དེ་རིང་ཕྱི་ཟླ་ ༡༠ ཚེས་ ༧ ཉིན་གྱི་སྔ་དྲོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་དྲུང་ནས་སྤྱི་ཟུར་བློ་བཟང་ཡེ་ཤེས་ལགས་བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་དང་། རྡ་སྟེང་བོད་ཁྱིོམ་གྱི་ངེས་སྟོན་པ་ཚུལ་ཁྲིམས་རྡོ་རྗེ་ལགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མིའི་དམ་འབུལ་ཞུས་སོང་།

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་མཐའ་མའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་དང་བོད་མི་མང་སྤྱི་འཐུས་ཟུར་པ་བློ་བཟང་ཡེ་ཤེས་ལགས་དབུས་འོས་བསྡུ་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་དུ་བདམས་ཐོན་དང་། རྡ་སྟེང་བོད་ཁྱིོམ་གྱི་ངེས་སྟོན་པ་ཚུལ་ཁྲིམས་རྡོ་རྗེ་ལགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མིར་འདམས་ཐོན་བྱུང་བ་ལྟར་དེ་རིང་ཞོགས་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་སྤྱི་འཐུས་རྒྱུན་ལས་རྣམ་པ། དེ་བཞིན་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ལྷན་བཞུགས་ཀྱི་ཐོག་ནས་ཁོང་རྣམ་པ་གཉིས་ཀྱིས་སྤྱི་མཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་མདུན་ནས་ལས་འཁུར་དམ་འབུལ་ཞུས་སོང་།

འདི་ག་རླུང་འཕྲིན་ཁང་ནས་འོས་བསྡུ་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་སུ་ལས་སྣེ་གསར་པའི་ལས་དོན་དང་འབྲེལ་ནས་མ་འོངས་ཆོད་སེམས་ཀྱི་ཐད་ལ་བཀའ་འདྲི་ཞུས་སྐབས་འདེམས་སྒྲུག་ཚོགས་ཆུང་དང་སྤྱི་འཐུས་རྣམ་པའི་ཡིད་ཆེས་དང་རྒྱབ་སྐྱོར་གནང་བར་བཀྲིན་ཆེ་ཞུས་པ་དང་སྦྲགས། འདས་པའི་མི་ལོ་ ༣༠ ལྷག་གི་རིང་ལ་སྤྱི་བའི་ཞབས་ཞུ་རིམ་པར་གྲུབ་པ་དང་ད་ལན་སླར་ཡང་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་བཟང་པོ་ཞིག་བྱུང་བའི་ཁྲོད་འདིར་མ་འོངས་ལྷག་བསམ་རྣམ་དག་གི་ཞབས་ཞུ་བསྒྲུབ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསུངས་སོང་།

དེ་བཞིན་འདེམས་བསྐོ་ལྷན་ཁང་གི་ཚོགས་མི་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ནང་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་ཤིག་བྱུང་བར་དགའ་ཚོར་ཆེན་པོ་ཡོད་སྐོར་ངོ་སྤྲོད་དང་སྦྲགས། འདེམས་བསྐོ་ལྷན་ཁང་གི་ལས་དོན་དེ་རང་ཉིད་ལ་གསར་པ་ཞིག་ཡིན་རུང་བོད་མིའི་བཅའ་ཁྲིམས་དབུར་བཞག་གི་ཐོག་ནས་མ་འོངས་ལས་དོན་དང་འབྲེལ་ནས་དྲང་པོ་དང་ཕྱོགས་ཞེན་མེད་པའི་སྒོ་ནས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསུངས་སོང་།




