Tibetan Royal Year of 2151 | Year of the Wood Dragon

བོད་ནང་གི་གནས་སྟངས་ཐད་ཞི་ཅིན་ཕིང་ལ་ནག་ཉེས་ཡོད་པ་བདེན་དཔང་ར་སྤྲོད་ཐུབ་འདུག

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

Netherlands ནི་དྷར་ལེནྜ་གི་ The Hague གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་མི་སེར་ཁྲིམས་ཁང་ནང་ཟླ་བ་འདིའི་ཚེས་ ༧ ནས་བཟུང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་ནག་ཉེས་ཐོག་ཁྲིམས་ར་ཚོགས་ཏེ། དེ་རིང་ཕྱི་ཚེས་ ༡༢ ཉིན་མཐའི་ཐོག་བོད་ཀྱི་གནད་དོན་དང་འབྲེལ་བ་རྣམས་བདེན་དཔང་ར་སྤྲོད་གནང་ཐུབ་པ་བྱུང་འདུག

དེ་ཡང་འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་སུ་གནད་དོན་དེའི་ཐད་བཀའ་འདྲི་ཞུས་པར་ཁོང་གིས། དེ་རིང་ཁྲིམས་རའི་ཉིན་མཐའ་མའི་ཐོག་ཞི་ཅིན་ཕིང་ལ་བོད་ནང་སྐད་ཡིག་རྩ་མེད་བརྒྱུད་མི་རིགས་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་དང་། ཆབ་སྲིད་བཙོན་པར་མནར་གཅོད་སོགས་ཀྱི་གནས་སྟངས། དེ་བཞིན་བོད་མི་རྣམས་ལ་འགྲོ་འདུག་གཅོད་གསུམ་གྱི་དམ་བསྒྲགས་བཅས་དོན་ཚན་གསུམ་གྱི་ཉེས་འཛུགས་ལ་བདེན་དཔང་ར་སྤྲོད་ཐུབ་སྟེ། ཁྲིམས་དཔོན་རྣམ་པས་ཁྲིམས་ཐག་བཅད་ནས་ཞི་ཅིན་ཕིང་ལ་བོད་ནང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་གྱི་ཡོད་པར་ཉེན་བརྡ་བཏང་ཡོད་པ་འགྲེལ་བརྗོད་གནང་སོང་།

The Court of the Citizens of the World འམ་རྒྱལ་སྤྱིའི་མི་སེར་ཁྲིམས་ཁང་ཞེས་པ་དེ་ནི་ཇར་མ་ནིའི་རྒྱལ་ས་སྦར་ལིན་ནང་རྟེན་གཞི་བྱས་པའི་ The Cinema for World Peace Foundation ཞེས་པའི་ཐེབས་རྩ་ཁང་གིས་སྔ་ལོའི་ནང་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་པའི་གནད་དོན་ཁྲོད་གསར་བཙུགས་བྱས་པའི་རྒྱལ་སྤྱིའི་མི་སེར་གྱི་ཁྲིམས་ཁང་ཞིག་ཡིན་པ་དང་། ཁྲིམས་ཁང་དེས་ནག་ཉེས་ཕོག་པའི་ཚོགས་སྒེར་གང་ཟག་དངོས་སུ་འཛིན་བཟུང་དང་ཁྲིམས་བཅད་གཏོང་རྒྱུ་སོགས་ཀྱི་ཁྲིམས་ཀྱི་དབང་ཚད་མེད་ཀྱང་། དེའི་ཐོག་རྒྱལ་སྤྱིའི་ནང་གྲགས་ཆེ་བའི་ཁྲིམས་དཔོན་དང་ཁྲིམས་རྩོད་པ། དཔང་མི་སོགས་དངོས་སུ་མཉམ་ཞུགས་བརྒྱུད་དྲག་གནོན་ཅན་གྱི་གཞུང་དང་དཔོན་རིགས་གང་ཟག་རྣམས་ཀྱི་ནག་ཉེས་རྒྱལ་སྤྱིའི་ཐོག་ར་སྤྲོད་གནང་གི་ཡོད་པ་རེད་འདུག

རྩ་བའི་ཁྲིམས་རའི་ཐོག་བོད་མིའི་ཕྱོགས་ནས་སུད་སི་ནས་སུད་ནང་གནས་བཞུགས་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཕྱི་ཚེས་ ༨ ནས་ཁྲིམས་རར་དངོས་སུ་མཉམ་ཞུགས་ཡོད་པ་དང་། དེ་བཞིན་ཨ་རི་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་ཚ་མོ་ཉི་མ་ལྷ་མོ་ལགས་དྲ་ལམ་ནས་མཉམ་ཞུགས་གནང་འདུག་པ་མ་ཟད། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཟུར་པ་ཤར་གླིང་ཟླ་སྒྲོན་ལགས། ཨ་རིའི་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་རྡོར་ལགས་དྲ་ལམ་བརྒྱུད་ནས་མཉམ་ཞུགས་གནང་འདུག ད་དུང་མགོ་ལོག་འཇིགས་མེད་ལགས་ཀྱི་སྐད་སྒྱུར་བ་འབྲུག་ཐར་ལགས། དོན་གྲུབ་དབང་ཆེན་ལགས་ཀྱི་སྐད་སྒྱུར་བ་བསྟན་འཛིན་ཐོས་བསམ་ལགས། ཉི་མ་ལྷ་མོ་ལགས་ཀྱི་སྐད་སྒྱུར་བ་ནོར་བུ་བསམ་འཕེལ་ལགས་བཅས་མཉམ་ཞུགས་གནང་འདུག

གཞི་རྩའི་རྒྱལ་སྤྱིའི་མི་སེར་གྱི་ཁྲིམས་ཁང་ནས་སྔ་ལོའི་ནང་ཨུ་རུ་སུའི་སྲིད་འཛིན་ Vladimir Putin ཐོག་ཁྲིམས་ར་འཚོགས་ཡོད་པ་དང་། འདི་ལོའི་ཁྲིམས་རྭའི་ཉིན་དང་པོར་ཐའེ་ཝན་གྱི་གནད་དོན་དང་འབྲེལ། ཡུལ་དེའི་རྒྱལ་ཁབ་ཀྱི་བདག་དབང་། དེ་བཞིན་རང་ཐག་རང་གཅོད་ཀྱི་ཁེ་དབང་ཐད་ཁྲིམས་བཤེར་བྱས་ཡོད་ཅིང་། དེའི་རྗེས་བོད་དང་ཡུ་གུར་མི་རིགས་ཀྱི་གནད་དོན་ཐད་དཔང་མི་དང་ཕྱི་ནང་གི་ཆེད་མཁས་པ་བཅས་ནས་མཉམ་ཞུགས་ཐོག་ཁྲིམས་བཤེར་འཚོགས་པ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།