ཕྱི་ལོ་ ༢༠༢༠ ལོར་ལ་དྭགས་ཤར་ཕྱོགས་གཱལ་ཝན་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མི་བར་ཕན་ཚུན་གདོང་ཐུག་རྐྱེན་པས་རྒྱལ་ཁབ་གཉིས་བར་འབྲེལ་ལམ་ཇེ་ཞན་དུ་ཕྱིན་ཡོད་ཀྱང་། རིམ་པས་ཕྱོགས་ཕན་ཚུན་གྱི་དཔོན་རིགས་རྣམས་ཐུག་འཕྲད་བརྒྱུད་འབྲེལ་ལམ་ཇེ་བཟང་དུ་གཏོང་ཐབས་བྱེད་བཞིན་པའི་ཁྲོད། ཉེ་ལམ་རྒྱ་གར་བྱང་ཤར་ཨ་རུ་ན་ཅཱལ་ནང་རྒྱ་ནག་གཞུང་གིས་རྒྱ་གར་དམག་མིས་མཐའ་མཚམས་ས་ཁུལ་དུ་སྐོར་གཡེང་བྱེད་པར་བཀག་འགོག་བྱེད་པ་དང་། ས་གནས་མང་ཚོགས་ཀྱིས་རྒྱ་ནག་དམག་མིས་སིམ་འཛུལ་བྱེད་བཞིན་ཡོད་པར་བློ་འཚབ་གསལ་སྟོན་སོགས་ཀྱིས་ས་མཚམས་རྩོད་རྙོག་ཇེ་ཆེར་འགྲོ་བཞིན་པ་རེད་འདུག

དེ་ཡང་ Al Jazeera གསར་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ལམ་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་གྱི་ནང་གི་ People’s Party of Arunachal Pradesh (PPA) ཞེས་པའི་ཆབ་སྲིད་ཚོགས་པས་འཐུས་མི་བཞི་ལས་གྲུབ་པའི་བདེན་རྟོགས་ཚོགས་པ་ཞིག་ཁུལ་དེའི་ Upper Subansiri ཞེས་པ་ལུང་ཁུག་ཏུ་རྟོག་ཞིབ་ཆེད་དུ་མངགས་ཡོད་པ་དང་། རྟོག་ཞིབ་ཚོགས་པས་ཁུལ་དེར་གཟིགས་སྐོར་གནང་རྗེས་སྙན་ཐོ་འདོན་སྤེལ་གནང་བའི་ནང་། རྒྱ་གར་དམག་མིས་ཕྱི་ཟླ་ ༤ པ་ནས་ ༡༠ པ་བར་དབྱར་ཁའི་ཆར་ཞོད་དང་། གློ་བུར་ཆུ་རུད། ས་རུད་བཅས་གནམ་གཤིས་ངན་པའི་རྐྱེན་པས་མངའ་སྡེའི་ཏག་སིང་ (Taksing) ས་ཁུལ་དུ་སྐོར་གཡེང་བྱེད་ཐུབ་ཀྱི་མེད་པ་དང་། ཕྱོགས་གཞན་ཞིག་ནས་བལྟས་ན་དུས་ཡུན་དེའི་རིང་རྒྱ་ནག་གིས་མཐའ་མཚམས་ས་ཁུལ་དུ་མུ་མཐུད་ནས་སྐོར་གཡེང་བྱེད་བཞིན་ཡོད་སྐོར་གསལ་སྟོན་གནང་འདུག
སྙན་ཐོའི་ནང་ད་དུང་། ས་གནས་ཡུལ་མི་ཚོས་རྟོག་ཞིབ་ཚོགས་ཆུང་ལ་ ༢༠༢༣ ལོར་རྒྱ་ནག་གི་དམག་དཔུང་དང་གདོང་ཐུག་བྱུང་རྗེས། རྒྱ་གར་དམག་མིས་ Shera 5 ས་མཚམས་ས་ཚིགས་སུ་སྐོར་གཡེང་བྱེད་མཚམས་བཞག་ཡོད་པ་དང་། ས་གནས་ཡུལ་མི་ཚོས་བློ་འཚབ་ཀྱི་རྣམ་པ་གསལ་སྟོན་བྱས་ཡོད་པ། དེ་བཞིན་ཟླ་བ་སྔོན་མར་ Nah Welfare Society (NWS) ཞེས་པའི་ས་གནས་ཀྱི་རིགས་རྒྱུད་ཚོགས་པ་དེས་ཀྱང་རྒྱ་གར་གཞུང་ལ་རྒྱ་ནག་གིས་ས་ཆ་གང་མང་བཙན་འཛུལ་བྱ་རྒྱུའི་དམིགས་ཡུལ་བཟུང་བཞིན་པའི་ཞུ་སྙན་ཞིག་ཕུལ་ཡོད་པ་དེ་ལྟར་ཡང་། རྒྱ་གར་དམག་སྡེ་ནས་གནས་ཚུལ་དེ་དག་བདེན་པ་ཡིན་པའི་ཁས་ལེན་བྱས་མེད་པ་རེད་འདུག
སྤྱིར་ད་ཐེངས་ཀྱི་གནས་ཚུལ་དང་འབྲེལ་རྒྱ་གར་གཞུང་གིས་དམག་མིས། དེང་སྐབས་གསར་འགྱུར་བརྒྱུད་ལམ་ཁག་ལ་ཨ་རུ་ན་ཅཱལ་ས་མཚམས་སུ་རྒྱ་ནག་གིས་སིམ་འཛུལ་བྱེད་བཞིན་པའི་གནས་ཚུལ་རིམ་པར་ཐོན་བཞིན་པ་དེ་དག་བདེན་པ་དང་ཁུངས་ལྡན་མེད་པའི་གནས་ཚུལ་ཡིན་པའི་སྐྱོན་བརྗོད་བྱས་ཡོད་ཀྱང་། རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱིས་གནད་དོན་དེ་དང་འབྲེལ་བའི་གསལ་བཤད་ཁ་གསལ་བྱས་མེད་པ་དང་། རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ (Randhir Jaiswal) ལགས་ཀྱིས་གསར་འགོད་པར་བརྗོད་དོན་ལྟར་ན། ང་ཚོས་རྒྱ་ནག་ལྷན་གྲོས་མོལ་བྱེད་སྐབས་ས་མཚམས་ཀྱི་གནད་དོན་དེ་དག་ཤིན་ཏུ་གནད་འགག་ཆེན་པོ་རྩིས་བཞིན་ཡོད་པ་དང་། ས་ཁུལ་དེ་དག་ཏུ་ཞི་བདེ་དང་བརྟན་ལྷིང་འཛིན་སྐྱོང་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཡིན་པར་རྟག་ཏུ་ནན་ཏན་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་རེད།

མ་ཟད་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Guo Jiakun ཡིས། གཟའ་འཁོར་སྔོན་མར་རྒྱ་ནག་དང་རྒྱ་གར་གྱི་ས་མཚམས་གནད་དོན་ཐོག་ཚོགས་འདུ་ཐེངས་སོ་དྲུག་པ་འཚོགས་ཡོད་པ་གསལ་སྟོན་བྱས་ཏེ། ད་ལྟའི་ཆར་རྒྱ་དཀར་ནག་གཉིས་བར་ས་མཚམས་གནས་སྟངས་སྤྱིར་བཏང་བརྟན་ལྷིང་ཡོད་པ་དང་། ཕྱོགས་གཉིས་ཀྱིས་ཕྱི་འབྲེལ་དང་དམག་དོན་བརྒྱུད་ནས་འབྲེལ་བ་རྒྱུན་འཛིན་བྱ་རྒྱུར་མོས་མཐུན་བྱུང་བ་མ་ཟད། ས་མཚམས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་མཉམ་དུ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག
འདི་གའི་གསར་འགོད་པས་དེ་སྔོན་འབུམ་རམས་པ་བྱེ་གཞོང་ཚེ་དབང་རྡོ་རྗེ་ལགས་དང་ལྷན་འཕགས་བོད་ས་མཚམས་རྒྱུད་ཀྱི་ཚོང་ལམ་གསུམ་སྒོ་ཕྱེ་པ་དང་བསྟུན་དེ་དག་གི་ལོ་རྒྱུས་དང་། ཆབ་སྲིད། འཐབ་ཇུས་ཀྱི་གལ་གནད་སྐོར་གླེང་མོལ་ཞུ་སྐབས། ཁོང་གིས་ཉེ་ལམ་རྒྱ་གར་བྱང་ཕྱོགས་ཨ་རུ་ན་ཅཱལ་ནང་རྒྱ་དཀར་ནག་གཉིས་དབར་ས་མཚམས་རྩོད་རྙོག་ཅིག་འགྲོ་བཞིན་པ་མངོན་གསལ་གནང་སྟེ། རྒྱ་ནག་གཞུང་གིས་ཨ་རུ་ན་ཅཱལ་དེ་བཞིན་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་བཞིན་པ་དང་། ཕྱི་ལོ་ ༢༠༡༧ ལོ་ནས་བཟུང་ད་བར་རྒྱ་ནག་གིས་ཨ་རུ་ན་ཅཱལ་ནང་གི་ས་ཚིགས་ ༨༠ ལྷག་ཙམ་ལ་མིང་གཏན་འབེབས་བྱས་ཡོད་པ་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་སོང་།
རྩ་བའི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་འབྲེལ་ལམ་དེ་བཞིན་ཉེན་ཁ་ཆེན་པོར་གནས་ཡོད་ཀྱང་། འདས་པའི་ལོ་ ༡༠ རིང་ཕྱོགས་གཉིས་བར་ཚོང་དོན་འབྲེལ་ལམ་ཆེ་རུ་ཕྱིན་ཡོད་ཅིང་། པེ་ཅིང་དུ་ཡོད་པའི་རྒྱ་གར་གཞུང་ཚབ་ཁང་གི་གནས་ཚུལ་ལྟར་ན། ༢༠༢༥-༢༦ ལོའི་ཕྱོགས་གཉིས་ཀྱི་ཚོང་དོན་ཨ་སྒོར་ཐེར་འབུམ་ ༡༥༡.༡ ལ་བསླེབས་ཡོད་པ་དང་། དེ་ནི་ ༢༠༡༦-༡༧ ལོའི་ཨ་སྒོར་ཐེར་འབུམ་ ༧༡.༤༥ ལས་ལྡབ་གཉིས་ཀྱིས་མང་བ་འཕར་ཡོད་པ་རེད། འོན་ཀྱང་རྒྱ་གར་གྱིས་རྒྱ་ནག་ནས་ནང་འདྲེན་བྱས་པ་དེ་ ༢༠༡༦-༡༧ ལོར་ཨ་སྒོར་ཐེར་འབུམ་ ༦༡.༢༨ ནས་ ༢༠༢༥-༢༦ ལོར་ཨ་སྒོར་ཐེར་འབུམ་ ༡༣༡.༦༣ ཙམ་འཕར་ཅིང་། རྒྱ་གར་གྱིས་ཕྱིར་ཚོང་བྱས་པ་དེ་ཨ་སྒོར་ ༡༠.༡༧ ནས་ ༡༩.༤༧ བར་འཕར་ཡོད་པ་རེད།




