Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

བོད་རང་བཙན་བསྐྱར་གསོའི་དུས་དྲན་སྲུང་བརྩི།

བོད་རང་བཙན་བསྐྱར་གསོའི་དུས་དྲན་སྲུང་བརྩི།

༸རྒྱལ་དབང་སྐུ་ཕྲེང་ ༡༣ ཆེན་པོ་མཆོག་གིས་བོད་རང་བཙན་བསྐྱར་ནན་གྱི་གསལ་བསྒྲགས་བསྐྱངས་ཏེ་མི་ལོ་ཧྲིལ་པོ་ ༡༠༣ འཁོར་བའི་དུས་དྲན་ཉིན་མོ་དང་བསྟུན། བཞུགས་སྒར་དུ་བོད་བསྐྱར་གསོ་ཞེས་པའི་བརྗོད་གཞིའི་ཐོག་རོལ་དབྱངས་འདུ་འཛོམས་ཀྱི་ལས་འགུལ་ཞིག་འཚོགས་ཡོད་པ་རེད། ཟླ་འདིའི་ཚེས་ ༡༣ ཉིན་གྱི་ཕྱི་དྲོ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་འོག བོད་གཞུང་ཟློས་གར་གཙོས་བཙན་བྱོལ་ནང་གི་བོད་པའི་རོལ་དབྱངས་ཚོགས་ཁག་ཅིག་དང་། གཞས་པ་གཞས་མ། དེ་བཞིན་རྡ་སར་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པ་བཅས་ཚང་འཛོམས་ཀྱིས་བོད་ཀྱི་ས་ཁྲ་ཆེན་པོ་ཞིག་སྡིངས་ཆའི་གྱང་ངོས་སུ་བཤམ་སྟོན་གནང་པ་དང་། རང་དབང་གྱི་ལ་ཞེན་དང་འབྲེལ་བའི་གཞས་སྣ་ཁག་འཁྲབ་སྟོན་གྱིས་གཟིགས་འབུལ་ཞུས་ཡོད། སྐབས་དེར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་ངེས་སྟོན་པ་བསྟན་འཛིན་ཚེ་ལྷ་ལགས་ཀྱིས་འདི་ལོ་དམིགས་བསལ་དྲ་རྒྱའི་བརྒྱུད་ལམ་ཐོག་ནས་བོད་ཆོལ་གསུམ་ཚུད་པའི་བོད་ཀྱི་ས་ཁྲ་བཤམ་སྟོན་གྱི་ལས་འགུལ་དེ་ལྟར་སྤེལ་དོན་ངོ་སྤྲོད་གནང་པ་དང་སྦྲགས། བོད་རང་བཙན་བསྐྱར་གསོ་ཐུབ་ཐབས་ཀྱི་སེམས་ཤུགས་སྤེལ་ཆེད་དང་། ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཕྲེང་ ༡༤ མཆོག་རྩེ་ཕོ་བྲང་པོ་ཏཱ་ལར་གདན་འདྲེན་ཞུས་ཏེ་གཞིས་བྱེས་བོད་མི་རྣམས་ལྷན་འཛོམས་ཡོང་བའི་རེ་བ་ཞུ་བཞིན་ཡོད་སྐོར་སོགས་གསུངས་ཡོད་པ་རེད། གཞི་རྩའི་ད་ལན་གྱི་ལས་འགུལ་དེ་བཞུགས་སྒར་ཙམ་དུ་མ་ཟད། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གཙོས་ཨ་རི་སོགས་གོ་ལའི་ས་ཁྱོན་འདྲ་མིན་ཁག་ ༣༠ ནང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ས་གནས་ཡན་ལག་ཁག་གིས་ཉིན་བརྒྱ་དུས་གཅིག་ཏུ་ལས་འགུལ་རྣམ་པ་འདྲ་མིན་སྤེལ་ཡོད་པ་རེད། རྩ་བའི་ད་ལན་གྱི་ལས་འགུལ་དེའི་དགོས་དམིགས་གཙོ་བོ་ནི། བོད་མི་མང་ཚོགས་ཚོས་བོད་ཆོལ་གསུམ་གྱི་ས་ཁྲ་ཡིན་པ་ཤེས་བཞིན་ཡོད་ཀྱང། རྒྱ་གཞུང་གི་ངོས་ནས་བོད་རང་སྐྱོང་ལྗོངས་ཟེར་བ་དེ་གཅིག་པུ་བོད་ཡིན་ཚུལ་གྱི་འཁྱོག་བཤད་དྲིལ་བསྒྲགས་བྱས་སྟབས། བོད་ཆོལ་གསུམ་ཁྱབ་པའི་ས་ཁྲ་ཡོངས་རྫོགས་དེ་བོད་ཡིན་པ་མང་ཚོགས་ལ་གོ་རྟོགས་སྤེལ་སླད་དམིགས་པ་ཞིག་ཆགས་ཀྱི་འདུག

Latest news

- Advertisement -spot_img