ཉེ་ཆར་རྒྱ་ནག་ཧྲང་ཧྲེའེ་ནང་འཚོགས་པའི་འཛམ་གླིང་ནང་གི་གྲགས་ཆེ་བའི་ UFC ཁུར་འཛིང་གི་འགྲན་བསྡུར་ཞིག་གི་ཁྲོད་བོད་ཀྱི་འཁུར་འཛིང་པ་གྲགས་ཅན་བསོད་ནམས་དར་རྒྱས་ལགས་ཀྱིས་འགྲན་ཡ་ཨ་རི་ནས་ཡིན་པའི་ Alex Perez ལགས་ཕམ་ཉེས་སུ་བཏང་སྟེ་ཁོང་ལ་རྒྱལ་ཁ་ཐོབ་འདུག

རྩ་བའི་ད་ལོའི་ཕྱི་ཟླ་ ༥ ཚེས་ ༣༠ ཉིན། བོད་ཀྱི་ཁུར་འཛིང་པ་གྲགས་ཅན་ Su Mudaerji བསོད་ནམས་དར་རྒྱས་ལགས་ཀྱིས་ Macau མ་ཁེལ་གྲོང་ཁྱེར་ནང་ UFC འགྲན་བསྡུར་ཞིག་གི་ནང་ཞུགས་སྐབས། འགྲན་སྐོར་དང་པོའི་ནང་འགྲན་ཡ་ Alex Perez ལགས་ཀྱི་ལུས་ལ་རྨས་སྐྱོན་བྱུང་རྗེས། འགྲན་བསྡུར་བྱེད་མཚམས་བཞག་ཡོད་པ་དང་། སྐབས་དེ་དུས་རྒྱལ་ཕམ་གྱི་ཐག་ཆོད་གང་ཡང་མ་བྱས་པར་འགྲན་བསྡུར་བརྩི་མེད་གྱུར་ཡོད། དེ་ནས་ཕྱི་ཟླ་ ༨ ཚེས་ ༢༩ ཉིན་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེའེ་ནང་བསྐྱར་དུ་འགྲན་བསྡུར་བྱས་ཏེ། བོད་ཀྱི་འཁུར་འཛིང་པ་གྲགས་ཅན་བསོད་ནམས་དར་རྒྱས་ལགས་ལ་སྤྱི་མོས་ཀྱི་ཐོག་ནས་རྒྱལ་ཁ་ཐོབ་ཡོད་འདུག
ཕྱི་ཚེས་ ༢༩ ཉིན་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེའེ་ནང་འཚོགས་པའི་ UFC འགྲན་བསྡུར་ཁྲོད། ཁོང་གི་འགྲན་ཡ་ Alex Perez དང་ཁོང་གཉིས་ཀྱིས་སྐར་མ་ ༤ རེ་ཅན་གྱི་འགྲན་སྐོར་ཐེངས་གསུམ་བྱས་པས། ཁྱོན་བསྡོམས་སྐར་མ་ ༡༢ ཀྱི་རིང་ལ་འགྲན་བསྡུར་ཁྲོད། མཐའ་མར་བསོད་ནམས་དར་རྒྱས་ལགས་ལ་སྤྱི་མོས་ཀྱི་ཐག་ཆོད་ཐོག་ནས་རྒྱལ་ཁ་ཐོབ་ཡོད་པ་དང་། སྐབས་དེར་ བསོད་ནམས་དར་རྒྱས་ལགས་ཀྱིས་ཉེ་ཆར་བོད་སྐྱིད་གྲོང་ས་མཚམས་སུ་ཆུ་ལོག་དོན་རྐྱེན་བྱུང་བར་གོད་ཆགས་ཕོག་པ་རྣམས་བདེ་འཇགས་ཡོང་བའི་སྨོན་འདུན་ཞུས་འདུག་ལ། ལྷག་པར་དུ་གནས་ཚུལ་བཟང་བ་ཞིག་ལ། མི་རིང་བར་ཁོང་ཨ་ཕ་ཞིག་ཆགས་རྒྱུ་ཡིན་པ་གསལ་བསྒྲགས་བྱས་འདུག ཐེངས་འདིའི་འགྲན་བསྡུར་སྐབས་སུ་ཁོང་གི་སྤུན་མཆེད་དང་། གྲོགས་པོ། ཆུང་མ་སོགས་ཀྱིས་ལུས་ལ་བོད་ཆས་གཙང་མ་གྱོན་ནས། འགྲན་བསྡུར་འཚོགས་ཡུལ་ནང་དངོས་སུ་མཉམ་ཞུགས་བྱས་ཡོད་འདུག

བོད་ཀྱི་ཁུར་འཛིང་པ་གྲགས་ཅན་བསོད་ནམས་དར་རྒྱས་ལགས་ནི་བོད་མདོ་སྨད་ནས་སྐྱེས་པ་ཞིག་དང་། སྐད་གྲགས་ཆེ་བའི་མགོན་པོ་དྲག་རྩལ་ཁང་ནས་དྲག་རྩལ་སློབ་སྦྱོང་བྱས་ཏེ་ནར་སོན་པ་ཞིག་ཡིན། ཁོང་ནི་བོད་ཀྱི་ལོ་རྒྱུས་ཐོག་ UFC ནང་འགྲན་ཞུགས་བྱས་པའི་བོད་པ་ཐོག་མ་དང་། རྒྱལ་ཁ་ཐོབ་མཁན་ཡང་ཐོག་མ་ཆགས་ཡོད་ལ། ཐེངས་འདིའི་འགྲན་བསྡུར་ནང་རྒྱལ་ཁ་ཐོབ་རྗེས། བོད་ནང་གི་བོད་པ་ཚོས་དྲྭ་ལམ་ཁག་ཏུ་ཁུར་འཛིང་མཁན་ཁོང་ལ་རྒྱབ་སྐྱོར་དང་དགའ་མོས་ཀྱི་རྣམ་པ་ཤུགས་ཆེན་བསྟན་ཡོད་འདུག
ཕྱོགས་མཚུངས་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༤ ཉིན། རྒྱ་ནག་གི་གྲོང་ཁྱེར་ཀུའི་ཀྲའུ་ཨན་ཧྲུན་ནང་འཚོགས་པའི་ MMA འགྲན་བསྡུར་ཁྲོད། བོད་ནག་ཆུ་ནས་ཡིན་པའི་ཁུར་འཛིང་མཁན་བུ་མོ་ཀུན་བཟང་ཆོས་སྒྲོན་ལགས་ཀྱིས། འགྲན་ཡ་ཨི་རག་ (Iraq) རྒྱལ་ཁབ་ནས་ཡིན་པའི་འགྲན་རོགས་ཕམ་ཉེས་བཏང་རྗེས། གསེར་གྱི་སྐེ་རགས་ཀྱི་བྱ་དགའ་ཐོབ་ཡོད་འདུག དེ་ནི་བོད་པའི་བུད་མེད་ཅིག་ལ་གསེར་གྱི་སྐེ་རགས་ཐོབ་པ་ཐོག་མ་ཡིན་པ་རེད་འདུག
དེ་བཞིན། ད་ལོའི་ཕྱི་ཟླ་ ༦ ནང་བོད་ཁུལ་དུ་སྐད་གྲགས་ཆེ་བའི་མགོན་པོ་དྲག་རྩལ་ཁང་གི་ཁུར་འཛིང་པ་གྲགས་ཅན་བློ་གྲོས་རྒྱ་མཚོ་ལགས་རྒྱ་ནག་གི་གྲོང་ཁྱེར་ཧྲན་ཞིའི་ཁུར་འཛིང་གར་སྟེགས་ཆེན་མོ་ JCK ཐོག་ཏུ་ཁུར་འཛིང་འགྲན་སྐོར་གསུམ་པའི་ནང་ཕམ་ཉེས་བྱུང་ཡོད་འདུག མ་ཟད། ཁུར་འཛིང་མཁན་གྲགས་ཅན་ཚེ་དབང་ལགས་སུ་ཡང་རྒྱ་ནག་གི་གྲོང་ཁྱེར་ཧྲན་ཞིའི་ཁུར་འཛིང་གར་སྟེགས་ཆེན་མོ་ JCK ཐོག་ཏུ་ཁུར་འཛིང་འགྲན་སྐོར་གསུམ་པའི་ནང་ཕམ་ཡོད་པ་དང་། ཁུར་འཛིང་མཁན་བློ་གྲོས་རྒྱ་མཚོ་ནི་ཚེ་དབང་གི་ཕུ་བོ་ཡིན་པ་རེད། ཁུར་འཛིང་མཁན་སྐད་གྲགས་ཅན་ཚེ་དབང་དང་། ཡུ་གུར་གྱི་ཁུར་འཛིང་མཁན་སྐད་གྲགས་ཅན་ན་ཨར་ཐེ་གཉིས་ཀྱིས། རྒྱ་སྒོར་ཁྲི་བརྒྱའི་བྱ་དགའ་ཡོད་པའི་འགྲན་བསྡུར་ཆེན་པོའི་ཁྲོད་ཚེ་དབང་ལགས་ཕམ་མྱོང་ཡོད་འདུག

དེ་བཞིན་ཁུར་འཛིང་པ་གྲགས་ཅན་པདྨ་མ་རྡོ་རྗེ་ལགས་ཀྱིས་ WMC ཁུར་འཛིང་པ་གྲགས་ཅན་ Daniel Williams དང་འགྲན་བསྡུར་བྱས་རྗེས། ཁོང་ལ་ཕམ་ཁ་བྱུང་ཡོད་ནའང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་ཁོང་ལ་བསྟོད་བསྔགས་ཆེན་པོ་ཞུས་ཡོད་འདུག
སྤྱིར་འདས་པའི་ལོ་ཤས་ནང་། བོད་ཁུལ་གང་ས་ནས་ཁུར་འཛིང་བྱེད་མཁན་སྐད་གྲགས་ཅན་མང་པོ་འཚར་ལོངས་བྱུང་ཡོད་པ་དང་། མང་ཆེ་བ་མགོན་པོ་དྲག་རྩལ་ཁང་གི་སློབ་མ་ཡིན་འདུག ན་གཞོན་ཚོས་བོད་པའི་ཁྱད་ཆོས་ལྡན་པའི་བོད་ཆས་དང་། བོད་སྐད། བོད་ཡིག བོད་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་འཛམ་གླིང་གི་གར་སྟེགས་ཆེན་པོ་ཚོའི་སྟེང་དུ་འཁྱེར་བཞིན་པར། བོད་པ་ཚོས་རྒྱབ་སྐྱོར་དང་རྗེས་སུ་ཡིད་རངས་བྱེད་བཞིན་འདུག




