ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཡུལ་དེའི་མཐོ་སློབ་ཁག་ ༣༠ ལ་རྒྱ་ནག་གཞུང་གི་ལྟེ་གནས་ཁག་མཉམ་དུ་ཤེས་ཡོན་དང་། དཔལ་འབྱོར། དེ་བཞིན་ཞིབ་འཇུག་གི་འབྲེལ་བ་རྣམས་ལ་བསྐྱར་ཞིབ་དགོས་པ་མ་ཟད། དེ་འབྲེལ་མ་དངུལ་གྱི་རྩིས་ཞིབ་སྙན་ཐོ་གཟའ་འཁོར་གཉིས་ནང་ཁ་གསལ་དགོས་པའི་བཀོད་ཁྱབ་བཏང་འདུག

དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཁ་སང་རེས་གཟའ་ཟླ་བའི་ཉིན་གྱི་བཀོད་ཁྱབ་དེའི་ནང་། མིང་འབོད་མ་བྱས་པའི་ཨ་རིའི་མཐོ་རིམ་སློབ་གཉེར་ཁང་ ༣༠ ངོས་ནས། དེ་སྔོན་ཨ་རིའི་ཕྱི་ལོ་ ༢༠༡༩ ལོའི་ National Defence Authorisation Act (NDDA) ཞེས་པའི་རྒྱལ་སྲུང་དབང་ཚད་ཀྱི་ཁྲིམས་ཡིག་དོན་ཚན་ ༡༢༨༦ འོག་གཏན་འབེབས་ཐོ་གཞུང་ནག་པོའི་ནང་ཚུད་པའི་རྒྱ་གཞུང་དང་འབྲེལ་བའི་ལྟེ་གནས་ཁག་དང་། གཞན་ཡང་བསྐྱར་བཟོ་བྱས་པའི་ཁུང་ཙི་སློབ་གླིང་དང་འབྲེལ་བ་ཡོད་པའི་ཚོགས་པ་ཁག་བཅས་དང་ལྷན་དུ་ཤེས་ཡོན་དང་། དཔལ་འབྱོར། ཞིབ་འཇུག་སོགས་མཉམ་ལས་ཇི་ཡོད་ཀྱི་རྩིས་ཞིབ་སྙན་ཐོ་ཆ་ཚང་བ་ཟླ་འདིའི་ཕྱི་ཚེས་ ༣༡ བར་ཁ་གསལ་མཁོ་སྤྲོད་བྱེད་དགོས་ཀྱི་ཡོད་པ་རེད་འདུག་ལ། དེའི་ནང་རྒྱ་ནག་གཞུང་དང་འབྲེལ་བ་གཅིག་པུ་མིན་པར་ཨུ་རུ་སུ་དང་ཨི་རན་རྒྱལ་ཁབ་དང་འབྲེལ་བའི་སྐོར་ཡང་ཚུད་འདུག
ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་བཀོད་ཁྱབ་གསལ་བསྒྲགས་སྐབས། ལྷན་ཁང་གི་ཉམས་ཞིབ་དང་འཆར་འགོད་ལས་རིགས་ཀྱི་བློན་ཆེན་གཞོན་པ་སྐུ་ཞབས་ Emil Michael ལགས་ཀྱིས། རྒྱལ་སྲུང་ལྷན་ཁང་ངོས་ནས་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པའི་ཤེས་ཡོན་མཉམ་ལས་རིགས་ལ་གཏན་ནས་བཟོད་བསྲན་ཐུབ་ཐབས་མེད་སྐོར་འགྲེལ་བརྗོད་དང་འབྲེལ། ཨ་རིའི་མི་མང་གི་དཔྱ་ཁྲལ་མ་དངུལ་ལེན་མཁན་གྱི་ལྟེ་གནས་མཐོ་སློབ་སུ་འདྲ་ཞིག་ཡིན་རུང་དེ་དག་ངོས་ནས་ཞིབ་འཇུག་བདེ་འཇགས་ཀྱི་ཚད་གཞི་མཐོ་ཤོས་སྲུང་སྐྱོབ་བྱེད་དགོས་པ་དང་། རྩིས་ཞིབ་སྙན་ཐོ་ངེས་པར་དུ་དགོས་པའི་བཀོད་ཁྱབ་འདི་དག་གིས་ལྟེ་གནས་མཐོ་སློབ་གཞན་ཁག་ལའང་འགན་འཁུར་དགོས་པའི་བརྡ་ལན་ངེས་བརྟན་བཟོ་རྒྱུ་ཡིན་པ་གསུངས་འདུག
དེ་བཞིན་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་ཚན་རིག་དང་འཕྲུལ་རིག་བློན་ཆེན་ལས་རོགས་སྐུ་ཞབས་ Joseph Jewell ལགས་ཀྱིས། ཨ་རིའི་མཐོ་སློབ་ཁག་ནི་ཡུལ་དེའི་རྒྱལ་སྲུང་ལྷན་ཁང་གི་ཞིབ་འཇུག་ལས་གཞི་རྒྱ་ཆེན་པོ་ནང་གི་མེད་དུ་མི་རུང་བའི་མཉམ་ལས་པ་ཞིག་ཡིན་སྟབས། མཐོ་སློབ་ཁག་གི་ངོས་ནས་རང་རྒྱལ་ཁབ་ཀྱི་ཞིབ་འཇུག་མ་འཛུགས་རྣམས་ཕྱི་རྒྱལ་ཁབ་ཀྱི་བེད་སྤྱོད་ལོག་པའི་འོག་མ་ཤོར་བར་སྲུང་སྐྱོབ་བྱ་དགོས་གལ་ཡིན་པ་གསུངས་འདུག
ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཐེངས་འདིར་ཨ་རིའི་མཐོ་སློབ་ཁག་ལ་བསྐྱར་ཞིབ་དང་རྩིས་ཁྲ་གསལ་བཟོ་དགོས་པའི་བཀོད་ཁྱབ་ཀྱི་དམིགས་ཡུལ་ནི། ཨ་རིའི་མི་མང་གི་དཔྱ་ཁྲལ་དངུལ་བབ་ཀྱི་རོགས་སྐྱོར་ལས་གྲུབ་པའི་ཞིབ་འཇུག་གྲུབ་དོན་དེ་དག་བཀའ་ཁྲོལ་མེད་པའི་འཕྲུལ་རིག་ལས་བཤུ་ལེན་བྱེད་པའམ། ཤེས་བྱའི་བདག་དབང་རྐུ་འཁྱེར། དེ་བཞིན་འཁོན་འཛིན་ཡོད་པའི་ཕྱི་རྒྱལ་ཁབ་ཁག་གིས་བེད་སྤྱོད་ལོག་པར་བྱེད་པ་ལས་སྲུང་སྐྱོབ་བྱེད་ཆེད་དུ་ཡིན་པ་གསལ་འདོན་གནང་ཡོད་ཀྱང་། ཨ་རིས་མཐོ་སློབ་ཁག་གི་ཞིབ་འཇུག་རང་དབང་ལ་དམ་དྲག་ཇེ་ཆེར་གཏོང་བཞིན་པ་ལ་སྐྱོན་བརྗོད་བྱེད་མཁན་ཚོས། རྒྱ་ཆེ་དྲགས་པའི་སྒྲིག་གཞི་མང་དག་ཅིག་བཀལ་བ་དེ་དག་གིས་ཁྲིམས་མཐུན་ཚན་རིག་གི་མཉམ་ལས་ལ་དོ་ཕོག་གཏོང་སྲིད་པ་མ་ཟད། རྒྱ་རིགས་ཞིབ་འཇུག་པ་རྣམས་ལ་མཐོང་ཆུང་དང་དོགས་པ་བྱེད་པ། དེ་བཞིན་ཨ་རིའི་སློབ་ཆེན་ཁག་ལ་རྒྱལ་སྤྱིའི་མཁས་པའི་ཤེས་ཡོན་ཐོབ་པའི་གོ་སྐབས་ཉམས་རྒུད་དུ་གཏོང་སྲིད་པའི་ཉེན་བརྡ་བཏང་འདུག
རྩ་བའི་འདས་པའི་ཕྱི་ཟླ་ ༧ པའི་ནང་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ NDDA རྒྱལ་སྲུང་དབང་ཚད་ཀྱི་ཁྲིམས་ཡིག་དོན་ཚན་ ༡༢༨༦ འོག་རྒྱ་ནག་དང་། ཨུ་རུ་སུ། ཨི་རན་བཅས་ཀྱི་མཐོ་སློབ་དང་ཞིབ་འཇུག་ལྟེ་གནས་ ༡༣༠ རང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁར་རྩིས་ཏེ་གཏན་འབེབས་ཐོ་གཞུང་ནག་པོའི་ནང་བཅུག་ཡོད་པ་དང་། དེ་དག་ཁོངས་ནས་ ༨༨ རྒྱ་ནག་དུ་རྟེན་གཞི་བྱས་པའི་ལྟེ་གནས་མཐོ་སློབ་ཡིན་པ་མ་ཟད། ཐོ་གཞུང་ནང་ཡོངས་གྲགས་སུ་རྒྱ་ནག་གི་དམངས་ཁྲོད་སློབ་ཆེན་རྩེ་ཕུད་གྲས་ Fudan University ཕུ་ཏན་སློབ་ཆེན་དང་། Shanghai Jiao Tong University ཧྲང་ཧེའི་ཅའོ་ཐུང་སློབ་ཆེན་སོགས་ཚུད་ཡོད་པ་རེད།
ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ད་རེས་ཀྱི་རྩིས་ཞིབ་གསལ་བཟོ་དགོས་པའི་བཀོད་ཁྱབ་དེ་མཐོ་སློབ་དང་ལྟེ་གནས་ཁག་གི་ཚན་པ་བྱེ་བྲག་ཁག་གཅིག་མིན་པར་ཆ་ཚང་ལ་ཁྱབ་ཀྱི་ཡོད་པ་བརྗོད་འདུག་ལ། ཨ་རིའི་ཉམས་ཞིབ་པ་རྣམས་ལའང་ཐོ་གཞུང་ནག་པོའི་ནང་ཚུད་པའི་ལྟེ་གནས་མཐོ་སློབ་ཁག་དང་ལྷན་དུ་མཉམ་འབྲེལ་དང་། དངུལ་རྩིས་རོགས་སྐྱོར་གྱི་འཆར་གཞི་སྒྲིག་པ་སོགས་མ་བྱས་གོང་དུ་དོགས་ཟོན་ནན་པོ་བྱེད་དགོས་པའི་སྐུལ་མ་བྱས་འདུག་པ་མ་ཟད། ཐེངས་འདིའི་བཀོད་ཁྱབ་དེས་ཨ་རིའི་ལྟེ་གནས་མཐོ་སློབ་ཁག་ལ་ཉེན་བརྡ་ཙམ་མ་ཡིན་པར། ཐོ་གཞུང་ནག་པོའི་ནང་ཡོད་པའི་ལྟེ་གནས་ཁག་དང་ལྷན་དུ་འབྲེལ་བ་དེ་དག་ལ་བརྟག་ཞིབ་དགོས་པ་དང་། ཐ་ན་ཕན་ཚུན་འབྲེལ་བ་མཚམས་འཇོག་བྱེད་དུ་འཇུག་རྒྱུའི་ཕྱོགས་སུ་གོམ་པ་ཆེན་པོ་ཞིག་མདུན་སྐྱོད་བྱས་པ་ཞིག་ཆགས་ཀྱི་ཡོད་པ་རེད་འདུག
ལྷག་པར་དུ་ཁ་སང་གི་བཀོད་ཁྱབ་དེའི་ནང་ཨ་རིའི་མཐོ་སློབ་ ༣༠ ཐེར་འདོན་བྱས་པ་དེ་ཨ་རིའི་རྒྱལ་སྲུང་ལྷན་ཁང་ལ་དམིགས་བསལ་དཔང་རྟགས་རིགས་རྙེད་པས་རྒྱུ་མཚན་གྱིས་ཡིན་མིན་གསལ་པོ་མེད་པ་དང་། དེའི་ནང་ཉེ་ལམ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཚོ་ཁག་གིས་རྒྱ་ནག་གི་དམག་དོན་དང་འབྲེལ་བ་ཡོད་པའི་མཐོ་སློབ་ཁག་གཅིག་དང་ལྷན་དུ་མཉམ་འབྲེལ་གྱིས་ཞིབ་འཇུག་ལས་དོན་བསྐྱངས་ཡོད་པར་ཉེས་འཛུགས་བྱས་པའི་ཨ་རིའི་མཐོ་སློབ་ཆེ་གྲས་ Harvard ཧར་ཝར་ཌི་གཙུག་ལག་སློབ་གཉེར་ཁང་ཚུད་ཡོད་མེད་ཀྱང་གསལ་ཁ་མེད་པ། གང་ལྟར་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་བཀོད་ཁྱབ་དེ་ House Select Committee on China ཞེས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་དང་གཞན་ཚོགས་སྡེ་སོགས་ཀྱིས་ཧར་ཝར་ཌི་སློབ་ཆེན་ལ་རྒྱ་ནག་དམར་ཤོག་ཚོགས་པ་དང་འབྲེལ་བའི་རྒྱ་ནག་ལྟེ་གནས་ཁག་དང་མཉམ་འབྲེལ་སྐབས་དོགས་ཟོན་ནན་པོ་བྱས་མེད་པའི་ཉེས་འཛུགས་ཀྱི་སྙན་ཐོ་ཞིག་ཐོན་པའི་ཉིན་གྲངས་བཞིའི་རྗེས་སུ་བྱུང་བ་ཞིག་ཆགས་ཀྱི་ཡོད་པ་རེད།




