Tibetan Royal Year of 2151 | Year of the Wood Dragon

སྐུའི་ཡང་སྲིད་ཀྱི་བདག་དབང་༸གོང་ས་མཆོག་༧སྐུ་ཉིད་ལ་ཡོད་པར་ངོས་འཛིན་གནང་གི་ཡོད་ཅེས་གསུངས་སོང་།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

དེ་རིང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གསར་འགོད་པ་རྒན་གྲས་ཁག་གཅིག་ལ་མཇལ་ཁ་སྩལ་བ་དང་འབྲེལ། ཁོང་རྣམས་ནས་༸གོང་ས་མཆོག་ལ་སྐུའི་ཡང་སྲིད་ཀྱི་གནད་དོན་སྐོར་བཀའ་འདྲི་དགོངས་སྐོར་ཞུས་པ་ལྟར། གསར་འགོད་པས་འདི་ག་རླུང་འཕྲིན་ཁང་གི་བཅར་འདྲིར་དང་ལེན་ཁྲོད། ༸གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ཀྱི་གནད་དོན་སྐོར་ཐུགས་ཐག་གཅད་རྒྱུའི་བདག་དབང་དེ་༸གོང་ས་མཆོག་སྐུ་ཉིད་ལ་ཡོད་པ་དང་། དེའང་འཛམ་གླིང་ཁྲོད་ཀྱི་ཡང་དག་པའི་བསམ་བློ་བ་ཚང་མས་ངོས་འཛིན་གནང་གི་ཡོད་པ་གསུངས་སོང་།

HHDL Audience Press Reporters

དེ་ཡང་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་དུ་རྟེན་གཞིས་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་བོད་དོན་རྒྱབ་སྐྱོར་འཚོལ་ཐབས་དང་འབྲེལ་བའི་ལས་གཞིའི་ཁྲོད། ལོ་ལྟར་རྒྱ་གར་གྱི་གསར་འགོད་པ་རྒན་པ་ཁག་གཅིག་གི་རུ་ཁག་དང་གསར་འགོད་ལས་རིགས་སློབ་གཉེར་གནང་མཁན་གི་རུ་ཁག་གཅིག་བཞུགས་སྒར་རྡ་རམ་ས་ལར་སྐོར་བསྐྱོད་གོ་སྒྲིག་གནང་གི་ཡོད་པ་བཞིན། ཐེངས་འདིའི་སྐོར་བསྐྱོད་ཐོག་རྒྱ་གར་རྒྱལ་ས་ལྡི་ལི་ནང་དུ་རྟེན་གཞི་བྱས་པའི་ Hindustan Times དང་། PTI,  CNA, New Indian Express དེ་བཞིན་ Wion བཅས་ཀྱི་གསར་འགོད་པ་རྒན་པ་ལྔ་ཕེབས་ཡོད་པ་རྣམས་ལ་དེ་རིང་སྔ་དྲོ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་འདུག

གསར་འགོད་པ་རྣམ་པ་ད་ལན་བཞུགས་སྒར་དུ་ཕེབས་པ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་མཇལ་འཕྲད་དང་བོད་པའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་རིག་གཞུང་གི་ལྟེ་གནས། དེ་བཞིན་བོད་པའི་སློབ་གྲྭ་ཁག་ལ་གཟིགས་སྐོར་སོགས་ཀྱི་གོ་སྒྲིག་གནང་འདུག

སྔ་དྲོ་མཇལ་ཁ་གྲུབ་མཚམས་སུ་རྒྱ་གར་གསར་འགོད་པ་རྣམས་ལ་བཅར་འདྲི་ཞུས་སྐབས། PTI གསར་ཁང་གི་ Manash Pratim Bhuyan ལགས་ཀྱིས། དེ་རིང་༸གོང་ས་མཆོག་མཇལ་བ་ནི་སངས་རྒྱས་སྐུ་ཤ་རློན་པ་མཇལ་བ་ལྟ་བུ་བྱུང་སོང་བ་དང་། ཁོང་དང་མཇལ་བའི་རྗེས་སུ་ངོས་ལ་རྟོགས་པ་ཁྱད་པར་བ་ཞིག་སྐྱེས་བྱུང་། ང་རང་ཆུང་དུས་ནས་༸ཏཱ་ལའི་བླ་མའི་ལམ་གྱི་རྗེས་སུ་འབྲངས་མཁན་ཞིག་ཡིན་ཞེས་གསུངས་པ་མ་ཟད། ང་ཚོས་མགོན་པོ་༸གང་ཉིད་ལ་རྒྱལ་བའི་ཡང་སྲིད་སྐོར་དྲི་བ་ཞུས་པར། མགོན་པོ་མཆོག་གིས་ཐད་ཀར་བཀའ་ལན་མ་གནང་ཡང་། འཛམ་གླིང་གི་ཡུལ་གྲུ་གང་སར་ཁྱབ་པའི་བོད་བརྒྱུད་ནང་བསྟན་གྱི་སྐོར་དང་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་འབྱུང་ཁུངས་སྐོར་གསུངས་སོང་བ་ལྟར། འདི་ནི་ངས་བལྟས་ན་དུས་ལ་བབས་པའི་སྐབས་སུ་ཏཱ་ལའི་བླ་མའི་ཡང་སྲིད་འདེམས་སྒྲུག་གམ་གསལ་བསྒྲགས་གནང་རྒྱུའི་བདག་དབང་༸གོང་ས་མཆོག་སྐུ་ཉིད་ལ་ཡོད་པའི་མཚོན་བྱེད་ཡིན་པ་དྲན་གྱི་འདུག་ལ་འདི་ནི་འཛམ་གླིང་གི་ཁྲོད་བསམ་བློ་ཡང་དག་པ་གཏོང་མཁན་ཕལ་ཆེ་བའི་ལྟ་ཚུལ་ཞིག་རེད།

དེ་བཞིན་ Hindustan Times གསར་ཁང་གི་ Razaul Hasan Laskar ལགས་ཀྱིས། རྒྱ་གར་ནང་གི་མི་ཚང་མས་བོད་ཀྱི་གནད་དོན་སྐོར་བསམ་བློ་གཏོང་དགོས་ཀྱི་ཡོད་པ་ཡིན་སྟབས། ང་ད་རེས་རྡ་རམ་ས་ལར་སླེབས་པ་ཡིན། ངས་༸གོང་ས་མཆོག་མཇལ་བ་ད་རེས་ཐེངས་གཉིས་པ་ཡིན་ནའང་། དེ་རིང་འདིར་རྒྱ་གར་གཙོས་པའི་འཛམ་གླིང་ས་ཕྱོགས་གང་ས་ནས་༸གོང་ས་མཆོག་མཇལ་བར་ཕེབས་པ་དང་། ཁོང་ལ་དད་གུས་ལྷད་མེད་ཡོད་པ་མཐོང་བར་མྱོང་ཚོར་མི་འདྲ་བ་ཞིག་བྱུང་། གཞི་རྩའི་༸གོང་ས་མཆོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཁྱད་དུ་འཕགས་པ་ཞིག་ཡིན་པས། དེ་རིང་ཁོང་དང་ལྷན་དུ་བཀའ་མོལ་ཐུང་ཐུང་ལས་ཞུས་རྒྱུ་མ་བྱུང་བ་དེ་ལ་བློ་ཕམ་བྱུང་། ཁོང་དང་བཀལ་མོལ་མང་ཙམ་ཞུ་རྒྱུ་བྱུང་ན་ང་ཚོར་ཤེས་རྒྱུ་མང་པོ་ཡོད་རེད་ཅེས་གསུངས་པ་དང་།

དེ་བཞིན་ Wion གསར་ཁང་གི་གསར་འགོད་པས། དེ་རིང་འདིར་བོད་མི་དང་རྒྱ་གར་བ། དེ་བཞིན་རྒྱལ་སྤྱིའི་མི་སྣ་མང་པོ་༸གོང་ས་མཆོག་མཇལ་ཁར་བཅར་བ་དེས། ༸གོང་ས་མཆོག་གིས་ནུས་པ་དང་མང་ཚོགས་ཐོག་ཤུགས་རྐྱེན། འཛམ་གླིང་མང་ཚོགས་ཀྱི་༸གོང་ས་མཆོག་ལ་གཟིགས་ཕྱོགས་གསལ་པོ་མངོན་རྒྱུ་འདུག དེ་བཞིན་མི་ཁག་གཅིག་༸གོང་ས་མཆོག་མཇལ་བའི་སྐབས་སུ་སེམས་ཚོར་ཆེན་པོའི་ཐོག་མིག་ནས་མཆི་མ་གཏོང་བ་མཐོང་བའི་སྐབས་སུ། དད་ལྡན་པ་དང་༸གོང་ས་མཆོག་དབར་གྱི་སེམས་ཀྱི་འབྲེལ་བ་གཏིང་ཟབ་ཇི་ཙམ་ཡོད་པ་མངོན་རྒྱུ་འདུག དེ་རིང་ང་རང་ལ་མཚོན་ན་ཆོས་ཕྱོགས་ཀྱི་གནས་མཇལ་བ་ལྟ་བུའི་མྱོང་ཚོར་བྱུང་སོང་།

རྩ་བའི་དེ་རིང་རྒྱ་གར་གསར་འགོད་པའི་རུ་ཁག་ཙམ་མ་ཟད། དུས་རྒྱུན་ལྟར་བོད་མི་གཙོས་པའི་རྒྱ་གར་ཕྱི་ནང་གི་མི་སྣ་བརྒྱ་ཕྲག་ཁ་ཤས་༸གོང་ས་མཆོག་མཇལ་བར་ཕེབས་འདུག་པ་དང་། དེའི་ཁོངས་སུ་བལ་ཡུལ་གྱི་ཏ་མང་དང་ཤར་པ་སོགས་ནང་པའི་སྤྱི་ཚོགས་ཀྱི་མི་སྣ་ ༡༥༠ ཙམ་ཕེབས་ཡོད་པའི་ཁོངས་ནས་མི་ ༥༠ ཞིག་ལ་དེ་རིང་མཇལ་ཁ་ཐོབ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།