བལ་ཡུལ་གྱི་ Department of Hydrology and Meteorology’s Flood Forecasting Division ཞེས་ཆུ་རྟོག་དང་གནམ་གཤིས་རིག་པའི་ལས་ཁུངས་ཀྱི་ཆུ་ལོག་སྔོན་དཔག་ཚན་པ་ནས་ཁ་སང་རེས་གཟའ་ཕུར་བུའི་ཉིན་དམིགས་བསལ་བརྡ་ཁྱབ་ཅིག་གི་བརྒྱུད། བལ་བོད་ས་མཚམས་ཀྱི་ཆུ་ལོག་འབྱུང་ཁུངས་ས་ཚིགས་སུ་ཁ་ཉིན་ཆུ་ལོག་གི་དོན་རྐྱེན་ཁྲོད་ཁུལ་དེའི་རྒྱུད་ཀྱི་ Lhende གཙང་པོར་འཁྱགས་རོམ་དང་ས་རོ་རྡོ་རོ་སོགས་ཀྱིས་ཆུ་རྒྱུན་བཀག་པའི་གནས་སྟངས་འོག་ད་ཆ་ས་ཚིགས་དེར་ Barrier Lake འམ་མཚོའི་འགག་སྒོ་ཞིག་ཆགས་ཡོད་པས་སླར་ཡང་གཙང་པོའི་གཤམ་རྒྱུད་ཀྱི་ས་ཁུལ་ཁག་ཏུ་ཆུ་ལོག་ཚབས་ཆེན་འབྱུང་སྲིད་པའི་ཉེན་བརྡ་བཏང་འདུག

དེ་ཡང་ཁ་སང་ཕྱི་ཚེས་ ༢༧ ཉིན་བརྒྱུད་ལམ་ཁག་གཅིག་གིས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། བལ་བོད་ས་མཚམས་སུ་སླར་ཡང་ཆུ་ལོག་གི་དོན་རྐྱེན་འབྱུང་སྲིད་པའི་ཉེན་བརྡ་དེ་བཞིན་བལ་ཡུལ་ཕྱི་སྲིད་ལྷན་ཁང་ལ་རྒྱ་ནག་གཞུང་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ཞིག་དང་། དེའི་ཁྲོད་བལ་ཡུལ་གྱི་ National Disaster Risk Reduction and Management Authority (NDRRMA) ཞེས་རྒྱལ་ཡོངས་གནོད་འཚེ་ཉེན་ཚབས་ལ་སྟངས་འཛིན་བྱེད་མཁན་གྱི་སྡེ་ཚན་ངོ་ནས། ད་ལྟ་ Lhende གཙང་པོ་འགགས་པས་རྐྱེན་གྱིས་ཆགས་པའི་མཚོ་དེ་བལ་བོད་ས་མཚམས་རཱ་སུ་ཝ་ནས་ཡར་སྤྱི་ལེ་ ༡༨ ཙམ་དུ་ཡོད་པ་མ་ཟད། མཚོ་འམ་མཚེའུ་དེའི་བོངས་ཚད་ད་ལྟའི་ཆར་མི་ཊར་ ༡༢་༡ ཡོད་ཀྱང་མུ་མཐུད་ནས་འཕར་བཞིན་ཡོད་པར་གཙང་པོའི་གཤམ་འོག་ས་ཁུལ་གྱི་མི་མང་དང་འབྲེལ་ཡོད་ཚན་པ་ཡོངས་ལ་དགོས་ངེས་ཀྱི་གཟབ་ནན་དང་དོགས་ཟོན་བྱེད་དགོས་པའི་སྐུལ་མ་གནང་འདུག
དེའི་བར་ན་དེ་རིང་ཕྱི་ཚེས་ ༢༨ ཉིན་ Reuters བརྒྱུད་ལམ་གྱིས་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱིས་ཁ་ཉིན་བལ་བོད་ས་མཚམས་སུ་ཆུ་ལོག་གི་དོན་རྐྱེན་བྱུང་བའི་རྗེས་སུ་སླར་ཡང་དེ་ལྟ་བུའི་ཆུ་ལོག་གི་ཉེན་ཁ་ཇེ་ཆུང་དུ་གཏོང་རྒྱུའི་སླད་མཚོ་འགག་དེའི་གནམ་ཐོག་ལྟ་ཞིབ་དང་ 3D དཔེ་དབྱིབས་བཅས་ཀྱི་གནས་སྟངས་རྒྱུས་ལོན་ཆེད་དུ་འཆར་འགོད་པ་མི་སྣ་ ༨ ལས་གྲུབ་པའི་རུ་ཁག་ཅིག་མངགས་གཏོང་བྱས་ཡོད་སྐོར་བཤད་འདུག་པ་ལུང་འདྲེན་དང་འབྲེལ། རུ་ཁག་དེའི་འཆར་འགོད་པ་ Chen Hanxiao ཆེན་ཧན་ཞའོ་ཞེས་པ་ཞིག་གིས་འཁྱགས་རོམ་རྡོལ་བའི་རྐྱེན་གྱིས་མཚོ་འགག་ཆགས་པའི་རྗེས་སུ་ཁུལ་དེར་བྲག་རིའི་གཡང་གཟར་མང་པོ་ཐོན་ཡོད་སྟབས། ས་ཚིགས་དེ་དག་ཏུ་ལྟ་ཞིབ་བྱེད་རྒྱུ་ཁག་པོ་ཆགས་ཡོད་པ་དང་། འཆར་འགོད་པ་དེས་བརྗོད་དོན་ལ། མཚོ་འགག་དེའི་ཉེན་ཁ་ཇེ་ཉུང་དུ་གཏོང་བའི་སྤྱིར་བཏང་གི་ཐབས་ལམ་ནི་མཚོ་འགག་དེའི་དམའ་སར་ཆུ་འདྲེན་སའི་ཆུ་ལམ་ཞིག་བཟོ་རྒྱུ་དེ་ཡིན་ཞེས། འོན་ཀྱང་ཆུ་ལམ་དེའི་ཞེང་ཚད་དང་གཏིང་ཚད། དེ་བཞིན་ཆུའི་རྒྱུག་ཚད་དང་མཚོ་ཇི་ལྟར་མགྱོགས་པོར་ཁེངས་མིན་ལ་གཞིགས་ནས་རྩིས་རྒྱག་དགོས་ཀྱི་ཡོད་པ་རེད་འདུག
རྒྱ་ནག་གཞུང་གིས་མངགས་གཏོང་བྱས་པའི་ལྟ་ཞིབ་གཞིར་བཟུང་བྱས་ན་མཚོ་འགག་དེའི་རིང་ཚད་ལ་མི་ཊར་ ༡༥༠ དང་གཏིང་ཚད་ལ་མི་ཊར་ ༤༠ ནས་ ༥༠ བར་ཡོད་པ་དང་། མཚོ་འགག་དེའི་ནང་ད་དུང་ཉིན་གྲངས་གསུམ་རིང་ཨོ་ལིམ་པིག་རྐྱལ་རྫིང་ ༡༢༠༠ ཙམ་གྱི་ཆུ་ཚད་ཁེང་གྱི་ཡོད་པ་མ་ཟད། ཡོང་རྒྱུའི་ཕྱི་ཟླ་ ༩ པའི་ཚེས་ ༡ ཉིན་མཚོ་འགག་དེའི་ཆུ་ལོག་ཤུགས་ཆེ་ཤོས་དེ་འབྱུང་སྲིད་པའི་ཉེན་བརྡ་བཏང་འདུག

སྤྱིར་རེས་གཟའ་ལྷག་པའི་ཉིན་བལ་བོད་ས་མཚམས་སུ་ཆུ་ལོག་གི་དོན་རྐྱེན་དེའི་འོག་ད་བར་བལ་ཡུལ་བརྒྱུད་ལམ་གྱི་ཐོ་གཞུང་ནང་བལ་ཡུལ་དུ་ཚེ་སྲོག་ཤོར་བ་མི་གྲངས་ ༥༦༩ དང་གར་སོང་ཆ་མེད་དུ་གྱུར་བ་ སྟོང་ཕྲག་བརྒལ་འདུག་པ་དེ་ལྟར་ཡང་། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ནང་བོད་དུ་ད་བར་ཚེ་སྲོག་ཤོར་བའི་མི་གྲངས་ ༣ ལས་བྱུང་མེད་པ་དང་གར་སོང་ཆ་མེད་དུ་ཕྱིན་པའི་མི་གྲངས་ ༥༥༨ འཁོད་འདུག
ཆུ་ལོག་གི་དོན་རྐྱེན་དེའི་འོག་འཛམ་གླིང་ཡུལ་གྲུ་གང་ས་ནས་བལ་བོད་ས་མཚམས་སུ་གོད་ཆགས་ཕོག་པའི་མང་ཚོགས་ལ་སྡེ་ཚན་སོ་སོའི་རོགས་དངུལ་བསྡུ་རུབ་ཀྱི་ལས་གཞི་སྤེལ་དང་སྤེལ་མུས་ཡིན་པ་བཞིན། ཐེངས་འདིའི་དོན་རྐྱེན་འོག་བོད་མི་གང་ལ་གང་ཙམ་ལ་ཡང་གོད་ཆགས་ཆེན་པོ་བྱུང་ཡོད་སྟབས། འདི་ག་རླང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཛིན་བསྟན་འཛིན་ཚུལ་ཁྲིམས་ལགས་སུ་བོད་མིའི་སྒྲིག་འཛུགས་ངོས་ནས་ད་ལྟའི་ཆར་གང་གནང་གི་ཡོད་སྐོར་བཀའ་འདྲི་ཞུ་སྐབས་ཁོང་གིས། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ངོས་ནས་བལ་ཡུལ་དུ་གནས་སྡོད་བོད་མི་གོད་ཆགས་ཕོག་པ་རྣམས་ཀྱི་ཛ་དྲག་མྱུར་སྐྱོབ་ཆེད་ཧིན་སྒོར་འབུམ་ ༧ བཀའ་ཁྲོལ་གནང་ཡོད་སྐོར་གསུངས་སོང་།
རྩ་བའི་ཐེངས་འདིའི་བལ་བོད་ས་མཚམས་སུ་ཆུ་ལོག་གི་གོད་ཆགས་དེའི་རྒྱུ་རྐྱེན་གཙོ་བོ་ཐོག་མའི་ཆར་ས་ཡོམ་བྱུང་རྗེས་འཁྱགས་རོམ་རྡོལ་ཏེ་ཆུ་རུད་ཀྱི་རྐྱེན་པས་བྱུང་བ་ཞིག་ཡིན་པ་བཤད་ཡོད་ཀྱང་། ཕྱིས་སུ་ཨ་རིའི་ Geological Survey (USGS) ཞེས་ས་ཁམས་རྟོག་ཞིབ་ཀྱིས་གནས་ཚུལ་རྒྱུས་ལོན་བྱས་པའི་ནང་། ཆུ་ལོག་དེ་ས་ཡོམ་གྱིས་རྒྱུ་རྐྱེན་བྱས་མེད་པར་དེ་ནི་གནམ་གཤིས་འགྱུར་ལྡོག་རྐྱེན་པས་འཁྱགས་རོམ་ཕོན་ཆེ་ཞིག་རྡོལ་བའི་རྐྱེན་གྱིས་ས་འགུལ་ལྟ་བུའི་གནས་སྟངས་འོག་ཆུ་རུད་ཀྱིས་བྱུང་བ་ཞིག་ཡིན་པར་བརྗོད་ཡོད་པ་རེད།
མ་ཟད་ཁག་གཅིག་གིས་དོན་རྐྱེན་དེ་བོད་ནས་བལ་ཡུལ་དུ་རྒྱུག་བཞིན་པའི་གཙང་པོ་འགག་རྗེས་འཁྱིལ་ཆུ་ཆེན་པོས་བྱུང་བ་ཞིག་ཡིན་པ་དང་། ལ་ལས་ཆར་དྲག་རྐྱེན་པས་བྱུང་བ་ཡིན་སྐོར་བཤད་མཁན་ཡོད་ཀྱང་ཆུ་ལོག་གི་རྒྱུ་རྐྱེན་གཙོ་བོ་བྱེད་མཁན་དེ་ཆར་ཆུ་མིན་པ་ར་སྤྲོད་བྱུང་ཡོད་པ་རེད།

གང་ལྟར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་གསུང་དོན་བྱས་ན། རེས་གཟའ་ལྷག་པའི་ཉིན་གྱི་ཆུ་ལོག་གི་རྒྱུ་རྐྱེན་གཙོ་བོ་བོད་ནང་འཁྱགས་རོམ་རྡོལ་ཏེ་ས་འགུལ་ཤུགས་ཚད་ ༤་༤ ལྟ་བུའི་གནས་སྟངས་དེ་ཞོགས་པ་ཕྱག་ཚོད་ ༨།༣༧ ཐོག་བྱུང་ཡོད་པ་ཨ་རིའི་ས་ཁམས་རྟོག་ཞིབ་ཀྱི་ཞིབ་འཇུག་གྲུབ་དོན་ལས་ཤེས་ཐུབ་ཀྱང་། བལ་བོད་ས་ཚམས་སུ་ཆུ་ལོག་གི་དོན་རྐྱེན་དེ་ཕྱག་ཚོད་ ༩ པའི་སྟེང་བྱུང་ཡོད་སྟབས། རྒྱ་ནག་གིས་རྒྱུ་མཚན་ཅིའི་ཕྱིར་སྐར་མ་ ༢༠ སྔ་རོལ་ནས་འཁྱགས་རོམ་རྡོལ་བའི་གནས་ཚུལ་དེ་བལ་ཡུལ་གཞུང་དང་བརྗེ་རེས་བྱས་མེད་སྐོར་སྤྱི་ཚོགས་དྲྭ་ལམ་ཐོག་པར་རིས་དང་བཅས་ཏེ་དྲི་བ་བཏང་འདུག་པ་དང་། དོན་རྐྱེན་དེའི་འོག་ས་མཚམས་ས་ཁུལ་གྱི་བལ་བོད་མང་ཚོགས་མང་པོར་ཚེ་སྲོག་དང་དངོས་ཟོག་གི་གོད་ཆགས་ཆེན་པོ་བྱུང་ཡོད་པར་བརྟེན། རྒྱ་ནག་ངོས་ནས་གནས་སྟངས་དེའི་འགན་འཁྲི་འཁུར་དགོས་པ་དང་བལ་བོད་མི་མང་ལ་གནས་ཚུལ་ཁ་གསལ་བཤད་དགོས་པའི་སྐྱོན་འཛུགས་བྱས་འདུག




