ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༡༡ ནང་རྒྱ་ནག་གཞུང་གིས་ལོ་གསུམ་གྱི་ཁྲིམས་ཐག་བཅད་པའི་མགོ་ལོག་གླུ་བ་དཔལ་ལྡན་ལགས་གསང་བའི་ཐོག་ནས་གློད་བཀྲོལ་བྱས་འདུག

གླུ་བ་ཁོང་ནི་མགོ་ལོག་པདྨ་རྫོང་དྷི་མདའ་ཡུལ་ཚོའི་ཡོ་སྟག་སྡེ་བ་ནས་ཡིན་པ་དང་། དེ་སྔ་ཁོང་གིས་དྲྭལམ་ནས་འབའ་གོ་ཆ་ལགས་ཀྱིས་ཚིག་བརྩམས་པའི་ལ་རྒྱའི་གླུ་དབྱངས་ང་ནི་བཙན་པོའི་ཕོ་ཉ་ན་ཡིན་ཞེས་པ་བླངས་རྗེས་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་པ་དང་ཁྲིམས་ཐག་བཅད་པ་ཞིག་ཡིན་པ་རེད།
འདི་ག་རླུང་འཕྲིན་ཁང་ནས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན་ཉེ་ལམ་ཕྱི་ཟླ་ ༩ ཚེས་ ༢༥ ཉིན་མགོ་ལོག་གླུ་བ་དཔལ་ལྡན་ལགས་བཙོན་འཇུག་གི་དུས་ཡུན་མ་ཚང་གོང་ནས་གློད་བཀྲོལ་བཏང་ཡོད་པ་དེ་ལྟར་ཡང་། ཁོང་ལ་ཕྱི་མིར་འབྲེལ་བ་བྱེད་པ་དང་། ལ་རྒྱའི་གླུ་གཞས་རིགས་ལེན་མི་ཆོག་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། ཁོང་གློད་བཀྲོལ་སྐབས་ནང་མི་དང་། ཉེ་འབྲེལ་སུས་ཀྱང་གོ་ཐོས་མེད་པར་གསང་བའི་ཐོག་ནས་ནང་དུ་བསྐྱལ་ཡོད་འདུག

སྤྱིར་དཔལ་ལྡན་ལགས་ཁོང་ནི་ཕྱི་ལོ་ ༢༠༢༢ ལོར་སྨིན་ཐང་གསེར་མོ་མཚོ་ཞུ་བས་དྲྭ་ལམ་ནས་གཙོ་སྒྲུབ་བྱས་པའི་རྡུང་ལེན་འགྲན་སྡུར་ཁྲོད་དུ་ཨ་མ་ཞེས་པའི་རྡུང་ལེན་བླངས་པ་དེ་དང་། དེ་བཞིན་ཁོང་གི་མ་བཅོས་པའི་མི་གཤིས་དྭངས་མ་ཞེས་པའི་གླ་གཞས་ལ་བོད་ཁམས་སུ་བསྔགས་བརྗོད་བྱེད་མཁན་མང་དག་ཅིག་བྱུང་ཡོད་ལ། ཁོང་ལ་དགའ་མོས་བྱེད་མཁན་གྱི་བོད་མི་མང་པོ་ཡོད་པ་མ་ཟད། ཁོང་འཛིན་བཟུང་བྱས་རྗེས་དྲྭ་ལམ་ནས་གདུང་སེམས་ཉམས་སྐྱེད་བྱེད་མཁན་མང་པོ་བྱུང་ཡོད་པ་རེད།
ད་ལྟའི་ཆར་ཁོང་གསང་བའི་ཐོག་རང་ཉིད་ཀྱི་ནང་ལ་བསྐྱལ་བ་དང་གཡས་གཡོན་གྲོང་པ་རྣམས་ཐུགས་འཕྲད་དུ་གཏོང་རྒྱུར་དོགས་ཟོན་བྱས་པ་བཅས་ཁོང་གི་སྐུ་གཟུགས་གནས་སྟངས་སོགས་ཀྱི་སྐོར་ལ་གནས་ཚུལ་ཁ་གསལ་མེད་པ་རེད་འདུག




