Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

གཏན་འཇགས་ཐབས་བྱུས་ཚོགས་ཆུང་ལ་སློབ་སྟོན་པ་གསུམ་བསྐོ་གཞག

གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་གཉིས་པ་དབུ་འཛུགས།

བཞུགས་སྒར་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་ཉེ་འདབས་སུ་རྟེན་གཞི་བྱས་པའི་ Asia Health Resorts གསོལ་མགྲོན་ཁང་གི་ཡང་སྟེང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུས་པའི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་སློབ་སྟོན་པ་དང་ཚོགས་མི་རྣམས་ལྷན་བཞུགས་ཐོག་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་དབུ་འཛུགས་གནང་སོང་། ཐེངས་འདིའི་ཚོགས་འདུའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཚོགས་ཆུང་གི་སློབ་སྟོན་པ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་མཆོག ཚོགས་ཆུང་གི་ཚོགས་མི་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་དང་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། བཀའ་ཤག་གི་ཆབ་སྲིད་དྲུང་ཆེ་བཀྲིས་རྒྱ་མཚོ་ལགས་བཅས་དངོས་སུ་ས་གནས་ལ་མཉམ་བཞུགས་དང་། ཚོགས་ཆུང་གི་སློབ་སྟོན་པ་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་དང་། དམིགས་གསལ་གདན་ཞུ་དགའ་ལྡན་ཕོ་བྲང་གི་འབྲེལ་ཡོད་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་གཉིས་དྲ་རྒྱའི་རྒྱུད་ཚོགས་འདུའི་ལས་རིམ་ཐོག་མཉམ་ཞུགས་གནང་ཡོད།འདི་ག་རླུང་འཕྲིན་ཁང་ནས་ཐེངས་འདིའི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པའི་གྲོས་གཞི་སོགས་དང་འབྲེལ་ཚོགས་ཆུང་གི་ཚོགས་མི་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་སུ་བཅར་འདྲི་ཞུ་སྐབས། ཚོགས་འདུ་ཐེངས་གཉིས་པ་འདི་བཞིན་དེ་རིང་ཕྱི་ཚེས་ ༢༧ ནས་ཕྱི་ཚེས་ ༢༩ བར་ཉིན་གྲངས་གསུམ་རིང་ཚོགས་རྒྱུ་དང་། ཚོགས་དུས་ཐོག་གཅོ་བོ་སྲིད་སྐྱོང་མཆོག་གིས་འདས་པའི་ལོ་གཅིག་ལྷག་གི་ལས་ཡུན་ཁྲོད་དུ་ཨ་རི་སོགས་སུ་ཕེབས་སྐབས་དང་། དེ་བཞིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་བཞུགས་སྒར་དང་བལ་ཡུལ་ནང་ཕེབས་སྐབས་དོན་སོ་སོར་བཀའ་མོལ་བྱུང་བའི་གནད་དོན། དེ་བཞིན་བོད་རྒྱ་འབྲེལ་མོལ་མཐུད་ཐབས་གནང་ཕྱོགས་སོགས་ཀྱི་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་སྐོར་གསུངས་འགྲེལ་བརྗོད་གནང་བྱུང་། རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་ཁྲིད་པའི་འཛིན་སྐྱོང་བཀའ་ཤག་སྐབས་ ༡༦...

གཏན་འཇགས་ཐབས་བྱུས་ཚོགས་ཆུང་ལ་སློབ་སྟོན་པ་གསུམ་བསྐོ་གཞག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་ཁྲིད་པའི་འཛིན་སྐྱོང་བཀའ་ཤག་ནས་ཟླ་ ༨ ཚེས་ ༡༣ ཉིན་དེ་སྔ་ཡོད་བཞིན་པའི་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་ཕྱིར་བསྡུ་དང་སྦྲགས་ཏེ་ཐབས་བྱུས་འཆར་འགོད་ཚོགས་ཆུང་ཞིག་གཏན་འཇགས་སུ་བཙུགས་ཡོད་པ་མ་ཟད་ཚོགས་ཆུང་དེར་སློབ་སྟོན་གནང་མཁན་མི་སྣ་གསུམ་བསྐོ་གཞག་གནང་འདུགདེ་སྔ་ཡོད་བཞིན་པའི་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་མང་ཆེ་བ་ཕྱི་རྒྱལ་ལམ་ཕྱོགས་མཐའ་ཁག་ཏུ་བཞུགས་ཏེ་སྤྱི་སྒེར་གྱི་མཛད་ཁུར་ཅི་རིགས་བཞེས་བཞིན་པ་དང་། བཞུགས་སྒར་ཁུལ་གྱི་ཚོགས་མི་རྣམས་ཀྱང་ལས་ཡུལ་དང་ལས་འགན་འདྲ་མིན་ཐོག་ཕྱག་ལས་གནང་མུས་ཡིན་སྟབས་ལས་དོན་གྱི་ངོ་བོ་དང་མཐུན་པའི་བཅོས་སྒྲིག་ཞིག་དགོས་གལ་དུ་གཟིགས་ཏེ་ད་ཡོད་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་དེ་ཕྱིར་བསྡུ་གནང་སྟེ་འབྲེལ་ཡོད་མཐོ་རིམ་ལས་བྱེད་ཁག་ཅིག་ལ་འགན་བསྐུར་ཐོག་ཐབས་བྱུས་འཆར་འགོད་ཚོགས་ཆུང་ཞིག་གཏན་འཇགས་སུ་བཙུགས་ཡོད་པ་རེད།གཏན་འཇགས་ཐབས་བྱུས་ཚོགས་ཆུང་གི་ཚོགས་མིའི་ཁོངས་སུ་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་དང་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། བཀའ་ཤག་གི་ཆབ་སྲིད་དྲུང་ཆེ་བཀྲིས་རྒྱ་མཚོ་ལགས་བཅས་བསྐོ་གཞག་གནང་ཡོད་པ་དང་། ཚོགས་ཆུང་གི་སློབ་སྟོན་པར་དེ་སྔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་དང་བཀའ་ཟུར་བསྟན་པ་ཚེ་རིང་མཆོག  ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་བཅས་བསྐོ་གཞག་གནང་འདུགརླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་སུ་གཏན་འཇགས་ཐབས་བྱུས་ཚོགས་ཆུང་གི་ལས་དོན་གནང་ཕྱོགས་སོགས་དང་འབྲེལ་བའི་བཀའ་འདྲི་ཁག་ཅིག་ཞུས་པར་ཁོང་གིས་དེ་སྔོན་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གིས་ལོ་རེར་ཚོགས་འདུ་ཐེངས་གཉིས་ཙམ་ཚོགས་ཀྱི་ཡོད་པ་ལྟར་མ་ཡིན་པར་གཏན་འཇགས་ཐབས་བྱུས་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས་དུས་ནས་དུས་སུ་བོད་ནང་གི་གནས་ཚུལ་དང་རྒྱལ་སྤྱིའི་ཐོག་གི་བོད་དོན་དང་འབྲེལ་བའི་གནས་ཚུལ་ཁག་མཁོ་སྒྲུབ་དང་དཔྱད་ཞིབ་ཕྱོགས་སྒྲིག་བཅས་ཞུས་ཏེ་སྲིད་སྐྱོང་མཆོག་ལ་སྙན་གསན་དང་འབྲེལ་མ་འོངས་པར་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་བྱུས་འཆར་འགོད་ཞུས་ཏེ་འདོན་འབུལ་ཞུ་རྒྱུ་སོགས་ཡིན་པར་གསུངས་ཡོད།  གཞི་རྩའི་དེ་སྔ་ཕྱི་ལོ་ ༡༩༩༨ ལོར་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་ཞེས་པ་ཞིག་ཆེད་འཛུགས་ཐོག་བོད་རྒྱ་འབྲེལ་མོལ་གྱི་ལས་དོན་སོགས་ཀྱི་ཐོག་ཕྱག་ལས་གནང་གི་ཡོད་པ་དང་འདས་པའི་བཀའ་ཤག་སྐབས་རིམ་པས་མི་འགྲོ་སྣོན་འཇུག་རིགས་གནང་སྟེ་ད་ཆ་ཚོགས་མི་གྲངས་ ༡༦ ཙམ་ཡོད་པ་དང་། ཚོགས་ཆུང་གི་ཚོགས་འདུ་མཐའ་མ་དེ་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ནང་བཞུགས་སྒར་དྷ་སར་བསྐོང་ཚོགས་གནང་ཡོད་པ་རེད། ད་རེས་འཛིན་སྐྱོང་བཀའ་ཤག་གིས་གསར་བཙུགས་གནང་བའི་གཏན་འཇགས་ཐབས་བྱུས་ཚོགས་ཆུང་གི་ཚོགས་མི་བཞིའི་ཁོངས་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་དང་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་གཉིས་དེ་སྔའི་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་ནང་ཡོད་པ་ཞིག་ཆགས་ཀྱི་འདུག

Latest news

- Advertisement -spot_img