Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

༸གོང་ས་མཆོག་༸སྐུ་ཚེ་ཡུན་རིང་བཞུགས་ཕྱིར་ཐུགས་སྨོན་གནང་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད།

༸གོང་ས་མཆོག་༸སྐུ་ཚེ་ཡུན་དུ་བརྟན་རྒྱུ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་ཕྱག་ལ་ཡོད་ཅེས་བཀའ་སྩལ་བ།

དེ་རིང་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༣༠ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དང་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་ཐུན་མོང་ནས་བརྟན་བཞུགས་བསྟར་འབུལ་ཞུས་སྐབས་མགོན་པོ་༸གང་ཉིད་མཆོག་གིས་ངོས་ཀྱི་མགོན་དང་དཔུང་གཉེན་ཆོག་ཏུ་གྱུར་པ་ནི་ཇོ་བོ་ཝ་ཏི་བཟང་པོ་ཆགས་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་ཡུན་དུ་བརྟན་རྒྱུ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་ཕྱག་ལ་ཡོད་ཅེས་བཀའ་སྩལ་སོང་།སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་ཆོག་དང་འབྲེལ་ནས་༸གོང་ས་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟེན་ཕྱིར་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བརྟན་བཞུགས་ཀྱི་སྐབས་འདིར་ཆེད་མངགས་ཇོ་བོ་ཝ་ཏི་བཟང་པོའི་སྐུ་པར་སྒྲིག་གཤོམ་མཛད་ཡོད་ཅེས་བཀའ་སྩལ་བ་དང་འབྲེལ་ཏེ་འཕགས་པ་སྤྱན་རས་གཟིགས་ནི་བོད་གངས་ཅན་ལྗོངས་ཀྱི་ལྷ་སྐལ་དང་དུས་ད་ལྟའི་བར་འཕགས་པ་སྤྱན་རས་གཟིགས་ཀྱི་༸སྐུའི་སྐུ་ཚབ་དང་གསུང་གི་གསུང་ཚབ། ཐུགས་ཀྱི་ཐུགས་ཚབ་མཛད་དེ་འཕགས་པའི་དགོངས་པ་ལྟར་བསྟན་པ་དང་འགྲོ་བའི་དོན་དུ་ལོ་བཅུ་ཕྲག་གཉིས་ཙམ་༸སྐུ་འཚོ་བཞུགས་མཛད་རྒྱུའི་གསོལ་འདེབས་མཛད་བཞིན་ཡོད་པར་བཀའ་སྩལ་ཡོད།དེ་བཞིན་༸གོང་ས་མཆོག་གིས་ང་ཚོ་བཙན་བྱོལ་དུ་གྱར་ནས་ཐབས་སྐྱོ་པོའི་གནས་ཚུལ་བྱུང་ཡོད་ཀྱང་། བཙན་བྱོལ་བའི་གོ་སྐབས་འདིའི་ཐོག་ནས་འཛམ་གླིང་སྤྱིར་བོད་ཀྱི་སངས་རྒྱས་པའི་བསྟན་པ་ཁྱབ་སྤེལ་མཛད་དེ་དགའ་མོས་བྱ་ཡུལ་དུ་གྱུར་ཡོད་ཅེས་བཀའ་སྩལ་བ་དང་སྦྲགས། བྱེས་ཀྱི་གདན་ས་ཁག་གིས་གཙོས་པའི་རིས་སུ་མ་མཆེད་པའི་ས་སྐྱ་དང་བཀའ་བརྒྱུད། རྙིང་མ། དེ་བཞིན་ཧི་མཱ་ལ་ཡའི་དགོན་སྡེ་ཁག་གིས་ད་བར་ཧུར་ཐག་གནང་བ་ལྟར་ད་དུང་ཐོས་དོན་བསྒྲུབ་ལ་ཞོལ་ནས་བསླབ་པ་སློབ་གཉེར་ཧུར་ཐག་གནང་དགོས་གལ་ཡིན་པར་ལམ་སྟོན་བཀའ་དྲིན་བ་སྩལ་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་བའི་ཉིན་ཤས་ནང་རྒྱ་ནག་ནང་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་དང་ལྷག་དོན་རྒྱ་ནག་ནང་སརྒྱས་པའི་བསྟན་པར་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྐོར་བཀའ་སྩལ་བ་དང་ཆབས་ཅིག་བོད་གངས་ཅན་ལྗོངས་ཀྱི་ལྷ་མི་ཡོངས་ནས་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་ཇི་བཞིན་བསྒྲུབ་རྒྱུར་འབད་བརྩོན་ཧུར་ཐག་གནང་བཞིན་པ་ལྟར་བོད་ཀྱི་བདེན་མཐའ་གསལ་ངེས་རེད་བཀའ་སྩལ་ཡོད།དེ་བཞིན་ཐེངས་འདིའི་བརྟན་བཞུགས་ལ་བཅར་བའི་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་འདུན་པའི་ཁོངས་ནས་དགུང་ལོ་བགྲེས་ཤོས་དགུང་གྲངས་ ༨༢ ལ་ཕེབས་པའི་རྒན་བསྟན་འཛིན་ནམ་མཁའ་ལགས་ཀྱིས་དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་ཐུགས་ཧ་ཅང་དགྱེས་ཚོར་ཆེན་པོ་བྱུང་འདུག་དེ་ནི་༸རྒྱལ་བ་དགྱེས་པའི་མཆོད་པ་ཆགས་ཡོད་སྟབས་དེ་ལས་ལྷག་པ་ཞིག་ཡོད་མ་རེད་ཅེས་གསུངས་སོང།

༸གོང་ས་མཆོག་༸སྐུ་ཚེ་ཡུན་དུ་བརྟན་རྒྱུ་ནི་རྒྱུ་མཚན་དང་ལྡན་པ་ཞིག་རེད་ཅེས་བཀའ་སྩལ་བ།

མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་དང་གཞིས་བྱེས་རྒྱལ་བ་ཇོ་ནང་པ། མདོ་སྨད་མང་འབའ་བྱ་གསུམ། བལ་ཡུལ་རྣམ་རྒྱལ་མཐོ་འབྲིང་དགེ་ལས་སློབ་ཟུར། དེ་བཞིན་སིཌ་ནི་བོད་རིགས་མཐུན་ཚོགས་བཅས་ཚོགས་པ་ལྔས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། དེ་རིང་ཕྱི་ཟླ་ ༩ ཚེས་ ༧ ༸རྒྱལ་བའི་༸སྐུའི་བླ་གཟའ་དང་བསྟུན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་ཐོག་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་།དེ་རིང་སྔ་དྲོ་ཕྱག་ཚོད་བརྒྱད་པའི་སྟེང་བརྟན་བཞུགས་བསྟར་འབུལ་ཞུ་མཁན་ཚོགས་སྡེ་ལྔའི་སྐུ་ཚབ་མི་སྣས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བར་དུ་སྤོས་སྣེའི་སྤྱན་འདྲེན་གཟབ་རྒྱས་ཞུས་ཡོད་པར་མ་ཟད། བརྟན་བཞུགས་དངོས་ཀྱི་སྒྲུབ་ཞག་དང་རྡོ་རྗེ་སློབ་དཔོན་དགའ་ལྡན་ཁྲི་ཐོག་ ༡༠༤ པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་མཎྜལ་ལྗགས་བཤད་མ་གནང་གོང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་ཡུན་དུ་བརྟན་རྒྱུ་ནི་རྒྱུ་མཚན་དང་ལྡན་པ་ཞིག་རེད་ཅེ་བཀའ་སྩལ་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་ཉེ་ལམ་ལ་དྭགས་ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་རྒྱལ་ས་ལྡི་ལིར་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་འབྲས་སུ་༸སྐུའི་འཕྲོད་བཞེས་ལེགས་པོ་ཡོད་པ་བཀའ་སྩལ་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་ཡུན་རིང་བརྟན་རྒྱུ་ནི་སྤྱིར་འགྲོ་བ་སེམས་ཅན་ཡོངས་དང་སྒོས་བོད་དང་རྒྱ་གར། དེ་བཞིན་རྒྱ་ནག་བཅས་ཀྱི་ནང་ཡོད་པའི་མི་ཙམ་མིན་པར་ཡུལ་ལྷ་གཞིས་བདག་ཀུན་ལ་ཕན་ཐོགས་ཆེན་པོ་འབྱུང་བཞིན་ཡོད་སྟབས། མགོན་པོ་མཆོག་༸སྐུ་ཚེ་ཡུན་དུ་བརྟན་རྒྱུ་ནི་རྒྱུ་མཚན་དང་ལྡན་པ་ཞིག་རེད་ཅེས་བཀའ་སྩལ་བ་དང་འབྲེལ་ཏེ་ཚེ་རབས་ནས་ཚེ་རབས་བར་གཞན་དོན་དང་བསྟན་པའི་ཞབས་འདེགས་སླད་ད་དུང་དགུང་གྲངས་བརྒྱ་དང་བཅུ་གྲངས་ཤིག་གི་བར་དུ་༸སྐུ་འཚོ་བཞུགས་མཛད་རྒྱུའི་ཡིད་ཆེས་ཡོད་ཅེས་བཀའ་སྩལ་ཡོད།དེ་བཞིན་༸གོང་ས་མཆོག་གིས་བོད་རྒྱ་ཆེ་མང་ཚོགས་ཀྱིས་གཙོས་པའི་ཧི་མཱ་ལ་ཡའི་མི་རིགས་རྣམས་དད་དམ་གཡོ་བ་མེད་པ་ཤ་སྟག་ཡིན་པ་དང་ལྷག་དོན་ཉེ་ལམ་ལ་དྭགས་གླེ་དང་ཟངས་དཀར་ཁུལ་དུ་ཆིབས་བསྒྱུར་མཛད་སྐབས་མང་ཚོགས་རྣམས་ནས་དད་དམ་གཡོ་བ་མེད་པའི་སྒོ་ནས་དགའ་སྣང་གྱི་རྣམ་པ་ཤུགས་ཆེས་ཆེར་བསྟན་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད་སྐོར་བཀའ་སྩལ་བ་དང་ཆབས་ཅིག་ཏུ་མགོན་པོ་༸གང་ཉིད་མཆོག་སླད་མར་མོན་ཡུལ་དུ་ཆིབས་བསྒྱུར་མཛད་རྒྱུའི་དགོངས་པ་ཡོད་ཅེས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་སོང་།  དེ་རིང་བརྟན་བཞུགས་ཀྱི་གོ་སྐབས་འདིའི་ཐོག་ནས་བོད་ནང་ཏོག་དབྱིབས་རིམས་ནད་གཙོས་རྐྱེན་ངན་མང་དག་ཅིག་གི་ངལ་བ་འཕྲད་བཞིན་པ་དེ་དག་འཕྲལ་མར་ཞི་བའི་ཕྱིར་དུ་མགོན་པོ་མཆོག་གིས་ཐུགས་སྨོན་མཛད་བཞིན་ཡོད་དང་། མང་ཚོགས་རྣམས་ཀྱིས་ཀྱང་གཉན་འཕྲང་གི་དུས་སྐབས་འདིར་སྒྲོལ་མའི་གཟུངས་སྔགས་གང་མང་བགྲང་གསོག་དགོས་པའི་ལམ་སྟོན་མཛད་སོང་། ཐེངས་འདིའི་བརྟན་བཞུགས་ཐོག་བཞུགས་སྒར་གཙོས་ བོད་མིའི་འདུས་སྡོད་ས་གནས་ཁག་ནས་བོད་མི་སྟོང་ཕྲག་འགའ་ཤས་དང་མོན་རྟ་དབང་ནས་དད་ལྡན་མང་ཚོགས་ ༧༠༠ ལྷག་ཆེད་བཅར་ཞུས་ཡོད་པ་ལྟར་དད་ལྡན་མང་ཚོགས་ཁག་ཅིག་ལ་དེ་འབྲེལ་བཅར་འདྲི་ཞུས་ཡོད།

༸གོང་ས་མཆོག་༸སྐུ་ཚེ་ཡུན་རིང་བཞུགས་ཕྱིར་ཐུགས་སྨོན་གནང་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དུས་དབང་དུ་ཕེབས་མཁན་ཆོས་ཞུ་བ་ཚོར་འཚམས་འདྲི་གནང་བ་དང་འབྲེལ། ཆོས་ཞུ་བ་ཡོངས་ནས་༸གོང་ས་མཆོག་༸སྐུ་ཚེ་ཡུན་རིང་བཞུགས་ཕྱིར་ཐུགས་སྨོན་གནང་རོགས་གནང་ཞེས་གསུངས་སོང་། དེ་རིང་ཟླ་ ༡ ཚེས་ ༧ ཉིན་སྔ་དྲོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་དབང་གི་སྒྲུབ་བཤག་གནང་གྲུབ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དུས་དབང་གི་ཆོས་རར་ཐེངས་འདིའི་དུས་དབང་ཐོག་ཆེད་བཅར་ཞུས་པའི་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཚོ་གཙོས། དངོས་སུ་བཅར་མ་ཐུབ་པ་རྣམས་ལ་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་འཚམས་འདྲིའི་གསུང་བཤད་གནང་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་༸གོང་ས་མཆོག་ལ་དུས་དབང་བསྩལ་རྒྱུར་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། ༸གང་ཉིད་མཆོག་གིས་གནས་མཆོག་རྡོ་རྡེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་བསྩལ་རྒྱུའི་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་པ་འདི་ཧ་ཅང་གི་སྐལ་པ་བཟང་པོ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་པ་མ་ཟད། ད་ལྟ་བར་ལ་དུས་དབང་གི་ལས་དོན་སྤྱི་ཡོངས་ཐོག་ཡག་ཐག་ཆོད་འགྲོ་མུས་ཡིན་པ་དང་། དེ་ཡང་གཙོ་བོ་༸གོང་ས་མཆོག་གི་ཐུགས་རྗེ་བཀྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྟབས། ༸གོང་ས་མཆོག་ལ་སྙིང་པ་ཐག་པ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཅེས་གསུངས་སོང་། ད་དུང་སྲིད་སྐྱོང་མཆོག་གིས་ད་ལྟའི་ཆར་འཛམ་གླིང་འདིའི་སྟེང་༸གོང་ས་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་ལ་ཆེ་བསྟོད་ཀྱིས་དད་གུས་དང་བརྩི་བཀུར་ཞུ་མཁན་མང་ཚོགས་ཁྲོད་ས་ཡ་མང་པོ་ཞིག་ཡོད་པ་འདིར་ང་ཚོ་ཚང་མ་དགའ་སྤོབས་བྱེད་དགོས་པ་ཞིག་རེད་ཅེས་གསུངས་པ་དང་ཆབས་ཅིག ད་ལྟའི་ཆར་༸གོང་ས་མཆོག་༸སྐུ་ཁམས་ཧ་ཅང་གསལ་ཐང་ཡིན་པ་དང་། ཉེ་སྔོན་བཞུགས་སྒར་དུ་པདྨ་བཀོད་པ་དང་འཕན་པོ་གཉིས་ཀྱི་གཞིས་བྱེས་མང་ཚོགས་ཚོས་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་སུ་༸གང་ཉིད་མཆོག་གིས་དགུང་གྲངས་ ༡༠༠ ལྷག་བཞུགས་ཀྱི་ཡིན་ཅེས་བཀའ་བཞེས་བཟང་པོ་བསྩལ་བ་ལུང་འདྲེན་གྱིས་ད་ལན་གནས་མཆོག་རྡོ་རྗེ་དུ་ཕེབས་པའི་ཆོས་ཞུ་བ་ཚོས་ཀྱང་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་ཡུན་རིང་བརྟན་ཕྱིར་ཐུགས་སྨོན་གནང་རོགས་ཞེས་གསུངས་ཡོད་པ་རེད། དེ་བཞིན་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་ངོས་ནས་བོད་ནང་བཞུགས་པའི་གཞིས་ལུས་རྒྱ་ཆེ་བོད་རིགས་མང་ཚོགས་ཚོར་འཚམས་འདྲི་གནང་སོང་། སྐྱོང་མཆོག་ནས་ད་ལན་གྱི་དུས་དབང་སྐབས་སུ་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་བསལ་མང་ཚོགས་ཞབས་ཞུའི་ལས་དོན་མཚན་པས་ཉམ་ཐག་དང་རྒན་གཅོང་ཁག་ལ་མཐུན་འགྱུར་གང་ལེགས་ཞུ་རྒྱུར་འབད་བརྩོན་ཞུས་དང་ཞུ་མུས་ཡིན་ཀྱང་ནུས་པས་མ་འདང་པ་དང་མ་ལྕོགས་པ་བྱུང་བ་ཡོད་ན་གོ་སྐབས་འདིའི་བརྒྱུད་ནས་དགོངས་སེལ་ཞུ་རྒྱུ་ཡིན་ཅེས་གསུངས་ཡོད།  སྲིད་སྐྱོང་མཆོག་གིས་ད་བར་རྒྱ་གར་དབུས་གཞུང་གིས་བོད་མིའི་ཐོག་མཐུན་འགྱུར་རོགས་རམ་གང་ལེགས་གནང་པ་སྤྱི་དང་སྒོས་ཐེངས་འདིའི་དུས་འཁོར་དབང་ཆེན་གྱི་ལས་དོན་གོ་སྒྲིག་ཚགས་ཚུད་ཡོང་སླད་དུ་རྒྱ་གར་གྱི་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ནི་ཏིཤ་ཀུ་མཱར་མཆོག་གིས་གཙོས་པའི་མངའ་སྡེ་གཞུང་ནས་མཐུན་འགྱུར་རོགས་རམ་གང་ལེགས་གནང་པར་ཐུགས་རྗེ་ཆེ་ཞེས་གསུངས་ཡོད་པ་རེད། རྩ་བའི་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་འདིའི་ཐོག་ལ་འཛམ་གླིང་རྒྱལ་ཁབ་མི་འདྲ་ ༨༠ ལྷག་ནས་ཆོས་ཞུ་བ་ཉིས་འབུམ་ལྷག་འདུ་འཛོམས་བྱུང་ཡོད་པ་དང། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དུས་དབང་གི་བཀའ་ཆོས་ཆ་ཚང་དྲ་རྒྱའི་ཐོག་ཐད་གཏོང་གནང་གི་ཡོད་སྟབས། མང་ཚོགས་ནས་ཉིན་རེའི་དུས་དབང་གི་བཀའ་ཆོས་གསན་གཟིགས་གནང་མཁན་མང་ཚོགས་འབུམ་གཅིག་དང་ཕྱེད་ཀ་ལྷག་ཙམ་བྱུང་འདུག  ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་མིའི་གཞིས་སྒར་སོ་སོའི་ས་འགོ་རྣམ་པས་འགན་ཁུར་གཙོ་བཞེས་ཐོག་རྡོ་རྗེ་གདན་དུ་བཅར་མ་ཐུབ་མཁན་རྣམས་ལ་ས་གནས་སོ་སོའི་ནང་དུ་བརྙན་འཕྲིན་དང་དྲ་རྒྱའི་བརྒྱུད་ནས་བཀའ་ཆོས་ཆ་ཚང་གསན་གཟིགས་ཞུ་རྒྱུའི་མཐུན་རྐྱེན་སྦྱོར་མུས་ཡིན་པ་རེད་འདུག

Latest news

- Advertisement -spot_img