རྒྱ་གཞུང་གི་འགོ་ཁྲིད་ལ་སྐྱོན་བརྗོད་བྱས་རྐྱེན་མི་ལོ་ ༦ གི་བཙོན་འཇུག་ཁྲིམས་ཆད་མྱོང་མཁན་ Cheng Yuanjun གྱིས་ཁ་སང་ཐེ་ཝན་གཞུང་ལ་སྐྱབས་བཅོལ་གྱི་གནས་བབ་ཞུས་འདུག

དེ་ཡང་སྔོན་ཆད་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ CCTV ཡི་བཅར་འདྲི་ལེ་ཚན་གཙོ་སྐྱོང་བྱས་མྱོང་མཁན་དང་། Law and Life ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་འགན་འཛིན་བྱས་མྱོང་མཁན་ Cheng Yuanjun གྱིས་རང་གི་སྤྱི་ཚོགས་དྲ་ལམ་ X ཐོག་དེ་འབྲེལ་བརྙན་ཐུང་ཞིག་སྤེལ་བའི་ནང་། ཁོང་ནས་དེ་སྔ་ཕྱི་ལོ་ ༢༠༡༩ ལོར་གཞུང་ཕྱོགས་ལས་ཁུངས་ཤིག་གི་ནང་མོལ་ཚོགས་འདུའི་ཐོག་རྒྱ་གཞུང་གི་འགོ་ཁྲིད་ཁག་གཅིག་ལ་སྐྱོན་བརྗོད་དང་འབྲེལ། ཁོང་ཚོའི་བྱ་སྤྱོད་རྐྱེན་པས་རྒྱལ་ཁབ་ཉམས་རྒུད་དུ་བཏང་བའི་སྐོར་གླེང་བའི་བརྙན་ཐུང་ཞིག་ཕྱི་གྱར་བྱུང་རྗེས། ལོ་དེའི་ཕྱི་ཟླ་ ༡༡ ནང་རྒྱ་ནག་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཏེ། ཚོང་ལས་ཁྲིམས་འགལ་གྱི་ཉེས་འཛུགས་འོག་མི་ལོ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མངོན་གསལ་གནང་བ་དང་ཆབས་ཅིག །སྔ་ལོར་བཙོན་ཁང་ནས་གློད་གྲོལ་ཐོབ་པ་ནས་བཟུང་ཁོང་ Thailand ནང་གནས་སྤོས་བྱས་ནས་བསྡད་ཡོད་ཀྱང་། ཐའེ་ལན་ཌི་གཞུང་གིས་སྔོན་ཆད་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་སྤྱི་དམངས་ཐོབ་ཐང་རྩོད་ལེན་པ་ཁག་གཅིག་རྒྱ་ནག་ལ་ཕྱིར་སྤྲོད་བྱས་པ་ལྟར། རང་ཉིད་ཀྱང་རྒྱ་ནག་ལ་ཕྱིར་སྤྲོད་བྱེད་སྲིད་པའི་ཞེད་སྣང་གིས། ད་རེས་ཐེ་ཝན་གཞུང་ལ་གནས་སྐབས་ཀྱི་སྐྱབས་བཅོལ་ཞུས་ཡོད་པ་འགྲེལ་རྗོད་གནང་འདུག
ཁོང་གིས་ད་དུང་བཙོན་ཁང་ནང་བཀག་ཉར་བྱས་རིང་། ཁོང་ནས་ An Unyielding Free Spirit: The Confession of a Chinese Political Prisoner འམ་རྒྱ་ནག་གི་ཆབ་སྲིད་བཙོན་ཟུར་ཞིག་གི་མ་ཞུམ་པའི་རང་དབང་གླེང་བ། ཞེས་པའི་དཔེ་དེབ་ཀྱི་མ་ཡིག་བྲིས་པ་དང་། དཔེ་དེབ་དེ་ཉིད་སྔ་ལོའི་ཕྱི་ཟླ་ ༡༡ པར་རང་དབང་རྒྱ་ཡིག་དྲྭ་རྒྱའི་དུས་དེབ་ Yi Bao ཞེས་པས་དཔར་སྐྲུན་གནང་ཡོད་པ་མ་ཟད། ཐའེ་ལན་ཌི་ནང་ཡོད་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་། རྒྱ་ནག་གཞུང་ཕྱོགས་དང་ལྟ་བ་ཐ་དད་འཛིན་མཁན་ཚོར་འཕྲད་སྲིད་པའི་ཉེན་ཁའི་སྐོར་གྱི་སྙན་ཐོ་ཞིག་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་ཕུལ་ཟིན་ཡོད་པ་འགྲེལ་བརྗོད་དང་སྦྲགས། གནད་དོན་དེ་དག་རྐྱེན་པས་ཁོང་ད་ལྟའི་ཆར་རྒྱ་ནག་གཞུང་ནས་དམིགས་འབེན་དུ་བཟུང་ཡོད་པ་གསུངས་འདུག
དེ་བཞིན་ཁོང་གིས་རྒྱ་ནག་ཏུ་བཙན་གྱིས་ཕྱིར་སློག་བྱས་ཚེ་ཁོང་གི་བདེ་འཇགས་ལ་གནོད་འཚེ་ཕོག་ཉེན་ཡིན་པ་དང་། ལྷག་པར་མི་ཚེའི་ལྷག་མ་དེ་བཞིན་རང་དབང་ཐོག་རང་གི་བསམ་ཚུལ་དང་བརྩམས་ཆོས་སྤེལ་འདོད་ཡོད་པ་མངོན་གསལ་དང་འབྲེལ། ཐེ་ཝན་གྱི་ཁྲིམས་ལུགས་འོག །ཁོང་ལ་གནས་སྐབས་ཀྱི་སྐྱབས་བཅོལ་གནས་བབ་གནང་སྐྱོང་ཡོང་བའི་ཞུ་སྐུལ་གནང་འདུག་ལ། དེ་ནས་རྒྱལ་ཁབ་གཞན་ལ་གཏན་འཇགས་སྐྱབས་བཅོལ་ཀྱི་གནས་བབ་འཚོལ་འདོད་ཡོད་པ་གསུངས་འདུག
དེའི་བར་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གཞུང་གིས་གནོན་ཤུགས་འོག་ཕྱིའི་རྒྱལ་ཁབ་ཁག་ནས་ཡུ་གུར་བ་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱས་ཉེན་དང་འབྲེལ་གནས་ཚུལ་གཞན་ཞིག་གི་ནང་། ཁ་སང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རིང་མིན་ Thailand གཞུང་གིས་རྒྱ་གཞུང་གི་གནོན་ཤུགས་འོག་ཡུལ་དེའི་བཙོན་ཁང་ནང་ཕྱི་ལོ་ ༢༠༡༤ ནས་ཡོད་པའི་ཡུ་གུར་བ་གཉིས་ད་ཆ་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་པར་སྐྱོན་བརྗོད་ནན་པོ་དང་འབྲེལ། ཐའེ་ལན་ཌིའི་སྲིད་བློན་ Anutin Charnvirakul མཆོག་ལ་ཐའེ་ལན་ཌི་གཞུང་གིས་རྒྱ་ནག་གི་གནོན་ཤུགས་འོག་མགོ་བོ་སྒུར་ཏེ་ཡུ་གུར་བ་གཉིས་པོ་རྒྱ་ནག་ལ་ཁྲིམས་འགལ་གྱིས་ཕྱིར་སློག་བྱ་རྒྱུ་ལས་ལྟོག་སྟེ། ཁོང་རྣམ་གཉིས་རྒྱལ་ཁབ་གསུམ་པར་ཉེན་གཡོལ་དུ་གཏོང་རྒྱུའི་གྲ་སྒྲིག་བྱ་དགོས་པ་གསུངས་འདུག
མ་ཟད། ཚོགས་པས་ཐའེ་ལན་ཌིའི་གཞུང་རིམ་པས་ད་བར་རྒྱ་གཞུང་གི་དགོས་འདུན་བསྒྲུབ་པའི་ཆེད་རང་ཉིད་ཀྱི་རྒྱལ་སྤྱིའི་འགན་འཁུར་རྣམས་ལས་སླ་པོར་དོར་ཡོད་སྐོར་འགྲེལ་བརྗོད་དང་སྦྲགས། ཐའེ་ལན་ཌི་གཞུང་གིས་ Non-Refoulement ཞེས་རང་ཡུལ་དུ་གཉའ་གནོན་གྱི་ཉེན་ཁ་ཡོད་པའི་གང་ཟག་ཅིག་ཕྱིར་སློག་བྱ་རྒྱུ་མེད་པའི་རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་བྱེད་རྒྱུའི་འགན་འཁུར་ཡོད་སྐོར་མངོན་གསལ་གནང་འདུག
གཞི་རྩའི་རྒྱ་ནག་གཞུང་ནས་བོད་དང་ཡུ་གུར་གཙོས་པའི་གྲངས་ཉུང་མི་རིགས་ཐོག་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་གཙོས། ལྷག་དོན་རྒྱ་ནག་གཞུང་གི་ཉེ་བའི་ལོ་ཤས་ནང་ Egypt དང་ Kazakhstan, Malaysia, Pakistan, དེ་བཞིན་ཐའེ་ལན་ཌི་སོགས་ཀྱི་གཞུང་ལ་ས་གནས་སུ་ཡོད་པའི་ཡུ་གུར་བ་རྣམས་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་དགོས་པའི་གནོན་ཤུགས་སྤྲོད་པར་ཨ་རི་གཙོས་པའི་རྒྱལ་སྤྱིའི་གཞུང་ཁག་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ། དབུས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་སྐྱོན་བརྗོད་ཤུགས་ཆེ་གནང་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་ནས་བོད་དང་ཤར་ཏུར་ཀི་སི་ཐན་སོགས་ནི་རྒྱ་ནག་རྒྱལ་ནང་གི་གནད་དོན་ཞིག་ཡིན་སྟབས་ཕྱིའི་རྒྱལ་ཁབ་དང་ཚོགས་པ་ཁག་ནས་དེར་ཐེ་བྱུས་བྱེད་དབང་མེད་སྐོར་འགྲེལ་བརྗོད་གནང་མུས་ཡིན་པ་རེད།




