རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་པས་བོད་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་ལམ་སྲོལ་རྩ་མེད་གཏང་བའི་སེམས་འཚབ་བཟོ་བཞིན་པ་མངོན་གསལ།

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཁ་སང་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་བརྒྱུད། རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༣ པའི་ཚོགས་འདུའི་ཐོག་གཏན་འབེབས་དང་ཕྱི་ཟླ་ ༧ པའི་ཚེས་ ༡ ནས་ལག་བསྟར་བྱས་འགོ་བཙུགས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་གསར་པ་དེས་རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་དང་རྒྱ་མི་རིགས་ཀྱི་ངོ་བོ་གཙོ་བོར་འཛིན་པའི་སྲིད་བྱུས་ལ་ཁྲིམས་ཐོག་ནས་གཞི་འཛིན་ས་བཟོས་ཡོད་སྟབས།  དེས་བོད་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་ལམ་སྲོལ་རྩ་མེད་གཏང་ཉེན་གྱི་སེམས་འཚབ་གསར་པ་བཟོ་བཞིན་པ་མངོན་གསལ་གནང་འདུག

China’s Ethnic Unity Law raises renewed concerns over the future of Tibetan-language and cultural education: New Report

དེ་ཡང་ཁ་སང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་དྲྭ་གནས་ཐོག་བོད་ནང་དུ་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་པ་དེ་ལག་བསྟར་དང་འབྲེལ་བའི་གནས་སྟངས་སྐོར་སྙན་ཐོ་འདོན་སྤེལ་གནང་བ་དེའི་ནང་དུ། ཁྲིམས་ཡིག་དེའི་ནང་རིམ་ཁག་སློབ་གྲྭ་དང་ཤེས་ཡོན་ཁྱབ་ཁོངས་ནང་རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་དེ་སློབ་ཁྲིད་ཀྱི་རྩ་འཛིན་དུ་གཏན་འཁེལ་བྱས་པ་མ་ཟད།  སློབ་གྲྭ་ཁག་གི་ཤེས་ཡོན་སློབ་གསོའི་ལམ་སྲོལ་ནང་རྒྱ་མི་རིགས་ཀྱི་འདུ་ཤེས་དང་རྒྱལ་ཁབ་གཅིག་གྱུར་གྱི་སློབ་དེབ་བེད་སྤྱོད་བྱེད་དགོས་པ་གཏན་འབེབས་བྱས་ཡོད་འདུག་ལ། ཁྲིམས་ཡིག་དེས་བོད་དང་གྲངས་ཉུང་མི་རིགས་གཞན་དག་གི་ཁྲོད་དུ་ཤེས་ཡོན་ནི་རྒྱལ་ཁབ་གཅིག་གྱུར་གྱི་ངོ་བོ་སྲ་བརྟན་དུ་གཏོང་བའི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་བཟོས་ཡོད་པ་ཐེར་འདོན་གནང་འདུག

ལྷག་པར་དུ་ཁྲིམས་དེའི་དོན་ཚན་བཅོ་ལྔ་པའི་ནང་སློབ་གྲྭ་ཚང་མས་རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་དེ་སློབ་གསོ་སློབ་ཁྲིད་ཀྱི་གཙོ་བོར་འཇོག་དགོས་པ་དང་།  དེ་བཞིན་བུ་བཅོལ་ཁང་གི་བྱིས་པ་ཚོས་ཀྱང་རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་སློབ་སྦྱོང་དང་། འོས་འགན་སློབ་གསོའི་འགྲིམས་པའི་སློབ་མ་ཚོས་གཞི་རྩའི་ཆ་ནས་རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་རང་རྐྱ་འཕེར་དགོས་པ་གཏན་འབེབས་བྱས་ཡོད་པ་འཁོད་ཡོད་པ་དང་། དོན་ཚན་བཅུ་དྲུག་པའི་ནང་སློབ་གྲྭ་དང་ཤེས་ཡོན་སྡེ་ཚན་གྱིས་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་མི་རིགས་མཉམ་འདྲེས་ཀྱི་འདུ་ཤེས་བསྐྲུན་དགོས་པ་དང་།  དེ་ཡང་འཛིན་གྲྭའི་ནང་གི་སློབ་ཁྲིད་དང་། སྤྱི་ཚོགས་ཀྱི་ལག་ལེན། དེ་བཞིན་གཙོ་གནད་སློབ་གསོ་དང་དྲྭ་ཐོག་སློབ་གསོ།  དེའི་ནང་ད་དུང་རྒྱལ་ཁབ་གཅིག་གྱུར་གྱི་སློབ་དེབ་བེད་སྤྱོད་བྱ་རྒྱུ་བཅས་ཚུད་ཡོད་པ་དང་། སློབ་གསོའི་ལས་ཁུངས་ཀྱིས་སློབ་དེབ་རྩོམ་སྒྲིག་དང་ཞིབ་བཤེར་གྱི་འགན་འཁྲི་འཁུར་དགོས་པ་མ་ཟད།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བསྐྲུན་རྒྱུའི་སློབ་གཞི་རྩོམ་སྒྲིག་དགོས་པའི་ནན་བརྗོད་བྱས་ཡོད་པར་བརྟེན།  ཁྲིམས་ཡིག་དེ་ནི་རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་ཁྱབ་གདལ་གཏོང་རྒྱུའི་ས་མཚམས་ལས་བརྒལ་ཏེ། སྐད་ཡིག་དང་། སློབ་ཚན། རྒྱལ་ཁབ་ཀྱི་ངོ་བོ་བཅས་ཤེས་ཡོན་གྱི་ཁྲིམས་ཡིག་ནང་བཅུག་ཡོད་པ་གསུངས་འདུག

དེའི་ཁྲོད་བོད་ནང་དུ་འབྲེལ་ཡོད་ལས་ཁུངས་ཁག་གིས་གཏན་འབེབས་དེ་དག་དང་འབྲེལ་བའི་ཤེས་ཡོན་གྱི་ལས་འགུལ་སྤེལ་འགོ་ཚུགས་པའི་ཁྲོད། ཟླ་བ་འདིའི་ཚེས་ ༡༢ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་གསར་འགྱུར་གཞུང་ལས་ཁང་ཟེར་བས་གསར་འགོད་ལྷན་ཚོགས་ཤིག་སྐོང་འཚོགས་བྱས་པའི་ཐོག་བོད་རང་སྐྱོང་ལྗོངས་སློབ་གསོའི་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ལི་ཇེ་ཡིས་རྒྱ་ནག་ལ་དགའ་ཞེན་གྱི་ས་བོན་འདེབས་པའི་ལས་འགུལ་གཏིང་ཟབ་སྤེལ་རྒྱུ་ཡིན་པ་ནན་བརྗོད་བྱས་པ་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་ཚན་དེ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་།  ཐ་ན་བུ་བཅོལ་ཁང་ནང་དུའང་ཁྱབ་གདལ་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་པ། དེ་བཞིན་མི་རིགས་ཁག་གི་དགེ་སློབ་བར་ཕན་ཚུན་མཉམ་འདྲེས་དང་མཉམ་འདུས་ཀྱི་བྱེད་སྒོ་སྤེལ་དགོས་པ་དང་། རྒྱལ་ཁབ་གཅིག་གྱུར་གྱི་ངོ་བོ་དང་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ལ་ཤུགས་སྣོན་དང་སློབ་དེབ་གསར་རྩོམ་དང་སློབ་གྲྭ་ཁག་ཏུ་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གཏིང་ཟབ་སྤེལ་དགོས་པའི་ནན་བརྗོད་བྱས་ཡོད་པ་རེད་འདུག

China’s Ethnic Unity Law raises renewed concerns over the future of Tibetan-language and cultural education: New Report

འདི་ཚེས་ ༡༢ ཉིན་གྱི་གསར་འགོད་ལྷན་ཚོགས་ཐོག་གཞན་ཡང་ད་དུང་། བོད་པའི་བྱིས་པ་ཚོར་ཆུང་དུས་ནས་རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་སྦྱང་ཤེས་དང་རྒྱ་མི་རིགས་ཀྱི་ངོ་བོ་གཙོ་བོར་འཛིན་རྒྱུའི་སློབ་གསོ་སྤེལ་རྒྱུ་དང་འབྲེལ་ནས་སྔོན་འགྲོ་ནས་སློབ་གྲྭ་ཆེན་མོ་བར་གྱི་རིམ་པ་ཁག་གི་སློབ་གྲྭར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྐོར་གྱི་སློབ་དེབ་རྩོམ་སྒྲིག་བྱེད་བཞིན་ཡོད་པ་དང་།  སློབ་དེབ་དེ་དག་གི་ཁོངས་སུ་སྔོན་འགྲོའི་སློབ་གྲྭའི་ནང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ཟེར་བ་དང་། སློབ་ཆུང་ནང་དུ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོ་ཟེར་བ།སློབ་འབྲིང་ནང་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་མོ་ཟེར་བ།  དེ་བཞིན་སློབ་གྲྭ་ཆེན་མོའི་ནང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཞུང་ལུགས་ཟེར་བ་བཅས་གཏན་འབེབས་བྱེད་དགོས་པའི་ཐག་གཅོད་ལག་བསྟར་བྱེད་བཞིན་ཡོད་པ་རེད་འདུག

ཁྲིམས་ཡིག་དེ་དངོས་སུ་ལག་བསྟར་བྱས་ཏེ་བདུན་ཕྲག་གཉིས་ཙམ་སོང་རྗེས་ཀྱི་ཕྱི་ཟླ་ ༧ པའི་ཚེས་ ༡༥ ཉིན་གཞིས་བཞུགས་བོད་མི་ཞིག་གིས་ལྟེ་གནས་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བའི་ནང་དུ། བོད་མཚོ་སྔོན་དང་ ཟི་ཁྲོན།  དེ་བཞིན་ཀན་སུའུ་ཞིང་ཆེན་བཅས་ཀྱི་ནང་བོད་ཡིག་སློབ་དེབ་གསར་པ་རྩོམ་སྒྲིག་བྱེད་བཞིན་ཡོད་པ་དང་། སློབ་དེབ་དེ་དག་གི་ནང་སྙན་ངག་མེ་ལོང་དང་། ཆུ་ཤིང་བསྟན་བཅོས། དེ་བཞིན་གུང་ཐང་བསྟན་པའི་སྒྲོན་མེས་བརྩམས་པའི་ཉམས་མྱོང་རྒན་པོའི་འབེལ་གཏམ་སོགས་བོད་ཀྱི་སྲོལ་རྒྱུན་གྱི་རྩོམ་རིག་དང་བརྩམས་ཆོས་མང་པོ་ཕྱིར་འཐེན་བྱས་ཡོད་པ་མ་ཟད། སློབ་དེབ་གསར་པ་དེ་དག་གི་ནང་བོད་ཀྱི་རིག་གཞུང་གི་ནང་དོན་མེད་པའམ་ཡང་ན་ཧ་ཅང་ཉུང་ཉུང་ཡིན་པར་བརྟེན་བོད་ཕྲུག་ཚོས་སོ་སོའི་མི་རིགས་ཀྱི་རིག་གཞུང་ལ་རྒྱུུས་ལོན་དང་གོ་རྟོགས་ཧ་ཅང་ཞན་པོ་ཆག་རྒྱུའི་ཐུགས་འཚབ་འགྲེལ་བརྗོད་གནང་ཡོད་འདུག

འདི་གའི་གསར་འགོད་པས་དེ་རིང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་སུ་སྙན་ཐོ་དེའི་སྐོར་བཀའ་འདྲི་ཞུ་སྐབས་ཁོང་གིས། ཉེ་ཆར་ཚེས་ ༡༢ ཉིན་གྱི་གསར་འགོད་ལྷན་ཚོགས་དེའི་ཐོག་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ཙམ་མ་ཟད། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་རྒྱུ་བཅས་ཀྱི་ཐད་ནས་ལས་གཞི་གསར་པ་མང་པོ་ཞིག་དང་། ལྷག་པར་དུ་བོད་ནང་དུ་བྱིས་པ་ལོ་ ༢།༣ ཙམ་ནས་གཞུང་གིས་བུ་བཅོལ་ཁང་ནང་བཅུག་དགོས་པའི་ཁྲིམས་བཟོ་རྒྱུ་ཡིན་ཚུལ་སོགས། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་འདིའི་འོག་ནས་ཁྲིམས་གསར་པ་མང་པོ་ཞིག་བཟོ་འཆར་ཡོད་པའི་རྣམ་པ་མངོན་རྒྱུ་ཡོད་པར་སེམས་འཚབ་ཀྱི་གནད་དོན་ཞིག་ཡིན་པ་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།