཕེལ་སྒྲིག་འཛུགས་ཀྱི་རྩ་བའི་ལམ་སྟོན་འོག་མ་འོངས་པར་ཨོ་རྩལ་འགྲན་ཚོགས་ལ་སྦྱིན་བདག་བྱེད་མཁན་གྱིས་མཚོན་པའི་མཐུར་འགྱུར་མཁོ་སྤྲོད་བྱེད་མཁན་འབྲེལ་ཡོད་ཚོང་ལས་སྡེ་ཁག་གི་ནུས་པ་དང་འགན་འཁྲི་ལ་དབྱེ་ཞིབ་གནང་བར་རོགས་རམ་གནང་ཕྱོགས་བཅས་དོན་ཚན་གསུམ་གྱི་ཐོག་གླེང་སློང་བྱ་རྒྱུ་རེད་འདུགསུད་བོད་འཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ Thomas Buchli ལགས་ཀྱིས་ད་ལན་གྱི་ཁོང་རྣམ་པའི་ཞུ་གཏུག་ལ་ངོ་བཞེས་གནང་མཁན་གྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་འབྲེལ་གོང་འཕེལ་སྒྲིག་འཛུགས་ཀྱི་འབྲེལ་མཐུད་ལས་ཁུངས་དེ་སུད་སི་ཀྱི་གཞུང་འབྲེལ་གྱི་ལྷན་ཁང་གི་ཁྱབ་ཁོངས་ཞིག་ཆགས་ཀྱི་ཡོད་སྟབས་ད་ལན་ངོ་བཞེས་གནང་བའི་ཞུ་གཏུག་འདི་གཞི་རྩར་བཟུང་ནས་ང་ཚོའི་ངོས་ནས་སུད་སི་དབུས་གཞུང་ལ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་སུད་སི་གཞུང་འབྲེལ་གནད་ཡོད་མི་མཉམ་ཞུགས་གནང་རྒྱུ་ཕྱིར་འཐེན་དགོས་པ་དང་སུད་སི་རྒྱལ་ཁབ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ནས་ཡོངས་སུ་ཕྱིེར་འཐེན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། གནད་དོན་དེའི་ཐོག་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཚོས་ཀྱང་ང་ཚོར་རྒྱབ་སྐྱོར་གནང་གི་རེད་ཅེས་གསུངས་ཡོད། གཞི་རྩའི་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་ལམ་པིཀ་རྩེད་འགྲན་འཚོགས་རྒྱུའི་གནད་དོན་དང་འབྲེལ་ནས་ཨ་རི་དང་ཁེ་ན་ཌ། དབྱིན་ཡུལ། དེ་བཞིན་ནི་ཐར་ལན་ཌི་ལ་སོགས་པའི་རྒྱལ་སྤྱིའི་གཞུང་ཚོགས་མང་དག་ཅིག་གིས་རྒྱ་ནག་གཞུང་གིས་བོད་མི་གཙོས་ཡུ་གུར་མི་རིགས་བཅས་གྲངས་ཉུང་མི་རིགས་ཐོག་གཉེར་བཞིན་པའི་བྱ་སྤྱོད་དེ་དག་མི་རིགས་རྩ་མེད་གཏོང་རྒྱུའི་བྱ་སྤྱོད་ཡིན་པར་སྐྱོན་བརྗོད་ཀྱིས་སྔ་རྗེས་སུ་འགྲེལ་བརྗོད་གནང་བའི་ཐོག་ནས་རྒྱ་ནག་ཏུ་དགུན་དུས་ཀྱི་ཨོ་རྩེད་འགྲན་ཚོགས་འཞོགས་རྒྱུའི་གནས་བབས་མེད་པ་དང་། རྒྱལ་སྤྱིའི་དབུ་ཁྲིད་གཙོས་རྩེད་འགྲན་པ། དེ་བཞིན་གོ་སྒྲིག་གནང་མཁན་ཡོངས་ནས་རྒྱབ་སྐྱོར་གནང་མཚམས་འཇོག་དགོས་ཞེས་བསྒྲགས་གཏམ་རིམ་ཁག་སྤེལ་ཡོད་པར་མ་ཟད་ལྷག་པར་དུ་ཉེ་ཆར་ཨ་རིའི་སྲིད་འཛིན་ Joee Biden མཆོག་དང་ཨ་རིའི་གཞུང་འབྲེལ་མི་སྣ་སུ་འདྲ་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་ཚོགས་ཞུགས་གནང་གི་མེད་པ་དང་། ཨ་རིའི་ཕོ་བྲང་དཀར་པོའི་ངོས་ནས་མགྱོགས་མྱུར་དེའི་ཐད་གསལ་བསྒྲགས་ཤིག་སྤེལ་འཆར་ཡོད་པ་རེད། དེ་བཞིན་དེ་སྔོན་ཡུ་རོབ་གྲོས་ཚོགས་སུ་ཚད་མཐོའི་མང་མོས་དང་དབྱིན་ཡུལ་གྲོས་ཚོགས་སུ་སྤྱི་མོས་ཀྱིས་གྲོས་ཆོད་ཅིག་གཏན་འབེབས་དང་འབྲེལ་ཕྱི་འབྲེལ་དཔོན་རིགས་དང་གཞུང་འབྲེལ་སྐུ་ཚབ་རྣམས་ཀྱིས་རྒྱ་ནག་གི་འགྲན་ཚོགས་དེར་ཞུགས་རྒྱུ་མེད་པའི་ཞུ་སྐུལ་ཡང་གནང་ཡོད།

ལྕམ་ PengShuai ཡི་ལྟར་༸པཎ་ཆེན་རིན་པོ་ཆེ་མཆོག་བདེ་ཐང་ཡིན་པའི་དཔང་རྟགས་མཁོ་སྤྲོད་བྱེད་དགོས།

ཉེ་ཆར་རྒྱལ་སྤྱིའི་ཨོ་ལམ་པིཀ་རྩེད་འགྲན་ལྷན་ཚོགས་ཀྱི་འགན་འཛིན་དང་རྒྱ་ནག་གི་ཊེ་ནི་སི་རྩེད་འགྲན་པ་གྲགས་ཅན་ལྕམ་ Peng Shuai ལགས་རྣམ་གཉིས་དབར་བརྙན་འཕྲིན་བརྒྱུད་གླེང་མོལ་བྱུང་སྟེ་ཁོ་མོ་བདེ་ཐང་ཡིན་པའི་གནས་ཚུལ་ཞིག་ཕྱིར་བསྒྲགས་བྱུང་བའི་ཁྲོད་འདིར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་དེ་སྔ་གར་སོང་ཆ་མེད་དུ་གྱུར་བའི་ལྕམ་ Pen Shuai ལགས་ཀྱི་གནས་སྟངས་དང་ཆུང་སྲིད་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་གཉིས་མཚུངས་བསྡུར་གྱིས་རིན་པོ་ཆེ་མཆོག་ཀྱང་བདེ་ཐང་ཡིན་པའི་དཔང་རྟགས་མཁོ་སྤྲོད་བྱེད་དགོས་པའི་ནན་བརྗོད་གནང་བཞིན་འདུག ལྕམ་ Peng Shuai ལགས་ཀྱིས་རྒྱ་ནག་གི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཤིག་གིས་ཁོ་མོར་བཙན་ཤེད་ཀྱིས་འཁྲིག་སྤྱོད་བྱས་པའི་བྱ་སྤྱོད་ཐེར་འདོན་གྱིས་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་རྗེས་སུ་ཁོང་བདུན་ཕྲག་གསུམ་ཙམ་གྱི་རིང་ལ་གར་སོང་ཆ་མེད་དུ་གྱུར་ནས་བེུད་ཀྱི་ཊེ་ནི་སི་ཚོགས་པ་གཙོས་རྒྱལ་སྤྱིའི་ཨོ་ལམ་པིཀ་རྩེད་འགྲན་ཚོགས་པ་བཅས་ནས་ཁོ་མོའི་བདེ་འཇགས་དང་གར་ཡོད་ཀྱི་གནས་སྟངས་ཇི་ཆགས་སོགས་ཀྱི་ཐད་ཆེས་བློ་འཚབ་གནང་བཞིན་པའི་འཚམས་འདིར་གཟའ་འཁོར་སྔོན་མའི་རེས་གཟའ་ཉི་མའི་ཉིན་རྒྱལ་སྤྱིའི་ཨོ་ལམ་པིཀ་རྩེད་འགྲན་ལྷན་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཏེ་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་ Thomas Bach ལགས་དང་ལྕམ་ Peng shuai དབར་རེས་གཟའ་ཉི་མའི་ཉིན་བརྙན་འཕྲིན་བརྒྱུད་ཚོུད་ཕྱེད་ཀ་ལྷག་གི་རིང་གླེང་མོལ་བྱུང་ཡོད་པ་དང་སྐབས་དེར་ Peng Shuai ལགས་ཀྱིས་ཁོང་བདེ་ཐང་ངང་གནས་ཡོད་པར་འགྲེལ་བརྗོད་དང་འབྲེལ། ཁོ་མོའི་དོན་དུ་རྒྱལ་སྤྱིའི་ཨོ་ལམ་པིཀ་རྩེད་འགྲན་ཚོགས་ཆུང་གིས་བློ་འཚབ་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་པ་མ་ཟད། ཁོང་ད་ཆ་རྒྱལ་ས་པེ་ཅིང་གི་རང་ཁྱིམ་དུ་བདེ་ཐང་ངང་གནས་ཡོད་པས་མང་ཚོགས་ཀྱི་ངོས་ནས་ཁོང་སྒེར་གྱི་རང་དབང་ལ་བརྩི་བཀུར་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་སྐོར་འགྲེལ་བརྗོད་གནང་འདུག ད་རེས་ལྕམ་ Peng Shuai ལགས་ཀྱིས་གློ་བུར་དུ་རྒྱལ་སྤྱིའི་ཨོ་ལམ་པིཀ་རྩེད་འགྲན་ལྷན་ཚོགས་ཀྱི་འགན་འཛིན་ལ་ཁོང་བདེ་ཐང་ངང་རང་ཁྱིམ་དུ་གནས་ཡོད་སྐོར་གསུངས་པའི་བརྙན་འཕྲིན་ཞིག་ཕྱིར་བསྒྲགས་བྱུང་ཡོད་པའི་གནས་ཚུལ་ཐོན་འཕྲལ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་གཙོས་ཚོགས་སྒེར་ཁག་གིས་གནད་དོན་དེར་མུ་མཐུད་དོགས་གཞི་ཆེན་པོ་གནང་བཞིན་པ་མ་ཟད། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ལྕམ་ Peng Shuai ཡི་གནད་དོན་དང་འབྲེལ་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་སོང་སྟེ་མི་ལོ་ ༢༦ ཧྲིལ་པོ་འཁོར་བ་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་འབུར་བཏོན་གནང་སྟེ་རྒྱ་གཞུང་ལ་རིན་པོ་ཆེ་མཆོག་བདེ་ཐང་ངང་བཞུགས་ཡོད་པའི་དཔང་རྟགས་མཁོ་སྤྲོད་བྱེད་དགོས་པའི་འབོད་སྐུལ་ཞུ་བཞིན་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གཙོས་པའི་བོད་མི་ཁག་ཅིག་གིས་རང་ཉིད་ཀྱི་ Twitter དྲ་ལམ་ཐོག་ད་རེས་རྒྱ་ནག་དམར་ཤོག་ཚོགས་པའི་ངོས་ནས་གར་སོང་ཆེད་དུ་ཕྱིན་པའི་རྒྱ་ནག་གི་ཊེ་ནི་སི་རྩེད་འགྲན་པ་གྲགས་ཅན་ལྕམ་ Peng Shuai ལགས་ཀྱི་གནད་དོན་བཏང་འཛིན་བྱེད་ཕྱོགས་དེས་རྒྱ་གཞུང་གི་བཙན་གནོན་འོག་ལོ་ངོ་སུམ་ཅུའི་རིང་གར་སོང་ཆ་མེད་དུ་གྱུར་བའི་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་གཅིག་མཚུངས་ཡིན་པར་མངོན་གསལ་གྱིས་འགྲེལ་བརྗོད་དང་སྦྲགས། རིན་པོ་ཆེ་མཆོག་དང་ལྕམ་ Peng Shuai གཉིས་ད་ཆ་གང་དུ་ཡོད་མེད་ཀྱི་འདྲི་རྩད་གནང་འདུག ལྷག་དོན་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྐུ་ཞབས་ Bach ལགས་དང་ལྕམ་ Peng Shuai དབར་བྱུང་བའི་བཀའ་མོལ་དེའི་ནང་ཁོ་མོ་བདེ་ཐང་ཡིན་པ་ཙམ་མ་གཏོགས་བརྙན་འཕྲིན་གྱི་ལས་རིམ་དེ་གོ་སྒྲིག་གང་འདྲ་་གནང་མིན་སྐོར་ལ་གང་ཡང་འཁོད་མེད་ཅེས་གསུངས་ཏེ་རྒྱ་གཞུང་ནས་ཁོ་མོའི་གནད་དོན་ཐད་རང་དབང་དང་ཕྱི་གསལ་ནང་གསལ་གྱི་རྟོག་ཞིབ་གནང་འཇུག་དགོས་ཞེས་གསུངས་འདུག

ལི་ཐོའུ་ནེ་ཡ་ནང་ཐེ་ཝན་གཞུང་ཚབ་ལས་ཁུངས་དབུ་འབྱེད་ལ་རྒྱ་གཞུང་གིས་ངོ་རྒོལ།

ཁ་སང་ཤར་ཡོ་རོབ་ Lithuania རྒྱལ་ས་ Vilnius ནང་ཐེ་ཝན་གྱི་གཞུང་ཚབ་ལས་ཁུངས་དབུ་འབྱེད་གནང་བ་མ་ཟད་ལས་ཁུངས་ཀྱི་མིང་སྦྱང་ཐོག་ཐེ་ཝན་ཞེས་མིང་དངོས་སུ་བེད་སྤྱོད་གནང་བ་དེ་ནི་ཡོ་རོབ་གྱི་ཡུལ་གྲུའི་ཁོངས་ནས་དེ་ལྟར་གནང་བ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་ Tweeter དྲ་གནས་ཐོག་ད་རེས་རྒྱལ་ས་ Vilnius  ནང་ཐེ་ཝན་གྱི་གཞུང་ཚབ་ལས་ཁུངས་ཤིག་དབུ་འབྱེད་གནང་ཡོད་པའི་གནས་ཚུལ་ཡོངས་གྲགས་གནང་སྟེ་ལི་ཐོའུ་ནེཡ་གཞུང་གིས་ཐེ་ཝན་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་དྲན་ཞེས་གསུངས་འདུག གཞུང་ཚབ་ལས་ཁུངས་དབུ་འབྱེད་གནང་མཁན་ Latvia ནང་གི་ཐེ་པེ་ལས་ཁུངས་ཀྱི་སྐུ་ཚབ་སྐུ་ཞབས་ Eric Huang ལགས་གདན་ཞུ་གནང་ནས་ཁོང་ལི་ཐོའུ་ནེཡ་ནང་གི་ཐེ་ཝན་གྱི་གཞུང་ཚབ་པར་ཆེས་ཐོག་མར་བསྐོ་གཞག་གནང་ཡོད། ཐེ་ཝན་གྱི་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་ Vilnius ནང་གསར་འཛུགས་གནང་བའི་གཞུང་ཚབ་ལས་ཁུངས་ཀྱི་ལས་འགན་གཙོ་བོ་ནི་ཐེ་ཝན་དང་ཡུ་རོབ་བྷལ་ཊིས་མངའ་ཁུལ་གྱི་ཚོགས་མི་རྒྱལ་ཁབ་ཁག་གི་དབར་འབྲེལ་ལམ་གོང་སྤེལ་དང་བསམ་ཚུལ་བརྗེ་རེས་ཀྱིས་རྒྱ་སྐྱེད་ཐོག་གུ་ཡངས་དང་གྲ་སྒྲིག་ཨང་སར་ཡིན་སྐོར་གསུངས་བའི་ཁྲོད་འདིར་ཐེ་ཝན་ལས་ཁུངས་གསར་པའི་ངོས་ནས་ཐེ་ཝན་དང་ Baltic མངའ་ཁུལ་གྱི་ཡུལ་གྲུ་ཁག་གི་དབར་ཕྱོགས་གཉིས་ཀྱི་འབྲེལ་ལམ་གོང་སྤེལ་གྱི་ལམ་བུ་གསར་པ་ཞིག་བཏོན་རྒྱུ་དང་ལྷག་པར་དུ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཁྲོད་ཉེ་བའི་རྒྱུད་རྫས་དང་གློག་ཀླད་སོགས་ཀྱི་སྡེ་ཚན་འདྲ་མིན་ཐོག་མཐུན་རྐྱེན་སྦྱོར་རྒྱུ་མ་ཟད། ལས་ཁུངས་ཀྱི་ལས་དོན་ཁག་འཕྲལ་མར་བཀོལ་སྒྲིག་དང་འབྲེལ་ལི་ཐོའི་ནེ་ཡ་ནང་ཡོད་པའི་ཐེ་ཝན་མི་སེར་རྣམས་ཀྱི་དགོས་མཁོ་བསྒྲུབ་རྒྱུ་དང་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་གསུངས་འདུག སྤྱིར་འདི་ལོ་ཕྱི་ཟླ་ ༨ ནང་ལི་ཐོའུ་ནེ་ཡ་དང་ཐེ་ཝན་གཉིས་ཀྱིས་རང་སོ་སོའི་རྒྱལ་སར་གཞུང་འབྲེལ་སྐུ་ཚབ་ལས་ཁུངས་ཆེད་འཛུགས་གནང་རྒྱུའི་གྲོས་མཐུན་བྱུང་ཡོད་པ་ལྟར་རྒྱ་གཞུང་གིས་ལི་ཐོའུ་ནེ་ཡ་ལ་སྐྱོན་བརྗོད་ཀྱིས་གྲོས་མཐུན་དེ་ཕྱིར་འཐེན་བྱེད་དགོས་པའི་གནོན་ཤུགས་སྤྲད་དེ་དཔལ་འབྱོར་གྱི་ཉེས་ཆད་བཏང་པ་དང་དེ་བཞིན་པེ་ཅིང་ནང་ཡོད་པའི་ Lithuania གཞུང་ཚབ་ཆེན་མོ་ཕྱིར་འཐེན་དགོས་པ་སོགས་ཀྱི་ནན་བརྗོད་བྱས་ཡོད་པ་མ་ཟད་རྒྱལ་ཁབ་གཞན་ལ་གནོན་ཤུགས་སྤྲད་པ་བརྒྱུད་ནས་ཐེ་ཝན་དང་འབྲེལ་ལམ་མཚམས་འཇོག་དགོས་པའི་ཉེན་བརྡ་སོགས་བཏང་ཡོད་པ་རེད། འོན་ཀྱང་ལི་ཐོའུ་ནེ་ཡ་གཞུང་གིས་གནོན་ཤུགས་དེ་དག་ལ་ལྟོས་མེད་ཡུལ་དེའི་ནང་གཟའ་འཁོར་འདིའི་རེས་གཟའ་ཕུར་བུ་ཉིན་ཐེ་ཝན་གྱི་ལས་ཁུངས་དངོས་སུ་དབུ་འབྱེད་གནང་ཡོད་སྟབས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་ Lithuania ནང་ཐེ་ཝན་གྱི་སྐུ་ཚབ་ལས་ཁུངས་དབུ་འབྱེད་གནང་བ་དེ་ནི་ཧ་ཅང་གི་བྱ་སྤྱོད་ངན་པ་ཞིག་ལ་འགྲེལ་བརྗོད་དང་བཅས་ལིཐོའུ་ནེ་ཡ་གཞུང་གི་ངོས་ནས་རང་ཉིད་ཀྱི་ཐག་གཅོད་ནོར་བར་གང་མགྱོགས་ཡོ་བསྲང་བྱེད་དགོས་ཀྱི་རེད་ཅེས་ནན་བཤད་བྱས་འདུག

Marriott  གསོལ་མགྲོན་ཁང་ནང་ཡུ་གུར་གྱི་ལྷན་ཚོགས་འཚོགས་རྒྱུའི་ཆོག་མཆན་སྤྲད་མེད།

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པྲགཱ་ནང་རྟེན་གཞི་བྱས་པའི་ Marriott གསོལ་མགྲོན་ཁང་ནས་ཆབ་སྲིད་ཀྱི་ཕྱོགས་རིས་མེད་པའི་རང་བཞིན་བརྗོད་དེ་ཡུ་གུར་ལས་འགུལ་བ་དང་འགོ་ཁྲིད་ཚོའི་ལྷན་ཚོགས་མགྲོན་ཁང་དེའི་ནང་འཚོགས་རྒྱུ་ཆོག་མཆན་སྤྲད་མི་འདུག  Axios གསར་ཁང་གིས་དེ་རིང་འདོན་སྤེལ་གནང་བའི་གནས་ཚུལ་ལ་གཞིགས་ན། ཉེ་ལམ་པྲགཱ་ནང་རྒྱལ་ཁབ་ ༢༥ ནས་སྐུ་ཚབ་ ༢༠༠ ཙམ་ཞིག་ཟླ་བ་འདིའི་ཕྱི་ཚེས་ ༡༢ ནས་ ༡༤ བར་འགོ་ཁྲིད་གསར་པ་འདེམས་སྒྲུག་དང་སྲིད་དོན་པ་དང་ཤེས་ཡོན་མཁས་པ། སྤྱི་དམངས་ཚོགས་པའི་སྐུ་ཚབ་དང་བགྲོ་གླེང་སླད་འདུ་འཛོམས་གནང་ཡོད་ཀྱང་པྲགཱ་ཡི་ Marriott གསོལ་མགྲོན་ཁང་གིས་མགྲོན་ཁང་ནང་ལྷན་ཚོགས་འཚོགས་པར་བཀའ་འཁྲོལ་གནང་མེད་པ་རེད། སྤྱིར་ལྷན་ཚོགས་གོ་སྒྲིག་ཞུ་མཁན་ནས་གསོལ་མགྲོན་ཁང་ཁག་ཅིག་ལ་འབྲེལ་བ་གནང་བའི་ཁྲོད་སྐུ་ཚབ་ཞིག་ Marriott གསོལ་མགྲོན་ཁང་དུ་ཕེབས་ཡོད་པ་དང་གསོལ་མགྲོན་ཁང་ནས་ཕྱིས་སུ་ལྷན་ཚོགས་ཀྱི་རྒྱབ་ལྗོངས་དང་གོ་སྒྲིག་ཞུ་མཁན་གྱི་ཚོགས་པའི་སྐོར་ཤེས་རྗེས་མགྲོན་ཁང་གི་འབྲེལ་ཡོད་ལས་བྱེད་ཀྱིས་ཕྱག་བྲིས་བསྐུར་ཏེ་ཆབ་སྲིད་ཀྱི་ཕྱོགས་རིས་མེད་པའི་རང་བཞིན་རྒྱུ་མཚན་བགྲངས་ནས་ལྷན་ཚོགས་འཚོགས་པར་ཆོག་མཆན་སྤྲད་མེད། Marriott གསོལ་མགྲོན་ཁང་གི་བྱེད་ཕྱོགས་དེར་ཚོགས་ཆེན་གོ་སྒྲིག་གནང་མཁན་ཚོས་ང་ཚོས་རྒྱལ་སྤྱིའི་ཚོགས་ཆེན་དེ་དུས་ནས་དུས་སུ་གོ་སྒྲིག་ཞུ་ངེས་ཡིན་པ་དང་ད་ལན་དེ་ལྟར་བྱུང་བ་ནི་ཐོག་མ་དང་བློ་ཕམ་བྱུང་བ་མ་ཟད་ལྷག་པར་རྒྱ་ནག་གིས་ཕྱིའི་ལུང་པའི་ནང་དུའང་མང་གཙོ་རྡོག་རོལ་གཏོང་བཞིན་པ་མཐོང་སྐབས་སེམས་ལ་ཞེད་སྣང་བྱུང་ཞེས་གསུངས་འདུག གསོལ་མགྲོན་ཁང་གི་མགྲིན་ཚབ་པས་གསར་ཁང་ལ་གནད་དོན་དེའི་ཐོག་གསལ་བཤད་གནང་བའི་ཁྲོད་མགྲོན་ཁང་ནས་ད་རེས་ཀྱི་ལྷན་ཚོགས་དེ་གོ་སྒྲིག་ཞུས་ན་དེ་ཆབ་སྲིད་ཀྱི་ཕྱོགས་རིས་མེད་པའི་རང་བཞིན་གྱི་སྲིད་བྱུས་ལ་རྡོག་རོལ་བཏང་མེད་པ་དང་ང་ཚོས་མགྲོན་ཁང་གི་ལས་བྱེད་ཚོར་རྒྱུན་རིང་ནས་འཛིན་པའི་ཡོངས་སྒྲིལ་སྲིད་བྱུས་ལག་བསྟར་ཐད་སྦྱོང་བརྡར་འཕར་མ་སྤྲད་དེ་ལས་དོན་བྱེད་བཞིན་ཡོད་པར་བརྗོད་འདུག གསོལ་མགྲོན་ཁང་གི་ཚོགས་གཙོ་གཞོན་པས་ད་རེས་མགྲོན་ཁང་གི་ཡ་ལན་སྤྲད་ཕྱོགས་དེ་ང་ཚོའི་སྲིད་བྱུས་དང་མཐུན་གྱི་མེད་པ་དང་ང་ཚོས་ལྷན་ཚོགས་གོ་སྒྲིག་ཞུ་མཁན་གྱི་ཚོགས་པར་དགོངས་སེལ་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག རྩ་བའི་ Marriott གསོལ་མགྲོན་ཁང་ནས་ད་ལན་ཙམ་མ་ཟད་དེ་སྔ་ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་ནང་ལ་ཡོད་པའི་མགྲོན་ཁང་དེའི་ཡན་ལག་ཁག་གི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་དྲ་ཐོག་བརྒྱུད་བསམ་ཤོག་བསྡུ་རུབ་གནང་ཡོད་པ་དང་བསམ་ཤོག་གི་རྒྱལ་ཁབ་གདམ་ཀའི་ཁོངས་སུ་རྒྱ་ནག་དང་བོད། ཐེ་ཝན། མེཀའོ། ཧོང་ཀོང་བཅས་ལོགས་སུ་བཀོད་ཡོད་སྟབས་རྒྱ་གཞུང་གིས་ Marriott མགྲོན་ཁང་ལ་སྐྱོན་བརྗོད་དང་སྦྲགས་ཏེ་བོད་ཞེས་པའི་འདམ་ག་དེ་ཕྱིར་འཐེན་བྱེད་དགོས་པར་ཉེན་བརྡ་བཏང་ཡོད། ཉེན་བརྡའི་རྐྱེན་གྱིས་ Marriott མགྲོན་ཁང་གི་སྤྱི་ཁྱབ་འགན་འཛིན་ནས་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་ཏེ་རྒྱ་གཞུང་ལ་དགོངས་སེལ་ཞུས་པ་མ་ཟད་མགྲོན་ཁང་གིས་རྒྱ་ནག་རྒྱལ་ཁབ་ཀྱི་ས་ཁོངས་བདག་དབང་དང་མངོན་འདོད་ལ་དོ་ཕོག་ཐེབས་གཞིའི་ལས་རིགས་སྤེལ་མཁན་གྱི་ཚོགས་སྒེར་སུ་ལའང་རྒྱབ་སྐྱོར་མེད་ཅེས་གསལ་བཤད་བྱས་ཡོད།

ཡོ་རོབ་རྒྱལ་ཁབ་བཅུ་བཞི་ནང་བོད་དོན་ཞུ་གཏུག་སྐོར་སྐྱོད་དབུ་འཛུགས།

བོད་མི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་རིང་མིན་ ༢༠༢༢ ལོར་རྒྱ་ནག་ཏུ་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་འབྲེལ། དེ་རིང་ཕྱི་ཚེས་ ༡༨ ཉིན་ཡོ་རོབ་རྒྱལ་ཁབ་ཕ་རན་སི་ནས་དབུ་འཛུགས་ཀྱིས་ཁྱོན་ཡོ་རོབ་རྒྱལ་ཁག་༡༤ ནང་བོད་དོན་ཞུ་གཏུག་སྐོར་སྐྱོད་དབུ་འཛུགས་གནང་ཡོད་སྟབས། རླུང་འཕྲིན་ཁང་ ནས་ཁོང་ལ་ཞལ་པར་བརྒྱུད་ཐེངས་འདིིའི་སྐོར་སྐྱོད་དང་འབྲེལ་བའི་བཅར་འདྲི་ཞུས་སྐབས་ཁོང་གིས་རྒྱ་ནག་ནང་སང་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་ནང་འཚོགས་ཚེ་བོད་མ་རིགས་ཙམ་མ་ཟད་འཛམ་གླིང་གི་འགྲོ་བ་མིའི་སྤྱིའི་ཁེ་ཕན་དང་ཞི་བདེར་ཉེན་ཚབས་ཆེན་པོ་ཆགས་ཡོད་པར་གསུངས་ཡོད།བོད་མི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་བོད་ནང་ཆེད་སྐྱོད་ཀྱིས་ས་གནས་བོད་མིར་བཅར་འདྲི་ཞུས་ཏེ་འཇིགས་བྲལ་ཞེས་པའི་དངོས་འབྱུང་གློག་བརྙན་བཟོ་སྐྲུན་གནང་བར་བརྟེན་རྒྱ་གཞུང་གིས་ཕྱི་ལོ་ ༢༠༠༨ ལོར་ཟིང་ཆ་སློང་བར་བརྒྱུད་སྐུལ་བྱས་པའི་ཉེས་མིང་འོག་ལོ་དྲུག་གི་རིང་བཙོན་འཇུག་ཁྲིམས་ཐག་བཅད་དེ། ཕྱི་ལོ་ ༢༠༡༤ ལོར་གློད་བཀྲོལ་བཏང་ཡོད་ཀྱང་འགྲོ་སྡོད་སྤྱོད་གསུམ་ལ་དམ་དྲག་ཆེན་པོ་བྱས་ཡོད་པ་རེད། ཕྱི་ལོ་ ༢༠༡༧ ལོར་ཁོང་ཨ་རིར་བྲོས་བྱོལ་དུ་ཕེབས་དགོས་བྱུང་ཡོད། དོན་གྲུབ་དབང་ཆེན་ལགས་ཀྱིས་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་ལ་འཚོགས་རྒྱུའི་ཆོག་མཆན་གནང་བ་དེས་ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་སྔར་ལྷག་གིས་དམ་དྲག་ཆེ་རུ་གཏོང་བཞིན་ཡོད་སྐོར་གསུངས་འདུགསྤྱིར་ཐེངས་འདིའི་བོད་མི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱི་ཡོ་རོབ་ཁུལ་གྱི་བོད་དོན་སྐོར་སྐྱོད་ཀྱི་ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ངོས་ནས་གཙོ་འགན་བཞེས་ཐོག་ས་གནས་སོ་སོ་ནང་གི་བོད་མི་དང་བོད་དོན་རྒྱབ་སྐྱོར་བའི་ཚོགས་པ་ཁག་ནས་རམ་འདེགས་འོག་གོ་སྒྲིག་ཞུས་པ་ཞིག་ཆགས་ཀྱི་འདུག་ཅིང། ད་ལན་བོད་དོན་སྐོར་སྐྱོད་ལས་འགུལ་དེའི་ཁྲོད་དོན་གྲུབ་དབང་ཆེན་ལགས་ཀྱིས་ཕ་རན་སི་དང་ནོར་ཝེ། སྦེལ་ཇམ། སུད་ཌན། ཇར་མི་ནི། དབྱིན་ཡུལ། ལི་ཐོ་ནི་ཡ། ཌན་མག། སུད་སི། ཨི་སི་ཀྲི་ཡ། ཅེཀ་སྤྱི་མཐུན་རྒྱལ་ཁབ། ཨེ་སི་ཏོ་ནི་ཡ། ལ་ཊི་ཝི་ཡ་བཅས་ཁྱོན་ཡོ་རོབ་རྒྱལ་ཁབ་བཅུ་བཞི་ནང་བོད་དོན་སྐོར་སྐྱོར་གནང་གི་ཡོད་པ་རེད། གཞི་རྩའི་དོན་གྲུབ་དབང་ཆེན་ལགས་ཀྱི་སྙིང་སྟོབས་ལ་ཆེད་བསྟོད་ཀྱིས་ད་བར་རྒྱལ་སྤྱིའི་གསར་འགོད་སྲུང་སྐྱོབ་ཚོགས་པའི་རྒྱལ་སྤྱིའི་རང་དབང་གསར་འགྱུར་གྱི་གཟེངས་རྟགས་དང་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ཐེབས་རྩ་ཁང་གིས་རྣམ་དཔྱོད་ལྡན་པའི་བརྩམས་ཆོས་སྒྱུ་རྩལ་གྱི་གཟེངས་རྟགས། དེ་བཞིན་ཇི་ནི་ཝའི་འགྲོ་བ་མིའི་ལྷན་ཚོགས་ཀྱི་སྙིང་སྟོབས་གཟེངས་རྟགས། རྒྱ་རིགས་མང་གཙོ་དོན་གཉེར་བའི་སྨྲ་བརྗོད་རང་དབང་གི་གཟེངས་རྟགས་བཅས་ཕུལ་ཡོད་པ་རེད།

ཨ་རིའི་གཞུང་འཛིན་གྱིས་རྒྱ་ནག་གི་གཙོ་བྱས་པའི་རྒྱལ་ཁབ་བཅུ་ཡིས་ཆོས་ལུགས་དད་མོས་རྡོག་རོལ་མངོན་གསལ།

ཁ་སང་ཨ་རིའི་གཞུང་འཛིན་ཚོགས་པའི་ངོས་ནས། རྒྱ་ནག་དང་པ་ཀི་སི་ཐན། དེ་བཞིན་ཨུ་རུ་སུ་སོགས་ཀྱི་མཚོན་པའི་རྒྱལ་ཁབ་བཅུ་ཡིས་ཁུལ་སོ་སོའི་ཡུལ་མི་རྣམས་ཀྱི་ཆོས་ལུགས་དད་མོས་ལ་ཚབས་ཆེན་གྱི་རྡོག་རོལ་གཏོང་གི་ཡོད་པར་ཡོངས་གྲགས་ཀྱིས། རྒྱལ་ཁབ་ཁག་ཅིག་ལྟ་ཞིབ་ཀྱི་མིང་གཞུང་ནང་དུ་བཅུག་སྟེ་ཨ་རིའི་ངོས་ནས་གནད་དོན་དེར་བློ་འཚབ་ཡོད་པར་བསྒྲགས་འདུག ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་ Blinken ལགས་ཀྱིས་གསར་འགོད་བསྒྲགས་གཏམ་སྤེལ་བའི་ནང་དུ། ཨ་རིའི་སྲིད་གཞུང་གི་ངོས་ནས་འགྲོ་བ་མིའི་རིགས་ཀྱི་ཆོས་ལུགས་དད་མོས་སྲུང་སྐྱོབ་ལ་ཡིད་ཆེས་བརྟན་པོ་ཡོད་པ་མ་ཟད། རྒྱལ་ཁབ་གང་ཞིག་གིས་ཡུལ་མིའི་ཆོས་ལུགས་དད་མོས་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་ཡིན་ན་དེར་རྒོལ་རྡུང་དང་སྲུང་སྐྱོབ་བྱེད་རྒྱུ་ཡིན་པར་བསྒྲགས་འདུག ཁོང་གིས་ད་དུང་རྒྱ་ནག་དང་པ་ཀི་སི་ཐན་གྱི་གཙོ་བྱས་པའི་རྒྱལ་ཁབ་བཅུ་ཡིས་ཆོས་ལུགས་དད་མོས་རང་དབང་ལ་རྡོག་རོལ་གཏོང་གི་ཡོད་པར་ཡོངས་གྲགས་ཀྱིས། དེང་དུས་ཀྱི་སྤྱི་ཚོགས་ཀྱི་ནང་དུ་ཆོས་ལུགས་དད་མོས་ལ་ལམ་ལུགས་དང་སྒྲོམ་གཞི་རང་བཞིན་གྱི་དཀའ་ངལ་འཕྲད་བཞིན་པ་དང་།  ཨ་རིའི་ངོས་ནས་རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་ཁུལ་སོ་སོའི་སྤྱི་ཚོགས་ནང་དུ་ཁྲིམས་སྒྲིག་གཞིར་བཞག་གིས་ཆོས་ལུགས་དད་མོས་ལ་འཕྲད་བཞིན་པའི་དཀའ་ངལ་དེར་སྔར་བཞིན་མུ་མཐུད་དུ་གདོང་ལེན་བྱེད་རྒྱུ་དང་། ཆོས་ལུགས་དད་མོས་ཀྱི་རང་དབང་ལ་རྡོག་རོལ་གཏོང་མཁན་རྣམས་རྒྱལ་ཁོངས་སོ་སོ་ནས་ཕྱི་གསལ་ནང་གསལ་སྒོ་ནས་འགན་ཁུར་ལན་འདེབས་བཟོ་ཐུབ་པ་ཞིག་དགོས་བར་སྐུལ་འདེད་གནང་རྒྱུ་ཡིན་པར་གསུངས་འདུག གཞན་ཡང་ཨ་རིའི་ངོས་ནས་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་སྤྱི་མང་གི་ཚོགས་པ་ཁག་ལ་མཉམ་འབྲེལ་རྒྱུན་འཛིན་གྱིས་ཆོས་ལུགས་ཀྱི་སྤྱི་ཚོགས་ཡོངས་ཀྱི་དད་མོས་རང་དབང་གི་གཙོ་བྱས་པའི་ཆོས་ལུགས་བྱེ་བྲག་པའི་ཚོགས་སྡེ་དང་མི་སྒེར་གྱི་དད་མོས་དང་འབྲེལ་བའི་དཀའ་ངལ་སྤྱི་དང་། གཞན་ཡང་བརྙས་བཅོས་དང་དབྱེ་འབྱེད་སོགས་ཀྱི་གནད་དོན་རྣམས་ལ་གདོང་ལེན་གྱིས་དེ་དག་གི་གནས་བབ་གོང་སྤེལ་བྱེད་རྒྱུ་ཡིན་པར་མངོན་གསལ་གནང་འདུགགཞི་རྩའི་ཨ་རིའི་ཕྱི་སྲིད་ལྷན་ཁང་ཁྱབ་ཁོངས་སུ་གཏོགས་པའི་་རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་ཆེས་མཐོའི་ལྷན་ཚོགས་ཀྱིས་ལོ་ལྟར་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཀྱི་ཆོས་ལུགས་དད་མོས་ཀྱི་རང་དབང་དང་འབྲེལ་ནས་གནས་ཚུལ་འཚོལ་སྡུད་ཀྱིས་དེར་འབྲེལ་གྱི་སྤྱི་ཡོངས་ཀྱི་གནས་བབ་ཕྱིར་བསྒྲགས་བྱེད་བཞིན་པའི་ཁྲོད། རྒྱ་ནག་ནི་ལོ་རྟག་པར་ཆོས་ལུགས་དད་མོས་རང་དབང་ལ་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཏུ་མིང་འདོན་གནང་གི་ཡོད་པ་ལྟར། འདི་ལོ་ཡང་རྒྱ་ནག་གིས་ཆོས་ལུགས་དད་མོས་ལ་རྡོག་རོལ་གཏོང་གི་ཡོད་པར་ཕྱིར་བསྒྲགས་ཀྱིས་ཨ་རིའི་ངོས་ནས་གནད་དོན་དེར་བློ་འཚབ་དང་གདོང་ལེན་བྱེད་རྒྱུ་ཡིན་པར་བསྒྲགས་ཡོད་པ་རེད། འདི་ལོའི་ཨ་རིའི་རྒྱལ་ས་ཝ་ཤིན་གྲོང་ཊི་སེ་ནང་དུ་རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་ཆེས་མཐོའི་ལྷན་ཚོགས་ཐེངས་དང་པོ་དེ་ཚོགས་ཡོད་པ་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ སྐབས་དེའི་ལྷན་ཚོགས་ལ་དྲ་ལམ་བརྒྱུད་ནས་གསུང་འཕྲིན་སྩལ་ཏེ། དེང་གི་དུས་སུ་འགྲོ་བ་མི་ཐེར་འབུམ་བདུན་པོ་གཅིག་གྱུར་གྱི་འདུ་ཤེས་ལྡན་པའི་ཐོག་ནས་ཕན་ཚུན་ལ་གུས་བརྩི་དང་གཅིག་ཕན་གཅིག་གྲོགས་གནང་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་། དེ་ལྟ་བུའི་འདུ་ཤེས་དེ་ནི་ཆོས་ལུགས་ཁས་མི་ལེན་མཁན་རྣམས་ལ་ཡང་ལྟོས་བཅོས་ཀྱིས་འབྲེལ་བ་ཆགས་ཡོད་པར་བཀའ་གནང་སྟེ། སྔ་མའི་དུས་སུ་ཆབ་སྲིད་ཀྱི་དགོས་མཁོ་དང་དབང་ཆ་འཐབ་རྩོད་ཀྱི་དབང་གིས་མི་རྣམས་ཀྱིས་ཆོས་ལུགས་ལོག་སྤྱོད་བྱས་ཏེ་ཆོས་ལུགས་རྗེས་འབྲངས་བ་ཕྱོགས་སོ་སོའི་བར་ལ་འཐབ་འཛིང་བྱུང་ཡོད་ཀྱང་། ད་ཆ་ང་ཚོའི་དེ་ལྟ་བུའི་འཁོན་འཛིན་གྱི་ལྟ་བ་དེ་ཡོངས་སུ་འདོར་དགོས་བའི་བཀའ་སློབ་ལམ་སྟོན་གནང་སྟེ། སྔོན་སོང་གི་ཉམས་མྱོང་གཞིར་བཞག་གིས་དེང་གི་དུས་སུ་ང་ཚོ་ཚང་མ་འཆམ་མཐུན་མཉམ་གནས་དང་མཉམ་ལས་ཡོང་པར་འབད་བརྩོན་གནང་དགོས་བའི་ལམ་སྟོན་མཛད་ཡོད་པ་རེད།

པེ་ཅིང་དགུན་དུས་ཨོ་རྩེད་ཐོག་ཨ་རིའི་ཕྱི་འབྲེལ་མི་སྣ་ཆེད་གཏོང་གནང་འཆར་མེད་པའི་གསལ་བསྒྲགས་གང་མགྱོགས་སྤེལ་རྒྱུ།  

འཆར་ལོའི་པེ་ཅིང་གི་དགུན་ཨོ་ལམ་པིག་རྩེད་འགྲན་འགོ་འཛུགས་བྱས་པར་ཟླ་བ་གསུམ་ལས་མེད་པའི་མཚམས་འདིར་ཨ་རིའི་སྲིད་འཛིན་སྐུ་ཞབས་ Joe Biden སྲིད་གཞུང་གིས་པེ་ཅིང་ཨོ་རྩལ་འགྲན་ཚོགས་སྐབས་ཨ་རིའི་ཕྱི་འབྲེལ་མི་སྣ་ཆེད་གཏོང་གནང་འཆར་མེད་པའི་སྐོར་གསལ་བསྒྲགས་ཤིག་གང་མགྱོགས་སྤེལ་འཆར་ཡོད་པའི་གནས་ཚུལ་འཐོན་བཞིན་འདུགཁ་སང་ཨ་རི་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་དབར་དྲ་ལམ་བརྒྱུད་གདོང་དང་གདོང་ཐུག་པའི་མཇལ་མོལ་ཐེངས་དང་པོ་དེ་གྲུབ་ནས་ཚོུད་ཁ་ཤས་རྗེས་སུ་ཨ་རིའི་ Washington Post གསར་ཤོག་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་ལམ་པིཀ་རྩེད་འགྲན་འགོ་འཛུགས་བྱ་རྒྱུར་དུས་ཡུན་ཟླ་བ་གསུམ་ལས་མེད་པའི་མཚམས་འདིར་ཨ་རིའི་སྲིད་འཛིན་ Joee Biden མཆོག་དང་ཨ་རིའི་གཞུང་འབྲེལ་མི་སུ་གཅིག་གི་ཀྱང་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ནང་ཚོགས་ཞུགས་གནང་གི་མེད་པ་དང་། ཨ་རིའི་ཕོ་བྲང་དཀར་པོའི་ངོས་ནས་མགྱོགས་མྱུར་དེའི་ཐད་གསལ་བསྒྲགས་ཤིག་སྤེལ་འཆར་ཡོད་པ་མ་ཟད། ཨ་རིའི་གཞུང་གིས་ཐག་གཅོད་དེ་ལྟར་གནང་དགོས་པའི་རྒྱུ་མཚན་ནི་རྒྱ་གཞུང་གིས་ཡུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནད་དོན་དང་འབྲེལ་བ་ཡོད་པ་ལས་དེས་ཨ་རིའི་རྩེད་འགྲན་པ་རྣམས་ལ་ཤུགས་རྐྱེན་གང་ཡང་ཐེབས་ཀྱི་མ་རེད་ཅེས་ནན་པོ་གསུངས་འདུགསྐུ་ཞབས་བྷ་ཌན་སྲིད་གཞུང་གིས་གཞུང་འབྲེལ་ཐོག་ནས་གོང་ཞུས་གནད་དོན་ཐད་ད་བར་ཡོངས་གྲགས་ཐོག་ནས་ཐག་གཅོད་གང་ཡང་གནང་མེད་ཀྱང་གཞུང་འབྲེལ་མི་སྣ་ཁག་གིས་སྲིད་འཛིན་མཆོག་ལ་དེ་འབྲེལ་སློབ་སྟོན་ཞུས་ཡོད་སྟབས་སྲིད་འཛིན་མཆོག་གིས་ཟླ་བ་འདིའི་ཟླ་མཇུག་གོང་དུ་མོས་མཐུན་གནང་རྒྱུ་ཡིན་ལུགས་གོང་ཞུས་གནས་ཚུལ་བྱུང་ཁུངས་ཁག་གིས་ངེས་གཏན་བཟོས་འདུགསྤྱིར་ཨ་རི་དང་རྒྱ་ནག་སྲིད་འཛིན་རྣམ་གཉིས་དབར་གྱི་ཐེངས་འདིའི་དྲ་ལམ་མཇལ་མོལ་དང་འབྲེལ། དཔྱད་ཞིབ་པ་ཁག་ཅིག་གིས་མཇལ་མོལ་དེའི་ཁྲོད་ཞི་ཅིན་ཕིང་གིས་སྲིད་འཛིན་བྷ་ཌན་མཆོག་ལ་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་གདན་འདྲེན་ཞུས་སྲིད་ལུགས་ཀྱི་གནས་ཚུལ་མང་པོ་ཐོན་པ་མ་ཟད། བོད་མི་དང་ཡུ་གུར་བ། ལྷོ་སོག་དེ་བཞིན་ཧོང་ཀོང་སོགས་ཀྱི་རང་དབང་རྩོད་ལེན་པ་ཚོས་སྲིད་འཛིན་བྷ་ཌན་མཆོག་ལ་རྒྱ་ནག་གི་གདན་ཞུར་ངོས་ལེན་གནང་རྒྱུ་མེད་པའི་ཞུ་སྐུལ་གནང་ཡོད་ཀྱང་འགོ་ཁྲིད་གཉིས་ཀྱི་དབར་དུས་ཡུན་ཚོུད་ ༣༌༣༠ རིང་གྲོས་མོལ་བྱས་སྐབས་དེ་འབྲེལ་གནད་དོན་གང་ཡང་གླེང་མེད་པ་རེད། བརྒྱུད་ལམ་ཁག་གི་ཐོག་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་གཞུང་གིས་ད་ལྟའི་ཆར་ཡུལ་དེའི་གཞུང་འབྲེལ་མི་སྣ་པེ་ཅིང་ཨོ་ལམ་པིཀ་རྩེད་འགྲན་གྱི་སྐབས་སུ་ཆེད་གཏོང་གནང་རྒྱུ་མིན་པའི་གནས་ཚུལ་གསལ་བསྒྲགས་གནང་འཆར་ཡོད་པ་དང་ཆབས་ཅིག གནད་དོན་དེའི་ཐད་ཨ་རིའི་གཞུང་གིས་རང་གི་མཐུན་ཕྱོགས་རྒྱལ་ཁབ་ཚོར་སྙན་སེང་ཞུ་རྒྱུ་ཡིན་པ་དེ་ལྟར་ཡང་མཐུན་ཕྱོགས་རྒྱལ་ཁབ་ཚོས་ཨ་རིའི་བཞེངས་ཕྱོགས་ལ་ཤར་བསྐྱོད་གནང་མིན་དེ་རྒྱལ་ཁབ་སོ་སོས་ཐག་གཅོད་གནང་དགོས་ཞེས་གསུངས་ཡོད་པ་རེད།གཞི་རྩའི་ཐེངས་འདིའི་ཨ་རི་དང་རྒྱ་ནག་གི་འགོ་ཁྲིད་རྣམ་གཉིས་དབར་གྱི་མཇལ་མོལ་དེའི་ཁྲོད། ཨ་རིའི་སྲིད་འཛིན་ Joe Biden མཆོག་གིས་ཨ་རིའི་ངོས་ནས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོས་བཞེས་གནང་གི་ཡོད་ཀྱང་། རྒྱ་གཞུང་གིས་ཐེ་ཝན་གྱི་གནད་དོན་དང་འབྲེལ་ནས་ཡུལ་དེའི་རྒྱལ་སྲུང་དང་ཞི་བདེར་རྡོག་རོལ་བཏང་བའི་བྱེད་བབ་ལ་ངོ་རྒོལ་དང་ཨ་རིའི་ངོས་ནས་ཐེ་ཝན་ལ་འཛིན་པའི་བཞེངས་ཕྱོགས་དེ་བརྟན་པོ་ཡིན་ལུགས་གསུངས་འདུག་ལ། ལྷག་པར་དུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ནས་བོད་དང་ཤིན་ཅང་། ཧོང་ཀོང་བཅས་ཀྱི་གནད་དོན་སྐོར་གླེང་སློང་གནང་ཡོད་པ་རེད། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ Twitter དྲ་ལམ་ཐོག་བོད་ནི་ཨ་རིར་ཐབས་བྱུས་ཐད་ཁེ་ཕན་ལྡན་པའི་གནད་དོན་ཞིག་ཡིན་སྐོར་འགྲེལ་བརྗོད་དང་འབྲེལ། ཨ་རིའི་སྲིད་འཛིན་མཆོག་གིས་ད་རེས་དབུ་ཁྲིད་རྣམ་གཉིས་དབར་གྱི་མཇལ་མོལ་ཐོག་རྒྱ་ནག་གི་སྲིད་འཛིན་ལ་བོད་ཀྱི་གནད་དོན་སྐོར་ཐད་ཀར་གླེང་བ་ནི་འོས་འཚམས་ཤིག་ཡིན་པ་དང་། སྲིད་འཛིན་མཆོག་གིས་དེ་སྔ་འོས་བསྡུའི་སྐབས་བོད་མིར་རྒྱབ་སྐྱོར་གྱི་ཞལ་བཞེས་ཁག་ཅིག་གནང་བ་བཞིན་ད་ཆ་སྲིད་འཛིན་མཆོག་གིས་ཞལ་བཞེས་དེ་དག་ཕྱག་བསྟར་གནང་སྟེ། ཨ་རི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་འཕྲལ་དུ་བསྐོ་གཞག་གནང་དགོས་པ་དང་ཨ་རི་གཞུང་གིས་བོད་ཐོག་གཏན་འབེབས་གནང་བའི་ཁྲིམས་གཞི་ཕྱག་བསྟར་དགོས་པར་མ་ཟད། རྒྱ་ནག་གཞུང་ལ་གནོན་ཤུགས་བརྒྱུད་༸གོང་ས་མ་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་ཀྱི་གནད་དོན་སེལ་ཐབས་ཀྱི་གྲོས་མོལ་གནང་ཐབས་སླད་འབད་དགོས་པའི་དགོས་འདུན་ཁག་ཅིག་བཏོན་ཡོད།  

དབྱིན་ཡུལ་གཞུང་གིས་རྒྱ་ནག་གི་ཆེད་བཟོ་བྱས་པའི་བརྙན་མིག་བེད་སྤྱོད་གཏོང་རྒྱུ་མཚམས་འཇོག་གི་ཞུ་སྐུལ།

Free Tibetཞེས་པའི་དབྱིན་ཡུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཞིབ་འཇུག་བྱས་པའི་གྲུབ་དོན་དུ་དབྱིན་ཡུལ་གཞུང་གི་འབྲེལ་ཡོད་སྡེ་ཚན་གསུམ་གྱིས་རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་Hikvision བཟོ་ལས་ཁང་གིས་ཆེད་བཟོས་བྱས་པའི་སོ་ལྟའི་བརྙན་མིག་བེད་སྤྱོད་གཏོང་བཞིན་ཡོད་པར་མངོན་གསལ་གནང་བ་དང་སྦྲགས། དབྱིན་ཡུལ་གཞུང་གིས་བརྙན་མིག་དེ་དག་འཕྲལ་དུ་ཕྱིར་འཐེན་གནང་དགོས་བའི་སྐུལ་མ་གནང་འདུག ཚོགས་པས་དེ་རིང་གནས་ཚུལ་དེ་དང་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ། དབྱིན་ཡུལ་གཞུང་གིས་བེད་སྤྱོད་གཏོང་བཞིན་པའི་སོ་ལྟའི་བརྙན་མིག་དེ་དག་ནི་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་མི་མང་ལ་དྲག་གནོན་བྱེད་རྒྱུར་བཀོལ་སྤྱོད་བྱེད་བཞིན་པའི་བརྙན་མིག་གི་རིགས་ཡིན་པར་གསལ་འགྲེལ་བྱས་འདུག ཚོགས་པ་དེས་ཡུལ་དེའི་ནང་བརྡ་འཕྲིན་རང་དབང་བེད་སྤྱོད་དང་འབྲེལ་ནས་གནས་ཚུལ་རྒྱུས་ལོན་བྱས་སྐབས། དབྱིན་ཡུལ་གྱི་འཕྲོད་བསྟེན་ལས་ཁུངས་དང་སྤྱི་ཚོགས་ཀྱི་བདེ་དོན་དང་རྒན་ཡོལ་གླ་དངུལ་སོགས་དང་འབྲེལ་བའི་སྡེ་ཚན། གཞན་ཡང་ཁྲིམས་ཁང་སོགས་ཀྱིས་རྒྱ་ནག་གིས་ཆེད་བཟོ་བྱས་པའི་བརྙན་མིག་དེ་དག་རིགས་བེད་སྤྱོད་གཏོང་བཞིན་པ་ར་སྤྲོད་བྱུང་སྐོར་གསུངས་བ་དང་འབྲེལ། རྒྱ་ནག་གིས་བཟོ་སྐྲུན་བྱས་པའི་བརྙན་མིག་དེ་དག་བེད་སྤྱོད་བྱེད་མཚམས་འཇོག་དགོས་བར་སྐུལ་མ་གནང་བ་མ་ཟད། བརྙན་མིག་དེ་དག་བེད་སྤྱོད་བྱས་པ་ཡིན་ན། བདེ་འཇགས་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་རྒྱ་ནག་གི་ནང་དུ་རྟེན་གཞི་བྱས་པའི་གློག་ཀླད་དུ་བརྒྱུད་སྤྲོད་བྱེད་བཞིན་ཡོད་པའི་ཉེན་བརྡ་བཏང་འདུག དེ་ཙམ་མ་ཟད། དབྱིན་ཡུལ་གྱི་བདེ་སྲུང་ལྷན་ཁང་གིས་ཡུལ་དེའི་གཞུང་ལ་རྒྱ་ནག་གི་Hikvision བཟོ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་བརྙན་མིག་དག་བེད་སྤྱོད་མི་བྱེད་རྒྱུའི་སྐུལ་མ་ཞུས་ཡོད་པའང་ར་སྤྲོད་བྱུང་བར་འགྲེལ་བརྗོད་དང་འབྲེལ། དབྱིན་ཡུལ་གཞུང་གི་ལས་ཁུངས་ཁག་ནས་བདེ་སྲུང་ལྷན་ཁང་གི་བཀའ་རྒྱ་ལ་རྩིས་མེད་བཏང་ཡོད་པ་གསལ་པོ་ཡིན་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་དེའི་ངོས་ནས་བདེ་སྲུང་ལྷན་ཁང་དང་འཛིན་སྐྱོང་སྡེ་ཁག་ལ་གནད་དོན་དེའི་སྐོར་ནས་བཀའ་འདྲི་ཞུས་ཀྱང་། དེའི་སྐོར་གནས་ཚུལ་གང་ཡང་མཁོ་སྤྲོད་གནང་མེད་པ་རེད་འདུག བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་ནག་གི Hikvision བཟོ་ལས་ཁང་གིས་བོད་ནང་དང་ཡུ་གུར་ཁ་ཆེ་མི་མང་བཀག་སྐྱིལ་ཁང་དུ་གསང་ཞིབ་དང་འབྲེལ་བའི་གནས་ཚུལ་འཚོལ་ཞིབ་ཀྱི་ལག་ཆ་མཁོ་སྤྲོད་གནང་གི་ཡོད་པ་མངོན་གསལ་གྱིས། དབྱིན་ཡུལ་མི་མང་གིས་གཞུང་ལ་ཁྲལ་སྤྲད་པ་དེ་དག་སྲིད་གཞུང་གིས་Hikvision བཟོ་ལས་ཁང་གི་ཐོན་སྐྱེད་ཅ་དངོས་ཉོ་བར་བཏང་བ་ཡིན་ན། དོན་དུ་བོད་དང་ཤིན་ཅང་གི་ནང་དུ་དྲག་གནོན་བྱེད་རྒྱུར་རམ་འདེགས་བྱས་པ་དང་གཅིག་མཚུངས་ཡིན་པར་བསྒྲགས་ཏེ། Hikvision བཟོ་ལས་ཁང་གི་ཡོངས་འབབ་ཀྱི་བརྒྱ་ཆ་ ༤༢ ལྷག་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་བདག་གི་ཡོད་པར་ཡོངས་གྲགས་གནང་འདུག Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པས་དེར་འབྲེལ་དབྱིན་ཡུལ་གཞུང་གི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་ལ་རེ་སྐུལ་གནང་སྟེ། དབྱིན་ཡུལ་གཞུང་གིས་རྒྱ་ནག་གི་ Hikvision བཟོ་ལས་ཁང་གིས་བཟོ་སྐྲུན་བྱས་པའི་ཅ་དངོས་རྣམས་དབྱིན་ཡུལ་ནང་ངེས་པར་དུ་བཀག་སྡོམ་བྱས་ཏེ། རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ཁག་ལ་དྲག་གནོན་བྱེད་བཞིན་པ་དེར་དབྱིན་ཡུལ་ངོས་ནས་མ་དངུལ་གྱི་རོགས་འདེགས་བྱེད་རྒྱུ་དེ་མཚམས་འཇོག་དགོས་བར་སྐུལ་མ་གནང་འདུག བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲིལ་བསྒྲགས་དང་ཞིབ་འཇུག་འགན་འཛིན་ John Jones ལགས་ཀྱིས། དབྱིན་ཡུལ་གཞུང་གིས་རྒྱ་ནག་གི་Hikvision བཟོ་ལས་ཁང་ལ་མཐུན་འགྱུར་གནང་བ་དེ་ཡིས་ཕྱོགས་གཅིག་ནས་རྒྱ་ནག་གིས་བོད་མི་དང་ཡུ་གུར་ཁ་ཆེ་མི་མང་ལ་དྲག་གནོན་བྱེད་རྒྱུར་རྒྱབ་སྐྱོར་བྱས་བ་ཞིག་དང་། ཕྱོགས་གཞན་ཞིག་ནས་དབྱིན་ཡུལ་མི་མང་གི་བདེ་འཇགས་སྣང་མེད་ཀྱིས་ཉེན་ཁ་བཟོས་བ་ཞིག་ཡིན་པར་མངོན་གསལ་གྱིས། དབྱིན་གཞུང་གི་སྲིད་བློན་གྱིས་རྒྱ་ནག་གི་Hikvision བཟོ་ལས་ཁང་གི་ཅ་དངོས་ཉོ་ཚོང་བྱེད་རྒྱུ་མཚམས་འཇོག་དགོས་བ་མ་ཟད། དབྱིན་ཡུལ་ནང་དུ་བེད་སྤྱོད་གཏོང་བཞིན་པའི་ Hikvision བཟོ་ཚོང་ཁང་གི་སོ་ལྟའི་བརྙན་མིག་རྣམས་འཕྲལ་དུ་ཕྱིར་བསྡུ་བྱེད་རྒྱུའི་སྐུལ་མ་གནང་འདུག

ཨ་རྒྱ་གཉིས་ཀྱི་སྲིད་འཛིན་དབར་དྲྭ་ལམ་བརྒྱུད་གདོང་ཐུག་གི་ཚོགས་འདུ་ཐེངས་དང་པོ། 

ཁ་སང་ཕྱི་ཚེས་ ༡༥ ཉིན་གྱི་ཕྱི་དྲོར་ཨ་རིའི་སྲིད་འཛིན་བྷ་ཌན་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་དྲྭ་ལམ་བརྒྱུད་གདོང་དང་གདོང་ཐུག་པའི་ཚོགས་འདུ་ཐེངས་དང་པོ་དེ་བསྐོང་ཚོགས་བྱས་ཡོད་པ་དང་། ཚོགས་འདུ་ཐོག་སྲིད་འཛིན་བྷ་ཌན་མཆོག་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ནས་བོད་དང་ཤིན་ཅང་། ཧོང་ཀོང་སོགས་ཀྱི་གནད་དོན་གླེང་སློང་གནང་འདུག་ར་མ་ཟད་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ནས་འགྲན་བསྡུར་ཆེ་བའི་རྒྱལ་ཁབ་གཉིས་ཀྱི་གནད་དོན་དེ་རྙོག་གླེང་གི་ངོ་བོར་མི་གྱུར་བར་འབད་གལ་ཡིན་པར་གསུངས་འདུགབརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་ཁ་སང་གི་ཚོགས་འདུ་ཐོག་སྲིད་འཛིན་གཉིས་ཀྱི་དབར་རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་དང་གནམ་གཤིས་འགྱུར་ལྡོག རྒྱལ་ཁབ་བདེ་འཇགས་སོགས་ཀྱི་སྐོར་ལ་གྲོས་བསྡུར་གནང་ཡོད་པ་དང་དེ་བཞིན་སྲིད་འཛིན་བྷ་ཌན་མཆོག་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོས་བཞེས་གནང་ཡོད་ཀྱང་། རྒྱ་གཞུང་གིས་ཐེ་ཝན་གྱི་གནད་དོན་དང་འབྲེལ་ནས་ཡུལ་དེའི་རྒྱས་སྲུང་དང་ཞི་བདེར་རྡོག་རོལ་བཏང་བའི་བྱེད་བབ་ལ་ངོ་རྒོལ་དང་ཨ་རིའི་ངོས་ནས་ཐེ་ཝན་ལ་འཛིན་པའི་བཞེངས་ཕྱོགས་དེ་བརྟན་པོ་ཡིན་ལུགས་གསུངས་འདུག་ལ། ལྷག་པར་དུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ནས་བོད་དང་ཤིན་ཅང་། ཧོང་ཀོང་བཅས་ཀྱི་གནད་དོན་སྐོར་གླེང་སློང་གནང་ཡོད་སྐོར་བཀོད་པ་ལས་ཞིབ་ཕྲ་མངོན་གསལ་གང་ཡང་གནང་མི་འདུག  སྲིད་འཛིན་བྷ་ཌན་མཆོག་གིས་རྒྱ་ནག་གཞུང་གི་དྲང་བདེན་མེད་པའི་ཚོང་འབྲེལ་གྱི་གནད་དོན་དང་འབྲེལ་ཏེ་རྒྱ་ནག་གི་བཟོ་ལས་ཁང་དུ་ངལ་རྩོལ་ལ་ཞོལ་བཞིན་པའི་ཨ་རི་བ་རྣམས་ངེས་པར་དུ་སྲུང་སྐྱོབ་གནང་དགོས་པ་དང་གནམ་གཤིས་འགྱུར་ལྡོག་གྱི་གནད་དོན་དང་འབྲེལ་ཨ་རྒྱ་གཉིས་ཀྱི་འགན་འཁྲི་ཅི་ཞིག་ཡོད་མེད་སོགས་ཀྱི་སྐོར་ལ་གླེང་སློང་བྱས་ཡོད་པ་རེད།སྐབས་དེར་སྲིད་འཛིན་ཞི་ཅིན་ཕིང་གིས་ཨ་རིའི་ངོས་ནས་རྒྱ་ནག་གི་བཟོ་ཚོང་ཁང་དང་འབྲེལ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཐེད་བྱུས་གནང་མཚམས་འཇོག་དགོས་པར་མ་ཟད་ཨ་རིས་ཐེ་ཝན་གྱི་གནད་དོན་ལ་ཐེ་་བྱུས་གནང་བ་ནི་མེའི་ནང་རྩེད་མོ་རྩེད་པ་ལྟ་བུ་ལས་མཐར་མེའི་ནང་དུ་རང་ཉིད་འཆི་ངེས་ལས་གང་ཡང་མེད་པར་བཤད་པ་དང་ཆབས་ཅིག་ཏུ་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་བཟང་དུ་གཏང་སླད་མཉམ་རུབ་ཀྱི་སྒོ་ནས་ཕྱག་ལས་གནང་གལ་ཡིན་པར་བརྗོད་འདུགསྲིད་འཛིན་གཉིས་ཀྱི་ཚོགས་འདུ་དང་འབྲེལ་ནས་ BBC གསར་ཁང་གི་རྒྱ་ནག་ཁུལ་གྱི་གསར་འགོད་པ་ Stephen McDonell ལགས་ཀྱིས་ཚོགས་འདུ་དེ་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་ལམ་དེ་བར་སྐབས་ཤིག་ལ་ཇེ་ཞན་ཇེ་སྡུག་དུ་འགྲོ་ཡོད་པའི་རྣམ་པ་ཞིག་ཡིན་པ་དང་ད་ཐེངས་སྲིད་འཛིན་གཉིས་ཀྱིས་ཚོགས་འདུ་སྐྱོང་སྟངས་ཀྱི་གནས་བབ་དང་བཀའ་བསྡུར་གནང་སའི་གནད་དོན་ལ་གཞིགས་ཚེ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་དང་སྟོབས་ཆེན་རྒྱལ་ཁབ་གཉིས་དབར་དམག་གི་གླེང་གཞི་སོགས་མ་ཡོང་བའི་སྔོན་ཚུད་ནས་གྲོས་མོལ་གྱི་ལམ་ནས་མཉམ་རུབ་གནང་ཐབས་སོགས་དགའ་སྤོབས་གནང་འོས་ཡིན་པར་བརྗོད་འདུགགཞི་རྩའི་སྲིད་འཛིན་བྷ་ཌན་མཆོག་གིས་ཨ་རི་སྲིད་འཛིན་གྱི་ལས་འཁུར་ཞུས་པ་ནས་བཟུང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་མཉམ་དུ་ཐེངས་གཉིས་ཙམ་བཀའ་མོལ་བྱུང་བའི་ཁྲོད་ཐེངས་དང་པོ་དེ་ཕྱི་ཟླ་ ༢ ནང་ཆུ་ཚོད་གཉིས་ཙམ་གྱི་རིང་ཡིག་འབྲེལ་གནང་ཡོད་པ་དང་། ཕྱི་ཟླ་ ༩ ནང་ཁ་པར་བརྒྱུད་སྐར་མ་དགུ་བཅུ་ཙམ་གྱི་རིང་བཀའ་མོལ་གནང་ཡོད་པ་རེད། ཁ་སང་གི་མཇལ་མོལ་དེ་ནི་སྲིད་འཛིན་གཉིས་ཀྱི་དབར་ལ་དྲྭ་ལམ་བརྒྱུད་གདོང་དང་གདོང་ཐུག་པའི་མཇལ་མོལ་དང་པོ་དེ་ཆགས་ཀྱི་ཡོད་སྟབས། རེས་གཟའ་ཉི་མའི་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ཕོ་བྲང་དཀར་པོའི་མདུན་ཐང་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོས་ཡུ་གུར་བ་དང་ཧོང་ཀོང་བ་བཅས་ཀྱིས་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་། ཧོང་ཀོང་བཅས་ཀྱི་གཞི་རྩའི་འགྲོ་བ་མིའ་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་རྣམས་མཚམས་འཇོག་བྱ་སླད་སྲིད་འཛིན་བྷ་ཌན་མཆོག་གིས་ཚོགས་འདུ་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ངེས་པར་དུ་གླེང་སློང་གནང་དགོས་པ་དང་། ཅི་སྟེ་ཞི་ཅིན་ཕིང་དང་རྒྱ་ནག་གཞུང་ནས་ ༢༠༢༢ ལོའི་ཨོ་རྩེད་འགྲན་བསྡུར་ཐོག་གཞུང་འབྲེལ་གྱི་མགྲོན་འབོད་གནང་ཚེ་ངོས་བཞེས་གནང་རྒྱུ་མེད་པ་མ་ཟད། རྒྱལ་ཚབ་ཀྱི་མི་སྣའང་ཆེད་གཏོང་གནང་རྒྱུ་མེད་པ་སོགས་ཀྱི་དགོས་མདུན་དོན་ཚན་དྲུག་ཆེད་འདོན་གནང་ཡོད་པ་ལྟར། ཤེས་རྟོགས་བྱུང་བར་གཞིགས་ན་སྲིད་འཛིན་གཉིས་ཀྱི་དབར་ལ་ ༢༠༢༢ ལོའི་ཨོ་རྩེད་འགྲན་བསྡུར་སྐོར་གྱི་གནད་དོན་རིགས་བྱུང་མེད་པ་རེད།

Latest news