ཐའེ་ཝན་གྱི་རྒྱལ་ས་ Taipei ཐའེ་པེ་ནང་དུ། གངས་རི་ནས་རྒྱ་མཚོའི་བར། འགྲོ་བ་མིའི་ཐོབ་ཐང་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་ཅེས་པའི་བརྗོད་གཞིའི་འོག བོད་ཀྱི་ཉེ་རབས་ལོ་རྒྱུས་དང་༸གོང་ས་མཆོག་གི་མཛད་འཁུར་ཐོག་དམིགས་བསལ་འགྲེམས་སྟོན་གནང་བཞིན་ཡོད་པ་དང་འབྲེལ། ༸གོང་ས་མཆོག་གི་བཀའ་སློབ་རྣམས་རྒྱ་སྐད་ཐོག་ཕབ་བསྒྱུར་གྱིས། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སེར་དཀྱུས་མ་ཚོར་གོ་རྟོགས་སྤེལ་ཐབས་ལ་དམིགས་ཡོད་ཅེས་གསུངས་སོང་།

འགྲེམས་སྟོན་དེ་བཞིན་ Human Rights Network for Tibet and Taiwan འམ་བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་གོ་སྒྲིག་འོག Taipei’s Wanhua, Xinfu Market རྒྱལ་ས་ཐའེ་པེ་ཝན་ཧུའ་རྫོང་གི་ཤིན་ཧྥུ་ཁྲོམ་གཞུང་གི་རིག་གཞུང་བསྟི་གནས་ཁང་དུ་འཚོག་བཞིན་ཡོད་ཅིང་། དེའང་ཟླ་བ་འདིའི་ཕྱི་ཚེས་ ༢༨ ནས་འགོ་འཛུགས་ཀྱིས་ཕྱི་ཟླ་ ༧ ཚེས་ ༦ བར་༸སྐུའི་གོ་སྟོན་ཉིན་མཇུག་བསྒྲིལ་གནང་གི་ཡོད་པ་རེད།
འགྲེམས་སྟོན་དེའི་ཐོག་སྒྱུ་རྩལ་གྱི་རྣམ་པ་འདྲ་མིན་སྒོ་ནས་རྒྱ་དམར་གཞུང་གིས་བོད་མི་དང་ཧོང་ཀོང་བ། ཡུ་གུར་བ་སོགས་ཀྱི་ཐོག་དྲག་གནོན་དང་། འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་གསལ་སྟོན་གནང་གི་ཡོད་པ་མ་ཟད། བཙན་བྱོལ་དུ་གྱར་བའི་མི་རིགས་དེ་དག་གི་ལས་འགུལ་བ་རྣམ་པས་བཙན་པོ་དབང་ཡོད་ཐོག་བྲོལ་བྱོལ་དུ་ཡོང་དགོས་པའི་དེ་བྱུང་ལོ་རྒྱུས་ཁག་དང་། བཙན་བྱོལ་དུ་འཐབ་རྩོད་མུ་མཐུད་བཞིན་གནད་དོན་སོགས་ཀྱི་ཐོག སྒེར་གྱི་ཉམས་མྱོང་དང་ཐུན་མོང་གི་ལག་ལེན་བཅས་ཀྱི་ཐོག་ལ་གོ་བསྡུར་སྦྱངས་བཤད། དེ་བཞིན་རྒྱ་དམར་གཞུང་གི་ཐའེ་ཝན་དང་ཨ་རི། ཨིན་ཡུལ་སོགས་ཀྱི་ནང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་སྤེལ་ཕྱོགས་དང་འབྲེལ་ནས་རྒྱལ་ཁབ་དེ་དག་གིས་ཡ་ལན་དང་ལས་དོན་བྱེད་ཕྱོགས། སྐྱབས་བཅོལ་བའི་ལམ་ལུགས་སྲ་བརྟན་བཟོ་ཐབས་སོགས་ཀྱི་ཐོག་གསུང་བཤད་ལས་རིམ། བོད་ཀྱི་ཟས་གོས་འགྲེམས་སྤེལ་སོགས་གོ་སྒྲིག་ཞུ་བཞིན་ཡོད་པ་རེད་འདུག

འདི་ག་རླུང་འཕྲིན་ཁང་ནས་བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་སྤྱི་ཁྱབ་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས་སུ་དེ་འབྲེལ་བཀའ་འདྲི་ཞུས་སྐབས། ཁོང་གིས་དམིགས་བསལ་གྱི་འགྲེམས་སྟོན་དེའི་ཐོག་༸གོང་ས་མཆོག་གི་འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་ཐོབ་ཐང་། ལྷག་པར་སྔར་མེད་དགེ་བཤེས་མ་གསར་འཛུགས་སོགས་ཀྱི་མཛད་པ་དང་འབྲེལ་བའི་འགྲེམས་སྟོན་གནང་བཞིན་ཡོད་པ་མ་ཟད། ཉིན་བཅུའི་རིང་མཁས་དབང་དང་ཉམས་ཞིབ་པ། ལས་འགུལ་བ་གདན་འདྲེན་ཞུས་ཏེ། ཚོགས་ཐུན་གཉིས་རེའི་གསུང་བཤད་ལས་རིམ་བཅས་ཀྱང་གོ་སྒྲིག་ཞུ་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་སོང་། དམིགས་བསལ་༸གོང་ས་མཆོག་གི་འགྲོ་བ་མིའི་ཐོབ་ཐང་དང་འཛམ་གླིང་ཞི་བདེའི་དོན་དུ་བཀའ་སློབ་སྩལ་བ་རྣམས་རྒྱ་ཡིག་ཐོག་ཕབ་བསྒྱུར་གྱིས། རྒྱ་རིགས་མི་མང་སྤྱི་དང་ལྷག་པར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སེར་དཀྱུས་མ་ཚོར་གོ་རྟོགས་སྤེལ་ཐབས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་སོང་།
རྩ་བའི་འདི་ཚེས་ ༢༨ ཉིན་འགྲེམས་སྟོན་དབུ་འཛུགས་གནང་བའི་སྐབས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཡོད་པ་དང་། སྐབས་དེར་ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Wu Peiti ཝུ་པེ་ཨི་ལགས་དང་། ཚོགས་གཞོན་ Chen Peiyu ཁྲེན་པེཡུ་ལགས། Huang Jie ཧཱུང་ཇེ་ལགས། ཐའེ་ཝན་སྐུ་ཚབ་དོན་གཅོད་ཀྱི་དྲུང་ཆེ་མི་འགྱུར་གཡུ་སྒྲོན་ལགས། བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་གཙོ་སློབ་དཔོན་ཆེན་མོ་ Wu Haoren ཝུ་ཧའོ་རེན་ལགས་སོགས་ཆེད་ཕེབས་གནང་འདུག

མ་ཟད་འགྲེམས་སྟོན་ཐོག་ཆེས་ཐོག་མ་བཅར་མཁན་གྲས་སུ་ཡིན་པ་ Sharon Lai ཤྷ་རོན་ལཡེ་ལགས་ཀྱིས། ཐའེ་ཝན་གྱི་ངོས་ནས་བོད་ཀྱི་གནད་དོན་ཐོག་ཐུགས་འཁུར་བཞེས་དགོས་ཤིང་། བོད་དང་ཐའེ་ཝན་གཉིས་ལ་སྟོབས་ཤུགས་ལྡན་པའི་ཁ་གཏད་གཅིག་མཚུངས་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་དང་། ཐའེ་ཝན་པ་དང་བོད་མི་རྣམས་ལ་རྒྱ་ནག་ལ་ཐ་དད་པའི་རིག་གཞུང་ཡོད་པའི་ཐོག ཆེས་རིན་ཐང་ལྡན་པའི་རང་དབང་དང་མང་གཙོར་དགའ་མོས་བྱེད་མཁན་ཞིག་ཡིན་པ་རེད་ཅེས་འགྲེལ་བརྗོད་གནང་སོང་། མ་ཟད་སྐབས་དེར་ཕྲུ་གུ་གཉིས་ཀྱི་ཨ་མ་ཞིག་གིས། བཙན་བྱོལ་ནང་དུ་གནས་སྡོད་བྱེད་མིན་ལ་མ་ལྟོས་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་དེ་འབྲེལ་རྒྱབ་སྐྱོར་བ་རྣམ་པས་ངལ་བ་འཛེམས་མེད་ཐོག་སོ་སོའི་འཐབ་རྩོད་མུ་མཐུད་གསོན་པོར་ཉར་ཐུབ་པ་དེར་སེམས་འགུལ་ཆེན་པོ་ཐེབས་སོང་ཞེས་འགྲེལ་བརྗོད་གནང་འདུག
གཞི་རྩའི་ད་རེས་ཀྱི་འགྲེམས་སྟོན་ཐོག་ཕྱག་རོགས་གནང་མཁན་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་དང་བོད་ཀྱི་འགྲེམས་སྟོན་ཁང་། ཐའེ་ཝན་གཞོན་ནུ་མང་ཚོགས། ཐའེ་ཝན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་སོགས་ཚོགས་པ་མང་པོས་མཐུན་འགྱུར་གནང་བ་ཞིག་ཡིན་པ་རེད་འདུག






