རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བློས་བཏང་ལ་རྗེས་དྲན་དང་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཞེས་པའི་ཁྲིམས་གསར་ལ་ངོ་རྒོལ་ཆེད་དུ་རྒྱ་གར་ལྷོ་ཕྱོགས་ Ooty སྐྱིད་ཚལ་གླིང་བོད་རིགས་ཚོང་པ་ཚོགས་པའི་མི་སྣ་ ༥ ནས་དྭང་བླངས་ཐོག་ཀར་ན་ཊ་ཀ་མངའ་སྡེའི་ Chamarajanagar རྫོང་གི་བྷན་དི་པུར་ས་གནས་ནས་བྷེང་ལོར་གྲོང་ཁྱེར་བར་སྤྱི་ལེ་ ༢༡༧ ཙམ་གྱི་བོད་དོན་གོམ་བགྲོད་གནང་བཞིན་པ་དང་། དེ་མཚུངས་སུ་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ལས་ཁུངས་དང་ཁུལ་དེའི་ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས་བཅས་ཀྱི་མཉམ་འབྲེལ་གོ་སྒྲིག་འོག་བོད་མི་ ༣ གྱིས་བྷེང་ལོར་གྲོང་ཁྱེར་ནས་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་བར་སྤྱི་ལེ་ ༡༨༠ ཙམ་གྱི་ཞི་བའི་རྒྱུང་རྒྱུག་ཅིག་གནང་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༥ སྟེ་རྒྱ་གར་རང་བཙན་ཉིན་མོ་དང་བསྟུན་འགོ་འཛུགས་གནང་བའི་དྭང་བླངས་བོད་དོན་གོམ་བགྲོད་གནང་མཁན་ Ooty སྐྱིད་ཚལ་གླིང་བོད་རིགས་ཚོང་པ་ཚོགས་པའི་མི་སྣ་ ༥ རྣམས་ད་ལྟའི་ཆར་བྷེང་ལོར་ཁུལ་དུ་འབྱོར་འདུག་པ་དང་། ཁོང་རྣམ་པའི་གོམ་བགྲོད་ཀྱི་དགོས་འདུན་གཙོ་བོ་ནི་ཉེ་ལམ་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་གསར་ལག་བསྟར་བྱས་པ་དེར་མཐའ་གཅིག་ཏུ་ངོས་ལེན་མེད་པའི་ངོ་རྒོལ་དང་། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་གཙོས་པའི་ད་བར་བོད་ཕྱི་ནང་གཉིས་སུ་བོད་མི་ ༡༧༠ ལྷག་གིས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ལུས་མེར་བསྲེགས་གནང་བའི་བློས་བཏང་ལ་རྗེས་དྲན་གྱིས་བོད་མིའི་ཛ་དྲག་གི་གནང་སྟངས་དང་མངོན་འདོད་གང་ཡིན་པ་སོགས་ཡིག་ཆ་འགྲེམས་སྤེལ་བརྒྱུད་རྒྱ་གར་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུ་ཆེད་དུ་ཡིན་པ་མ་ཟད། དེ་རིང་ཕྱི་ཚེས་ ༡༩ ཉིན་མོ་དེ་བཞིན་ཁོང་རྣམས་ནས་གོམ་བགྲོད་གནང་སྒོ་བཙུགས་བྱས་ཉིན་གྲངས་ ༥ པ་དེ་ཆགས་ཀྱི་འདུག གོམ་བགྲོད་པ་ཕུར་བུ་དགྲ་འདུལ་ལགས་ཀྱིས་འདི་གའི་གསར་འགོད་པར་གསུང་དོན་བྱས་ན། ཐེངས་འདིའི་ལས་འགུལ་བརྒྱུད་དེ་ཁོང་རྣམས་ནས་དགེ་སྦྱོར་གང་བསགས་པ་དེས་བོད་ལ་སྐྱིད་པའི་ཉི་མ་མྱུར་དུ་ཤར་བའི་སྨོན་འདུན་ཞུ་རྒྱུ་ཡིན་པ་སོགས་གསུངས་སོང་།
ཕྱོགས་མཚུངས་རྒྱ་གར་ལྷོ་ཕྱོགས་ཧོན་སུར་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ལས་ཁུངས་གཙོས་པའི་ཁུལ་དེའི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་དང་ས་གནས་རང་བཙན་དང་དབུ་མའི་གཞོན་ནུ་ལྷན་ཚོགས་བཅས་ཀྱི་མཉམ་འབྲེལ་གོ་སྒྲིག་འོག་བོད་མི་ ༣ གྱིས་ཟླ་འདིིའི་ཕྱི་ཚེས་ ༡༥ རྒྱ་གར་རང་བཙན་ཉིན་མོ་དང་བསྟུན་བྷེང་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནས་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་བར་སྤྱི་ལེ་ ༡༨༠ ཙམ་གྱི་ཞི་བའི་རྒྱུང་རྒྱུག་གི་ལས་འགུལ་ཞིག་སྤེལ་འདུག་པ་དང་། ལས་འགུལ་དེ་ཡང་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་སུ་རྗེས་དྲན་དང་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་ལ་ངོ་རྒོལ་མཚོན་བྱེད་དུ་ཡིན་པ་མ་ཟད། ཞི་བའི་རྒྱང་རྒྱུག་ཁྲོད་ལས་འགུལ་བ་རྣམས་ཁ་སང་ཕྱི་ཚེས་ ༡༨ ཉིན་མའེ་སོར་ཁུལ་དུ་འབྱོར་སྐབས། ཧོན་སུར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་གཡུ་སྒྲོན་ལགས་དང་། ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་སྒྲོལ་མ་ལགས་བཅས་ནས་ཁུལ་དེར་གནས་བཞུགས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ Yaduveer Wadiyar མཆོག་ལ་བོད་དོན་གླེང་སློང་དགོས་པའི་ཞུ་ཡིག་ཅིག་ཕུལ་འདུག
ཞུ་ཡིག་དེའི་ནང་གཙོ་བོ། ཉེ་ལམ་ཕྱི་ཟླ་ ༧ ཚེས་ ༢ ཉིན་ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་དུ་འ་ཆད་འུ་ཐུག་གིས་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་སྐུ་ལུས་མེར་མཆོད་ཕུལ་བའི་བློས་བཏང་སྐོར་འགྲེལ་བརྗོད་ཀྱིས། དམ་པ་ཁོང་གིས་བློས་བཏང་གནང་བའི་དོན་རྐྱེན་དེ་རྒྱ་གར་གྲོས་ཚོགས་ནང་ངོས་འཛིན་གནང་དགོས་པ་མ་ཟད། སྲིད་གཞུང་དང་གྲོས་ཚོགས་འཐུས་མི་རྣམས་ལ་བོད་མིའི་སྐུ་ཚབ་དང་ཚོགས་སྡེ་ཁག་མཉམ་དུ་འབྲེལ་བ་གནང་དགོས་པའི་སྐུལ་མ་གནང་སྐྱོང་ཡོང་བའི་རེ་འདུན་བཏོན་འདུག མ་ཟད་ཞུ་ཡིག་དེའི་ནང་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ངོ་བོ་དང་ཆོས་དད་རང་དབང་བཅས་རྡོག་རོལ་གཏོང་བཞིན་པ་མཚོན་པའི་བོད་ཀྱི་ད་ལྟའི་ཛ་དྲག་གི་གནས་སྟངས་གསལ་འདོན་གྱིས། གྲོས་ཚོགས་འཐུས་མི་ཁོང་ལ་སྲིད་གཞུང་ངོས་ནས་བོད་ཀྱི་གནད་དོན་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཚུད་པའི་རྒྱལ་སྤྱིའི་སྡིངས་ཆའི་སྟེང་གླེང་སློང་གནང་དགོས་པ་དང་། ལྷག་པར་དུ་རྒྱ་གར་རྒྱལ་ཁབ་ནས་འཛམ་གླིང་ཡོངས་ཀྱི་མང་གཙོའི་རྒྱལ་ཁབ་ཁག་ལ་བོད་དོན་ཐོག་ལངས་ཕྱོགས་བརྟན་པོ་འཛིན་དགོས་པ་དང་། བོད་མིའི་མངོན་འདོད་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་དུ་རྒྱལ་སྤྱིའི་དོ་སྣང་ཐོབ་པར་སྐུལ་མ་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག་ལ། རྒྱ་ནག་གིས་བོད་མིའི་ངོ་བོ་རྩ་མེད་གཏོང་ཐབས་སླད་བོད་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་བཙན་ཤེད་ཀྱིས་སྤེལ་བཞིན་པ་དེར་ངོ་རྒོལ་གྱིས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་འདུན་བཏོན་འདུག
དེ་བཞིན་ཞི་བའི་རྒྱང་རྒྱུག་གནང་མཁན་རྣམས་དེ་རིང་ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་ཧོན་སུར་གཞིས་ཆགས་སུ་འབྱོར་སྐབས་ཁུལ་དེའི་ས་གནས་མི་མང་ནས་ཕེབས་བསུ་དང་སྦྲགས་མང་ཚོགས་འདུ་འཛོམས་ཐོག་མཆོད་འབུལ་སྨོན་ལམ་ཞིག་འཚོགས་ཡོད་པ་དང་། དེའི་རྗེས་ཧོན་སུར་ས་གནས་མི་མང་ ༣༣ ཙམ་ནས་སྐྲ་བཞར་གྱི་ངོ་རྒོལ་ལས་འགུལ་ཞིག་སྤེལ་འདུག་པ་མ་ཟད། དེ་རིང་དགོང་མོ་ཁུལ་དེར་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་ཀྱང་སྤེལ་འདུག

དེའི་བར་ན་གནས་ཚུལ་གཞན་ཞིག་ཐོན་པའི་ནང་། བོད་མི་མང་སྤྱི་འཐུས་ཆོས་འཕེལ་ཐུབ་བསྟན་ལགས་ཀྱི་སྣེ་ཁྲིད་འོག་སྐུ་ཚབ་ཚོ་ཁག་ཅིག་ནས་ཁ་སང་ཕྱི་ཚེས་ ༡༨ ཉིན་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ DK Shivakumar མཆོག་དང་མཇལ་ཀྱིས་བོད་དོན་རྒྱབ་སྐྱོར་ཡོང་བའི་ཞུ་ཡིག་ཅིག་ཕུལ་འདུག་པ་དང་། བློན་ཆེན་མཆོག་ནས་ཀྱང་མངའ་སྡེའི་མི་མང་དང་ཁུལ་དེའི་བོད་མི་དབར་གྱི་འབྲེལ་བ་དམ་གཟབ་དེ་མུ་མཐུད་རྒྱུན་སྐྱོང་གནང་རྒྱུའི་ཆོད་སེམས་བརྟན་པོ་གསལ་འདོན་གནང་འདུག་པ་མ་ཟད། བོད་མིར་རྒྱབ་སྐྱོར་གང་ཐུབ་གནང་རྒྱུ་ཡིན་པ་གསུངས་འདུག




