རྒྱ་གར་གཞུང་གི་འོས་བསྡུའི་ནང་ཐོ་འགོད་བྱས་པའི་ཨོ་ཌི་ཤ་མངའ་སྡེའི་བོད་མིའི་གཞིས་ཆགས་ཁག་གི་བོད་མི་ ༣༠༠ ལྷག་གི་མིང་ཐོ་ཕྱིར་འཐེན་བྱས་འདུག

དེ་ཡང་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་ནས་ཕྱི་ལོ་ ༡༩༥༠ ལོའི་ཟླ་ ༡ ཚེས་ ༢༦ ནས་ཕྱི་ལོ་ ༡༩༨༧ ཟླ་ ༧ ཚེས་ ༡ བར་རྒྱ་གར་ནང་སྐྱེས་པའི་བོད་མི་རྣམས་རྒྱ་གར་གྱི་མི་སེར་བཞེས་ཆོག་པའི་ཐག་གཅོད་གནང་བ་ལྟར། རྒྱ་གར་དབུས་འོས་བསྡུ་ལྷན་ཁང་གིས་ཕྱི་ལོ་ ༢༠༡༤ ལོར་ཡུལ་དེའི་མངའ་སྡེ་ཡོངས་ལ་དུས་བཅད་དེའི་ཁྲོད་རྒྱ་གར་ནང་སྐྱེས་པའི་བོད་མི་རྣམས་དང་། ཕྱི་ལོ་ ༢༠༠༤ ཡི་སྔོན་ལ་སྐྱེས་པ་གང་ཞིག་ཕ་མ་གང་རུང་རྒྱ་གར་གྱི་མི་སེར་ལག་ཁྱེར་ཡོད་མཁན་ཞིག་ཡིན་ན་འོས་བསྡུའི་ཐོ་འགོད་བྱས་ཆོག་པའི་བཀོད་ཁྱབ་བཏང་བ་ལྟར། རྒྱ་གར་གྱི་ས་ཕྱོགས་གང་སར་གནས་པའི་འབྲེལ་ཡོད་བོད་རྣམས་ཀྱིས་དེ་འབྲེལ་གོ་སྐབས་བཞེས་ཏེ་ཁུལ་སོ་སོའི་བཞུགས་ཡུལ་གྱི་འོས་བསྡུའི་ནང་ཆ་ཤས་བླངས་བ་སྔ་རྗེས་བྱུང་ཡོད།
འོན་ཀྱང་ Times of India གསར་ཁང་གིས་ཁ་ཉིན་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། རྒྱ་གར་ Odisha མངའ་སྡེའི་ Mohana ཁྱབ་ཁོངས་ཀྱི་ས་གནས་འོས་བསྡུ་ལས་ཁང་ངོས་ནས་ Chandragiri ནང་ཆགས་པའི་ཕུན་ཚོགས་གླིང་གཞིས་ཆགས་ཀྱི་བོད་མི་ ༣༠༠ ལྷག་གི་མིང་ཁུལ་དེའི་འོས་འཕེན་པའི་ཐོ་གཞུང་ནས་ཕྱིར་འཐེན་བྱས་ཡོད་པ་རེད་འདུག
སྤྱིར་རྒྱ་གར་དབུས་འོས་བསྡུ་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་ Gyanesh Kumar མཆོག་གིས་སྔ་ལོའི་ཕྱི་ཟླ་ ༡༠ པའི་ཚེས་ ༢༧ ནས་བཟུང་རྒྱལ་ཡོངས་སུ་ Special Intensive Revision འམ་ SIR ཞེས་པའི་ལས་གཞི་འགོ་འཛུགས་དང་འབྲེལ། ཁྱིམ་ནས་ཁྱིམ་དུ་བསྐྱོད་དེ་ཡུལ་དེའི་ཁྲིམས་མཐུན་འོས་འཕེན་པ་ཡོངས་ཀྱི་ཐོ་གཞུང་བསྐྱར་བཅོས་གནང་བཞིན་ཡོད་པ་རེད།
Mohana ཁྲལ་བསྡུ་ལས་ཁང་གི་འགན་འཛིན་ Chakaradhar Padhy ལགས་ཀྱིས་གསུངས་བ་ལྟར་ན། ཨོ་ཊི་ཤ་ནང་གི་ལས་གཞི་དེའི་འོག་བོད་མི་རྣམས་ཀྱིས་རང་ཉིད་ཡུལ་དེའི་མི་སེར་ཡིན་པ་ཁུངས་སྐྱེལ་ར་སྤྲོད་ཐུབ་པའི་ཡིག་ཆ་གང་ཡང་སྟོན་རྒྱུ་མེད་པ་དང་། SIR ལས་གཞིའི་ནང་ཕྱི་ལོ་ ༢༠༠༢ ལོའི་འོས་བསྡུའི་ཐོ་གཞུང་དེ་རྨང་གཞིར་བཀོད་པ་ལྟར། བོད་མི་དེ་དག་གི་མིང་ཕྱི་ལོ་ ༢༠༠༢ ལོའི་ཐོ་གཞུང་ནང་རྩ་བ་ནས་གསལ་མེད་སྟབས། ད་རེས་ཞིབ་འཇུག་གཏིང་གཟབ་རྗེས་བོད་མི་རྣམས་ཀྱི་མིང་ཁུལ་དེའི་འོས་འཕེན་པའི་ཐོ་གཞུང་ནས་ཕྱིར་འཐེན་གནང་ཡོད་པ་གསུངས་འདུག
Odisha ཨོ་ཌི་ཤའི་བོད་མི་ཁག་གཅིག་གིས་ Times of India གསར་ཁང་གི་བཅར་འདྲིར་དང་ལེན་ཁྲོད། ཁོང་རྣམ་པས་ཕྱི་ལོ་ ༢༠༢༤ ལོའི་འོས་བསྡུ་ཆེན་མོའི་ནང་མཉམ་ཞུགས་གནང་ཡོད་པ་དང་། ཐེངས་འདིར་ཁོང་རྣམ་པའི་མིང་ཐོ་གཞུང་ནས་ཕྱིར་འཐེན་བྱས་པ་དེར་སེམས་འཚབ་དང་སྦྲགས འབྲེལ་ཡོད་ས་གནས་གཞུང་ལ་ཞུ་གཏུག་གནང་རྒྱུ་ཡིན་པ་གསུངས་འདུག
གཞི་རྩའི་རྒྱ་གར་ནང་འཁྲུངས་པའི་བོད་མི་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་ཕྱོི་ལོ་ ༢༠༠༨ ལོར་ཡུལ་འདིའི་འགྲུལ་བསྐྱོད་ལག་འཁྱེར་ཞུ་སྐབས་འབྲེལ་ཡོད་ལས་ཁུངས་ཀྱིས་ཁོང་བོད་མི་ཡིན་པའི་རྒྱུ་མཚན་གྱིས་དེར་ཁས་ལེན་མ་གནང་བའི་རྗེས། ཁོང་གིས་རྒྱ་གར་གྱི་མི་སེར་ཁྲིམས་ཡིག་གི་འབྲུ་དོན་འོག་ལྡི་ལི་ཆེས་མཐོའི་ཁྲིམས་ཁང་ལ་ཁྲིམས་གཏུགས་གནང་བའི་རྗེས། ཕྱི་ལོ་
ཕྱི་ལོ་ ༢༠༡༠ ཟླ་ ༡༢ ནང་ཁྲིམས་ཁང་ནས་ཁོང་ལ་དེ་འབྲེལ་ཐོབ་ཐང་ཕུལ་བའི་རྗེས། རིམ་པས་ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་ནས་ཕྱི་ལོ་ ༡༩༥༠ ལོའི་ཟླ་ ༡ ཚེས་ ༢༦ ནས་ཕྱི་ལོ་ ༡༩༨༧ ཟླ་ ༧ ཚེས་ ༡ བར་རྒྱ་གར་ནང་སྐྱེས་པའི་བོད་མི་རྣམས་རྒྱ་གར་གྱི་མི་སེར་བཞེས་ཆོག་པའི་ཐག་གཅོད་གནང་ཡོད་པ་དང་། ཐག་གཅོད་དེ་ལྟར་ལྟོས་མེད་ཕྱི་ལོ་ ༢༠༡༦ ལོར་བོད་མི་བློ་བཟང་དབང་རྒྱལ་ལགས་ཀྱིས་རྒྱ་གར་གི་འགྲུལ་བསྐྱོད་ལག་འཁྱེར་ཞུ་སྐབས་འབྲེལ་ཡོད་ལས་ཁུངས་ནས་ཁས་ལེན་མ་གནང་བའི་རྗེས། ཁོང་གིས་ཁྲིམས་གཏུགས་བྱས་མཐར། ལྡི་ལི་ཆེས་མཐོའི་ཁྲིམས་ཁང་གིས་དེ་སྔའི་ཐག་གཅོད་བསྐྱར་ནན་གྱིས་རྒྱ་གར་གྱི་མི་སེར་ཁྲིམས་ཡིག་གི་འབྲུ་དོན་འོག་ཕྱི་ལོ་ ༡༩༥༠ ནས་ ༡༩༨༧ བར་རྒྱ་གར་དུ་སྐྱེས་པའི་བོད་མི་རྣམས་ཡུལ་དེའི་མི་སེར་ཡིན་པར་འདྲི་རྩད་དགོས་གལ་མེད་པ་གསུངས་ཡོད།




