Tibetan Royal Year of 2151 | Year of the Wood Dragon

ཨུ་རུ་སུ་དང་རྒྱ་གར་ཨིན་ཇིའི་བར་ཆབ་སྲིད་ཀྱི་རྩེད་འགྲན་ཆེན་མོའི་ཁྲོད་བོད་ལ་ཤུགས་རྐྱེན།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

ཟླ་བ་འདིའི་ཚེས་ ༡༤ ཉིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་རྒྱ་གར་ཕྱི་འབྲེལ་གཞུང་ཚབ་ཟུར་པ་དང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་གནང་མྱོང་མཁན་ Dilip Sinha དི་ལིཔ་སིནྷ་ལགས་ཀྱིས་འབྲི་རྩོམ་གནང་བའི་ Imperial Games in Tibet: The Battle for Statehood and Sovereignty འམ་བོད་ནང་བཙན་རྒྱལ་རིང་ལུགས་པའི་ཆབ་སྲིད་ཀྱི་རྩེད་མོ། རྒྱལ་ཁབ་ཀྱི་གནས་བབ་དང་རང་བཙན་འཐབ་རྩོད་ཅེས་པའི་དཔེ་དེབ་སྐོར་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་འབྲེལ། སྐབས་དེར་དི་ལིཔ་སིནྷ་ལགས་ཀྱིས་ཨ་རུ་སུ་དང་ཨིན་གཞུང་གཉིས་ཀྱི་བར་མངའ་དབང་རྒྱ་སྐྱེད་ཁྲོད་བོད་ནང་ཤུགས་རྐྱེན་དང་། རྒྱ་ནག་ལ་ཁེ་ཕན་ཇི་བྱུང་སོགས་ཀྱི་སྐོར་ལ་འགྲེལ་བརྗོད་ལྷུག་པོ་གནང་སྟེ། ད་ལྟའི་ཆར་ཨ་རི་དང་རྒྱ་ནག་གཉིས་ཀྱི་བར་དེ་ལྟ་བུའི་ཆབ་སྲིད་ཀྱི་རྩེད་འགྲན་ཁྲོད་བོད་ལ་གོ་སྐབས་དང་གདོང་ལེན་གཉིས་ཡོད་པར་དྲན་སྐུལ་གནང་འདུག

དེ་ཡང་སྐབས་དེར་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་དང་། སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལགས། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་འཆི་མེད་རིག་འཛིན་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་སོགས་ལྷན་ཞུགས་གནང་འདུག་པ་དང་། སྐབས་དེར་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། ཨུ་རུ་སུ་དང་ཨིན་ཡུལ་བར་ Great Game ཆབ་སྲིད་ཀྱི་རྩེད་འགྲན་ཆེན་མོའི་ཁྲོད་བོད་འཚུད་པའི་བརྒྱུད་རིམ་དང་། དེ་བཞིན་ཕྱི་འབྲེལ་མི་སྣ་ཞིག་གིས་བོད་ཀྱི་གནད་དོན་ལ་དོ་སྣང་གནང་བ་དེས་བོད་དོན་དོན་དེ་བཞིན་རྒྱལ་སྤྱིའི་གནད་དོན་ཞིག་ཡིན་པ་མཚོན་གྱི་ཡོད་སྐོར་སོགས་གསུངས་འདུག

བགྲོ་གླེང་དངོས་གཞི་དབུ་འཛུགས་སྐབས་ཁོང་གིས་དཔེ་དེབ་དེ་ཉིད་འབྲི་དགོས་པའི་རྒྱུ་མཚན་ནི་ཁོང་རང་ཉིད་རྒྱ་གར་གྱི་ཕྱི་འབྲེལ་གཞུང་ཚབ་སོགས་ཀྱི་ཕྱག་ལས་གནང་བའི་བརྒྱུད་རིམ་ཁྲོད་ཉམས་མྱོང་བྱུང་བ་ཞིག་ནི་རྒྱ་གར་ནང་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཁྲོད་ས་མཚམས་ཀྱི་རྩོད་རྙོག་གླེང་སློང་བྱེད་པ་མ་གཏོགས་རྒྱ་ཆེ་ས་ནས་རྒྱལ་ཁབ་གཉིས་བར་གྱི་སྤྱི་ཡོངས་གནས་བབ་དང་། ལྷག་པར་བོད་དང་འབྲེལ་བའི་སྐོར་ལ་གོ་རྟོགས་ཧ་ཅང་ཞན་པས་རྒྱུ་མཚན་གྱིས། སྟོང་ཆ་དེ་ཉིད་སྐོང་ཆེད་དང་རྒྱ་གར་མང་ཚོགས་ལ་དེ་འབྲེལ་གོ་རྟོགས་སྤེལ་ཆེད་བརྩམས་པ་ཞིག་ཡིན་པ་གསུངས་འདུག

པར་དབང་། bod.asia

ལྷག་པར་ཁོང་གིས་དཔེ་དེབ་དེ་ཐོག་མ་དྲི་བ་གཉིས་ཀྱི་ཐོག་ནས་འགོ་འཛུགས་བྱས་ཡོད་ཅིང་། དེའང་ཅིའི་ཕྱིར་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གིས་བོད་ཐོག་བཤད་པའི་གནད་དོན་ལ་ཁས་ལེན་བྱེད་ཀྱི་ཡོད་པ་དང་། དེར་སུས་ཀྱང་གདོང་ལེན་བྱེད་ཀྱི་མེད་དམ་ཞེས་དང་། དེ་བཞིན་ཅིའི་ཕྱིར་བོད་ཀྱི་ངོས་ནས་སོ་སོའི་རྒྱལ་ཁབ་ཀྱི་གནས་བབ་དེ་རྒྱལ་སྤྱིའི་གྲོས་གཞི་སྟེང་འཇོག་མི་ཐུབ་པའི་རྒྱུ་མཚན་ག་རེ་ཡིན་ནམ་ཞེས་པ་དེ་ཡིན་ཞིང་། གང་ལྟར་རྒྱལ་སྤྱིའི་སྤྱི་ཚོགས་ནང་རྩོད་རྙོག་སོགས་ཀྱི་གླེང་སློང་བྱེད་སྐབས་བོད་ཀྱི་གནད་དོན་དེ་ཚུད་ཀྱི་མེད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སློང་བྱེད་སྐབས་མ་གཏོགས་སེམས་འཚབ་ཀྱི་རྣམ་པ་བཏོན་མཁན་མེད་པ་རེད་ཅེས་འགྲེལ་བརྗོད་གནང་འདུག

པར་དབང་། bod.asia

དེའི་རྗེས་ཁོང་གིས་རྒྱ་གར་འདི་བཞིན་ཨིན་ཇིའི་མངའ་འོག་ཏུ་ཚུད་པ་ནས་བཟུང་དུས་རབས་ ༡༩ དང་ ༢༠ ནང་རྒྱ་གར་ཨིན་ཇིའི་གཞུང་དང་ཨུ་རུ་སུའི་བར་མངའ་དབང་རྒྱ་སྐྱེད་ཀྱི་འཐབ་རྩོད་ཁྲོད་ཨྥ་གྷ་ནིས་ཐན་གྱི་གནས་བབ་དང་། བོད་ཀྱི་གནས་བབ། དེ་བཞིན་རིམ་པས་རྒྱ་ནག་ལ་ཁས་ཕན་ཇི་བྱུང་སོགས་ཀྱི་སྐོར་ལ་ངོ་སྤྲོད་ཞིབ་ཕྲ་དང་འབྲེལ། དུས་རབས་ ༢༠ ནང་ས་བབ་ཆབ་སྲིད་ཀྱི་འགྱུར་བ་ཤུགས་ཆེ་བྱུང་བའི་རྐྱེན་གྱིས་འཛམ་གླིང་ཆབ་སྲིད་ཀྱི་རྩེད་འགྲན་ཆེན་མོ་དེ་ཉིད་མཇུག་སྒྲིལ་ཡོད་པ་གསུངས་འདུག

པར་དབང་། bod.asia

མ་ཟད་ཁོང་གིས་ལོ་རྒྱུས་ཁྲོད་ཡ་མཚན་ཅན་གྱི་གནད་དོན་ཞིག་ནི་འཛམ་གླིང་ཆབ་སྲིད་ཀྱི་རྩེད་འགྲན་ཆེན་མོའི་ཁྲོད་དམག་ཆེན་དང་པོའི་རྗེས་སུ་དབུས་ཨེ་ཤི་ཡའི་ནང་ཨིན་ཡུལ་གྱི་བཙན་རྒྱལ་རིང་ལུགས་མཇུག་བསྡུ་སྐབས་དེ་འབྲེལ་རྒྱལ་ཁབ་མང་པོ་ལ་རང་བཙན་ཐོབ་ཡོད་ཅིང་། དེ་བཞིན་ཕྱི་ལོ་ ༡༩༩༠ ནང་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་མཇུག་བསྡུ་ཏེ་རྒྱལ་ཁབ་མང་པོར་རང་བཙན་ཐོབ་ཡོད། འོན་ཀྱང་རྒྱ་ནག་དམར་ཤོག་ཚོགས་པས་ཆིང་རྒྱལ་རབས་མན་ཇུའི་དུས་སུ་འབྲེལ་ཡོད་རྒྱལ་ཁབ་མང་པོ་ཞིག་ད་ལྟའི་ཆར་རྒྱ་ནག་གི་ཡིན་ལུགས་བཤད་ཀྱི་ཡོད་པ་སོགས་ཐེར་འདོན་གནང་འདུག

གང་ལྟར་ཁོང་གིས་དེང་གི་དུས་སུ་འཛམ་གླིང་ས་བབ་ཆབ་སྲིད་ཀྱི་གནས་བབ་ལ་གཞིགས་ན་རྩེད་འགྲན་པ་མི་འདྲ་བ་དང་རྩེད་སྟངས་མི་འདྲ་བའི་རྣམ་པའི་ཐོག་ནས་ Great Game འཛམ་གླིང་ཆབ་སྲིད་ཀྱི་རྩེད་འགྲན་ཆེན་མོ་འདི་བཞིན་སླར་ཡང་གཞི་ཚུགས་ཀྱི་ཡོད་སྟབས། ཨ་རིས་རྒྱ་ནག་འདི་འགྲན་ཟླ་གཙོ་བོར་ངོས་འཛིན་གྱིས་ཁ་གཏད་དུ་མཐུན་ཕྱོགས་སྒྲིག་བཞིན་ཡོད་པ་མ་ཟད། ཨ་རིས་བོད་དེ་རྒྱ་ནག་གི་གླགས་རྙེད་པའི་རང་བཞིན་ཞིག་ཏུ་མཐོང་གི་ཡོད་སྟབས། བོད་དེ་སླར་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྡིངས་ཆའམ་རྩེད་རྭའི་ནང་སླེབས་ཀྱི་ཡོད་པ་དེར་གོ་སྐབས་དང་གདོང་ལེན་གཉིས་ཀ་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།