བོད་ནང་གཏེར་ཁ་སྔོག་འདོན་བྱས་པ་དེ་དཔལ་འབྱོར་གྱི་སྲིད་བྱུས་ཙམ་མིན་པར་བོད་རྒྱ་བསྒྱུར་གྱི་སྲིད་བྱུས་ཡིན་པ་གསལ་འདོན།

Tibetan News Headlines

  • Young Minds: In Conversation with Tenzin Gayche

ཪེས་གཟའ་ཉི་མ། ༢༠༢༦།༡༡།༢༩

  • སྨོན་ལམ་མིས་བཟོས་རིག་ནུས་སྤྱི་ཁྱབ་འགན་འཁུར་བ་བསྟན་འཛིན་དགེ་བྱེད་ལགས་དང་གླེང་མོལ།

ཁ་སང་ཕྱི་ཟླ་ ༤ ཚེས་ ༡༤ ཉིན་ཨོ་གླིང་གནས་བཞུགས་ཉམས་ཞིབ་པ་ Gabriel Lafitte ལགས་ཀྱིས། རྒྱ་ནག་གིས་བོད་ནང་གཏེར་ཁ་ཕོན་ཆེ་སྔོག་འདོན་བྱས་པའི་སྐོར་དཔྱད་གཏམ་གསར་པ་ཞིག་འདོན་སྤེལ་གནང་འདུག་པ་དང་། རྒྱ་ནག་གིས་བོད་ཀྱི་རིན་བྲལ་གཏེར་དངོས་ཐམས་ཅད་གང་བྱུང་སྔོག་འདོན་བྱས་ཏེ། རྒྱ་ནག་ཏུ་འོར་འདྲེན་དང་རྒྱལ་ཁབ་གཞན་ལ་ཕྱིར་ཚོང་བྱས་པ་དེས་བོད་ཀྱི་རང་འབྱུང་ཁོར་ཡུག་ལ་གཏོར་བཤིག་ཙམ་མ་ཟད། དེས་བོད་ནང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་མི་རྣམས་གནས་སྤོ་གཏང་རྒྱུ་མཚོན་ཁུལ་དེར་རྒྱ་ཧན་མི་རིགས་མང་པོ་ཆེད་གཏོང་གིས་ས་གནས་བོད་མི་རྣམས་རྒྱ་ནག་ཅན་ཏུ་བསྒྱུར་རྒྱུའི་རྒྱ་ཆེ་བའི་ངན་བྱུས་ཤིག་ཡིན་པར་གསལ་འདོན་གནང་འདུག

དེ་ཡང་ Lafitte ལགས་ཀྱིས་འདོན་སྤེལ་གནང་བའི་དཔྱད་གཏམ་དེའི་ནང་། དེ་སྔོན་ཏོག་དབྱིབས་ནད་ཡམས་དང་། ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་རྩོད་རྙོག་སོགས་ཀྱི་རྒྱུ་རྐྱེན་དུ་མའི་དབང་གིས་ད་ཆ་རྒྱ་ནག་གི་དཔལ་འབྱོར་ལ་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་པ་དང་། ལྷག་པར་རྒྱལ་ཁབ་ཚང་མས་རང་འབྱུང་ཁོར་ཡུག་ལ་གནོད་པ་ཉུང་བའི་ནུས་ཤུགས་ Green Energy ལ་འཕོ་འགྱུར་འགྲོ་བཞིན་པའི་དུས་སྐབས་འདིར། རྒྱ་ནག་གཞུང་གིས་ངོས་ནས་ཀྱང་རང་འབྱུང་ཁོར་ཡུག་ལ་གནོད་འཚེ་ཉུང་བའི་ནུས་ཤུགས་ཀྱི་ཚོང་ཆ་ཚང་དབང་སྒྱུར་བྱ་རྒྱུའི་དམིགས་ཡུལ་རྒྱ་ཆེན་པོ་འཛིན་ཡོད་པ་ལྟར། དེ་ལྟ་བུའི་ནུས་ཤུགས་ནི་གཙོ་བོ་ཟངས་དང་ Lithium ལི་ཐི་ཡམ་སོགས་ལྕགས་རིགས་ནས་ཐོན་ཀྱི་ཡོད་པར། བོད་ནང་རིན་ཐང་ཆེ་བའི་ལྕགས་རིགས་ཀྱི་གཏེར་ཁ་སྔོག་འདོན་བྱེད་ཤུགས་ཆེ་རུ་གཏོང་གི་རེད་ཅེས་བརྗོད་འདུག ལྷག་པར་བོད་ཀྱི་ཁོར་ཡུག་ལ་གྱོང་རྒུད་ཐད་ཀར་ཐེབས་ཉེན་ཡོད་པ་མ་ཟད། འདི་ལོར་མཚོན་ན་རྒྱ་ནག་གིས་གསེར་གཙོས་པའི་ཟངས་དང་དངུལ། ཞ་ཉེ་སོགས་ལྕགས་རིགས་སྣ་ཚོགས་སྔོག་འདོན་བྱས་པར་སྔར་ལས་ཀྱང་དོ་སྣང་ཆེ་བ་སྤྲོད་དེ། གཏེར་ཁ་སྔོག་འདོན་གྱི་ལས་གཞི་དེ་འཛིན་སྐྱོང་གཅིག་གི་འོག་བཅུག་ནས། བོད་ཁུལ་དུ་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཤུགས་ཆེ་རུ་བཏང་བ་དང་ཆབས་ཅིག གཏེར་ཁ་སྔོག་སའི་ས་ཁུལ་གྱི་ཁྱབ་ཚད་དེ་ཡང་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག

མ་ཟད་རྒྱ་གཞུང་གིས་བོད་ཁུལ་དུ་གཏེར་ཁ་འཚོལ་ཞིབ་ཀྱི་ལས་གཞི་ཁྲོད།  ཕྱི་ལོ་ ༢༠༢༣ ཡས་མས་ནས་རྒྱ་ནག་ Wuhan ཝུ་ཧཱན་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ China University of Geosciences གཙུག་ལག་སློབ་གཉེར་ཁང་གི་ཉམས་ཞིབ་པ་ཁག་ཅིག་བོད་ནང་གི་གཏེར་མཛོད་རྣམས་ངོས་འཛིན་བྱ་ཆེད་ཆེད་གཏོང་བྱས་ཡོད་པ་མངོན་གསལ་གནང་འདུག

དེ་བཞིན་རྒྱ་ནག་གིས་བོད་ནང་གཏེར་སྔོག་འདོན་བྱེད་པའི་ལས་གཞི་དེ་ནི། དཔལ་འབྱོར་གྱི་གནད་དོན་ཙམ་མིན་པར་རྒྱལ་ཁབ་བདག་སྐྱོང་གི་ལག་ཆ་ལྟ་བུར་སྣང་བཞིན་པ་མངོན་གསལ་དང་འབྲེལ།  རྒྱ་གཞུང་གིས་བོད་དེ་བཞིན་ས་བབ་འཐབ་བྱུས་ཀྱི་ཆ་ནས་དགེ་མཚན་ཡོད་པའི་གལ་ཆེའི་གཏེར་རྫས་ཀྱི་འབྱུང་ཁུངས་ཤིག་ཏུ་ངོས་འཛིན་ཀྱིས། འདས་ལོའི་ནང་བོད་ནང་གཏེར་ཁ་སྔོག་འདོན་གྱི་ལས་གཞི་རྒྱ་སྐྱེད་དང་། ལྷག་པར་དུ་གསེར་གཙོས་པའི་གཏེར་ཁ་སྔོག་འདོན་དེ་ཡང་ས་གནས་བོད་མིའི་སྤྱི་ཚོགས་གོང་འཕེལ་སླད་མིན་པར་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་གཅིག་པུར་དམིགས་པ་ཞིག་ཡིན་པ་གསལ་སྟོན་གནང་འདུག གཏེར་ཁ་སྔོག་འདོན་ཆེད་ས་གནས་བོད་མི་ཞིང་པ་དང་འབྲོག་པ་མང་པོ་ཞིག་གནས་སྤོ་བྱེད་དུ་བཅུག་ནས་ས་ཞིང་བཙན་འཕྲོག་དང་། ཁོར་ཡུག་ལ་འབག་བཙོག་བཟོས་ཏེ་རྒྱུག་ཆུ་དང་ས་འོག་འཐུང་ཆུ་སོགས་ལས་མི་ཕྱུགས་གཉིས་ལ་གནོད་འཚེ་ཆེན་པོ་བཟོ་བཞིན་པ་མངོན་གསལ་གནང་འདུག

ད་དུང་ཁོང་གིས་རྒྱ་གཞུང་ནས་བོད་ནང་གཏེར་ཁ་ཕོན་ཆེ་སྔོག་འདོན་ཁྲོད། ས་གནས་བོད་མིས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་འཕྲལ་མར་མཚམས་འཇོག་དགོས་པའི་རེ་འདུན་འདོན་སྐབས། ས་གནས་ཡོངས་རྫོགས་ལ་དྲག་ཆས་དམག་མི་ཕོན་ཆེ་འགྲེམས་འཇོག་གིས་བོད་མི་རྣམས་ལ་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་པ་དང་། ལྷག་པར་གཏེར་ཁ་སྔོག་འདོན་སྤྱི་དང་བྱེ་བྲག་ཏུ་ཆུ་མཛོད་གསར་རྒྱག་གི་ལས་གཞི་དང་འབྲེལ་བའི་འཆར་འགོད་ལག་བསྟར་ནང་། ས་གནས་བོད་མིར་ཆ་ཤས་ལེན་རྒྱུའི་གོ་སྐབས་སྤྲོད་ཀྱི་མེད་པའི་ཐོག་ཁོར་ཡུག་དང་འབྲེལ་བའི་སྲིད་བྱུས་ལས་གཞིའི་ཁྲོད་ཁོར་ཡུག་ཉམས་ཉེས་མཚོན་པའི་རང་འབྱུང་གི་གོད་ཆགས་ཁག་ལ་དཔྱད་ཞིབ་བྱེད་ཀྱི་མེད་པ། ས་གནས་མང་ཚོགས་རྣམས་ཀྱི་འདོད་མོས་ལ་བརྩི་སྲུང་དང་གུན་གསབ་ཚད་ལྡན་སྤྲོད་ཀྱི་མེད་པ། དེ་བཞིན་གཏེར་ཁ་སྔོག་འདོན་བྱ་ཡུལ་ས་ཁུལ་མང་ཆེ་བ་ནི་བོད་མིའི་སྤྱི་ཚོགས་ཀྱིས་མཆོད་པའི་རི་བོ་དང་ཆུ་བོ། སྤང་ལྗོངས་སོགས་ཆོས་ལུགས་ཀྱི་གལ་ཆེའི་ས་ཁུལ་ཁག་ཡིན་པར་གཏོར་བཤིག་གཏོང་གི་ཡོད་པའི་གནས་སྟངས་མངོན་གསལ་གྱིས། དེས་བོད་ཀྱི་བོད་མིའི་ངོ་བོ་རྩ་མེད་བཟོ་བཞིན་ཡོད་པ་གསལ་སྟོན་གནང་འདུག

ཕྱོགས་མཚུངས་བོད་མིའི་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་། དེ་བཞིན་སྐད་ཡིག་བཅས་པ་རྩ་མེད་གཏོང་བཞིན་པ་གསལ་སྟོན་གྱིས། བོད་ནང་གཏེར་ཁ་སྔོག་འདོན་བྱས་པ་དེ་དཔལ་འབྱོར་གྱི་སྲིད་བྱུས་ཙམ་མ་ཡིན་པར། དེ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སོགས་ནག་གསུབ་གཏོང་ཆེད་དམིགས་ཡོད་པ་གསུངས་འདུག

གཞི་རྩའི་ཁོར་ཡུག་ཉམས་ཞིབ་པ་གཙོས་ལས་འགུལ་བ་རྣམས་ཀྱིས་གལ་ཏེ་བོད་མཐོ་སྒང་དེར་གཏེར་ཁ་སྔོག་འདོན་མུ་མཐུད་བྱས་ཚེ། རང་འབྱུང་ཁམས་ཀྱི་འབྱུང་བཞི་འཁྲུག་པའི་མཇུག་འབྲས་སུ་ནད་ཡམས་དང་ཆུ་ལོག ས་རུད། ས་ཡོམ་སོགས་ཡོང་ངེས་ཡིན་པ་དང་། ལྷག་པར་མཚོ་ཆུ་སྐམ་པ། ས་བཅུད་ཉམས་པ། འཁྱག་རོམ་ཞུ་བ། གནམ་གཤིས་ཉམས་སྐྱོན། རི་སྐྱེས་སྲོག་ཆགས་ཉུང་དུ་འགྲོ་བ། ཆུ་མིག་སྐམ་པ། རྩི་ཤིང་མི་སྐྱེ་བ་སོགས་ཀྱི་གནོད་པ་ཡོང་ཉེན་ངེས་པས། ཁོར་ཡུག་ལ་གནོད་སྐྱོན་ཐེབས་རྒྱུའི་ལས་གཞི་བཀག་སྡོམ་ཆེད་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་གནང་དང་གནང་མུས་ཡིན་པ་རེད། 

འབྲེལ་ཡོད་གསར་གནས།

གསར་གནས།