དེ་རིང་ཕྱི་ཟླ་ ༥ ཚེས་ ༢༧ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པ་ཙམ་ལ་བོད་དོན་དྲིལ་བསྒྲགས་རྐང་འཁོར་སྐོར་བསྐྱོད་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་བཞུགས་སྒར་དྷརྨ་ས་ལ་མེག་གྷན་ཁྲོམ་གཞུང་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཕྱོགས་ཐོན་གནང་སོང་།

དེ་ཡང་སྐུ་ཞབས་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས། ཕྱི་ཟླ་ ༤ ཚེས་ ༢༥ སྟེ། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༣༦ ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་རྒྱ་གར་བྱང་ཕྱོགས་བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་ནས་བོད་དོན་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དེ་འགོ་འཛུགས་གནང་ཞིང་། འདི་ཚེས་ ༢༥ ཉིན་བཞུགས་སྒར་དུ་འབྱོར་ཡོད་པ་དང་། མཐར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཇུག་སྒྲིལ་གནང་རྒྱུ་རེད་འདུག

རྩ་བའི་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་ཐེངས་འདིའི་ལས་འགུལ་ཁྲོད། ཀུན་གཟིགས་པཎ་ཆེན་རིན་པོ་མཆོག་གི་འཁྲུངས་སྐར་ཙམ་མིན་པར་ཟླ་བ་འདིའི་ཚེས་ ༡༧ སྟེ། དེ་སྔོན་ཕྱི་ལོ་ ༡༩༩༥ ཟླ་བ་ ༥ ཚེས་ ༡༧ ཉིན་རིན་པོ་ཆེ་མཆོག་རྒྱ་གཞུང་གིས་འཛིན་བཟུང་བྱས་སྟེ་ལོ་ངོ་ ༣༠ ཧྲིལ་པོ་འཁོར་བའི་དུས་ཚིགས་ཀྱང་དྲིལ་བསྒྲགས་གནང་རྒྱུའི་དམིགས་ཡུལ་བཟུང་ཡོད་པ་དང་། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དགོས་པའི་ཞུ་སྐུལ། རྒྱ་གར་གཞུང་དམངས་གཉིས་ནས་ཀྱང་གནད་དོན་དེའི་ཐོག་མཁྱེན་རྒྱ་དང་རྒྱབ་སྐྱོར་ཚད་མཐོ་ཐོབ་ཐབས། དམིགས་བསལ་བོད་རིགས་གཞོན་སྐྱེས་དང་ཆོལ་གསུམ་བོད་རིགས་སྤུན་ཟླ་རྣམས་རྡོག་རྩ་ཆིག་སྒྲིལ་ངང་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་ནུས་པ་སྔར་ལྷག་མཉམ་སྤུངས་ཡོང་རྒྱུ་སོགས་ལ་དམིགས་ཡོད་པ་རེད།






