Tibetan Royal Year of 2151 | Year of the Wood Dragon

ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་དང་རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་ཐོན་མཛད་སྒོར་རིགས་གཅིག་རྐང་འཛིན་ལ་དོ་སྣང་གནང་གལ་ཡིན་པ་གསུངས་སོང་།

Tibetan News Headlines

  • Tibet and Himalayas: In conversation with two PhD students

རེས་གཟའ་ཉི་མ། ༢༠༢༤།༠༩།༡༥

  • བོད་དང་ཧི་མཱ་ལ་ཡ། འབུམ་རམས་པའི་སློབ་མ་གཉིས་དང་གླེང་མོལ།

དེ་རིང་ཕྱི་ཟླ་ ༨ ཚེས་ ༡༣ ཉིན་རིགས་ལམ་སློབ་གཉེར་ཁང་གི་ཡན་ལག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དབུ་བརྙེས་ཏེ་ལོ་ངོ་ ༢༦ འཁོར་བ་དང་བསྟུན། སྐབས་ལྔ་པའི་ལོ་རྒྱུས་གཙུག་ལ་རབ་འབྱམས་པའི་སློབ་མ་ ༧ དང་སྐབས་བཞི་པའི་རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་ ༥ བཅས་ཁྱོན་སློབ་མ་ ༡༢ ལ་སློབ་ཐོན་ཕྱག་འཁྱེར་གནང་ཡོད་པ་དང་འབྲེལ། རིགས་གཅིག་རྐང་འཛིན་ལ་དོ་སྣང་ཆེན་པོ་བྱ་དགོས་ཤིང་། མ་འོངས་སྤྱི་ཚོགས་ལ་ཕན་པའི་ལས་དོན་རྒྱ་གང་ཆེ་གནང་བའི་རེ་བ་དང་སྨོན་འདུན་ཞུས་སོང་།

དེ་ཡང་དེ་རིང་གི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། རིགས་སློབ་མ་ལག་གཉིས་ཀྱི་དྲུང་ཆེ་བསྟན་འཛིན་སྟོབས་རྒྱས་ལགས། འཇར་མན་བོད་ཁང་གི་འགན་འཛིན་སྤྲུལ་སྐུ་ཐོས་བསམ་ལགས། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་བགྲེས་གཞོན་གཙོས་པའི་སློབ་དཔོན་རྣམ་པ། ལས་བྱེད། དེ་བཞིན་སློབ་གཉེར་བ་དང་སློབ་ཐོན་པའི་ཕ་མ་བཅས་ནས་མཉམ་ཞུགས་གནང་འདུག

སྐབས་དེར་སྐུ་མགྲོན་གཙོ་བོ་དགེ་བཤེས་ལྷག་རྡོར་ལགས་ཀྱིས། དེ་རིང་ས་རཱ་བོད་ཀྱི་མཐོ་སློབ་དབུ་བརྙེས་ནས་ལོ་ངོ་ ༢༦ འཁོར་གྱི་ཡོད་པར་འདས་པའི་དུས་ཡུན་ཁྲོད་རང་རེ་སྤྱི་ཚོགས་ལ་ཕན་རླབས་ཆེན་པོ་བྱུང་ཡོད་པ་དང་། གོ་སྐབས་འདིའི་བརྒྱུད་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་དྲན་དགོས་གལ་ཐོག་སྐུ་གཟུགས་གསལ་ཐང་ཡོང་བའི་སྨོན་འདུན་དང་། དེ་བཞིན་སློབ་གཉེར་ཁང་འདི་ཉིད་ཐོག་མ་གསར་འཛུགས་གནང་མཁན་རྒན་དམ་པ་བློ་བཟང་རྒྱ་མཚོ་མཆོག་གིས་དབུས་པའི་རྒན་རབས་རྣམ་པའི་བཀའ་དྲིན་དྲན་དགོས་གལ་ཡིན་པ་དྲན་སྐུལ་གནང་སོང་།

ལྷག་པར་སློབ་སྦྱོང་གི་གྲུབ་འབྲས་ཞེས་པ་དེ་ནང་སེམས་ཀྱི་འགྱུར་བ་དང་འབྲེལ་བ་ཡོད་པར་ཕྱི་ལ་མངོན་གསལ་དོད་པོ་མེད་སྟབས། སྐབས་འགར་སེམས་ཤུགས་ཆགས་པ་དང་དོ་སྣང་མེད་པ་དེ་འདྲ་ཡོང་སྲིད་པར་གཟབ་ནན་བྱ་དགོས་གལ་དང་། སྤྱི་ཚོགས་ནང་མི་གཅིག་ཡག་པོ་བཟོ་ཐུབ་ན་དེའི་བསྟན་འགྲོ་སྤྱི་དང་ཡང་སྒོས་བོད་སྤྱི་བའི་དོན་དུ་ཞབས་འདེགས་ཆེན་པོ་སྒྲུབ་མཁན་ཞིག་ཆགས་ཐུབ་ཀྱི་ཡོད་པར་བརྟེན། ད་བར་ས་རཱ་མཐོ་སློབ་ཀྱི་ངོས་ནས་བོད་པའི་སྤྱི་ཚོགས་ནང་ཞབས་ཞུ་ཆེན་པོ་སྒྲུབ་བཞིན་པར་སླད་མར་མུ་མཐུད་དེ་ལྟར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་སོང་།

ད་དུང་འཛམ་གླིང་གང་དུ་སོང་ཡང་བོད་པའི་རིག་གཞུང་དེ་ངོམས་སུ་ཆོག་པ་ཞིག་ཡིན་པར་ནོར་བུ་རང་ལ་ཡོད་དུས་ནོར་ཉམས་ཆོད་པ་ཞིག་བྱ་དགོས་གལ་ཡིན་པ་དང་། དེ་བཞིན་རིགས་གཅིག་རྐང་འཛིན་ལ་དོན་སྣང་ཆེན་པོ་དགོས་ཤིང་། ལྷག་པར་བོད་ནང་རྒྱ་གཞུང་གི་དམ་བསྒྲགས་ཆེན་པོའི་འོག་བོད་རྒྱ་སྒྱུར་གྱི་སྲིད་བྱུས་ལག་བསྟར་གྱིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་བཞིན་ཡོད་པར་ང་ཚོ་བཙན་བྱོལ་ནང་ཡོད་མཁན་རྣམ་པས་རང་ལ་འཁྲི་བའི་འགན་དེ་ངེས་པར་དུ་འཁུར་དགོས་གལ་སོགས་ཀྱི་ལམ་སྟོན་གནང་སོང་།

དེ་བཞིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས། ཕྱི་ལོ་ ༡༩༩༨ ཟླ་ ༨ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ས་རཱ་མཐོ་སློབ་དེ་ཉིད་དབུ་འབྱེད་མཛད་པའི་དེ་བྱུང་ལོ་རྒྱུས་ཁག་ངོ་སྤྲོད་དང་ད་ལྟའི་ཆར་སློབ་མ་ཁྱོན་ ༢༣༣ དང་དགེ་རྒན་ ༥༨ བཅས་དགེ་སློབ་གྲངས་ ༢༩༡ ཡོད་སྐོར་གསུངས་པ་དང་འབྲེལ། ལྷག་པར་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་བཞིན་བོད་པའི་སྤྱི་ཚོགས་ནང་ལོ་རྒྱུས་དང་རྩོམ་རིག དེ་བཞིན་སྐད་བརྡ་རིག་པའི་ཆེད་ལས་ཀྱི་མི་སྣ་གསོ་སྐྱོང་དང་སྟོང་ཆ་སྐོང་ཆེད་གཙུག་ལག་རབ་འབྱམས་པའི་ལས་གཞི་གསར་འཛུགས་གནང་བ་ཞིག་ཡིན་པ་མ་ཟད། ད་ལྟའི་ཆར་ལོ་རྒྱུས་ཀྱི་གཙུག་ལག་རབ་འབྱམས་པ་སྐབས་ལྔ་པ་ཆགས་ཀྱི་ཡོད་ཅིང་ད་བར་སློབ་མ་ ༢༠ ལྷག་སློབ་ཐོན་ཟིན་པ་དང་། རྩོམ་རིག་གཙུག་ལག་རབ་འབྱམས་པ་སྐབས་བཞི་པ་ཆགས་ཀྱི་ཡོད་ཅིང་ད་བར་སློབ་མ་ ༢༠ ཙམ་སློབ་ཐོན་ཟིན་ཏེ་ཐོག་མའི་དམིགས་ཡུལ་དང་འཚམས་པའི་ལས་དོན་གནང་བཞིན་ཡོད་པ་སོགས་འགྲེལ་བརྗོད་ཀྱིས་མ་འོངས་སྤྱི་ཚོགས་ལ་ཕན་པའི་ལས་དོན་ནང་ཞུགས་པའི་རེ་བ་དང་སྨོན་ལམ་ཡོད་ཅེས་སྐུལ་མ་གནང་སོང་།

འདི་ག་རླུང་འཕྲིན་ཁང་ནས་ལོ་རྒྱུས་དང་རྩོམ་རིག་གཙུག་ལག་རབ་འབྱམས་སློབ་ཐོན་སློབ་མ་ཁག་གཅིག་ལ་བཅར་འདྲི་ཞུས་ཡོད་པས་གོང་གི་སྒྲ་སྒམ་ནས་གསན་ཐུབ།

འབྲེལ་ཡོད་གསར་གནས།

གསར་གནས།