Tibetan Royal Year of 2151 | Year of the Wood Dragon

༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

སང་ཉིན་ཏེ། ཕྱི་ཟླ་ ༤ ཚེས་ ༢༥ ཉིན་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཡིན་པ་དང་བསྟུན། བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོས་གོ་སྐབས་དེ་དམ་འཛིན་གྱིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས་གནང་འདུག

དེ་ཡང་ཁ་སང་ཕྱི་ཚེས་ ༢༣ ཉིན་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་རིག་གཞུང་འཛིན་སྐྱོང་བླ་སྤྱི་ལྷན་ཁང་གིས་དབྱིན་ཡིག་ཐོག་སྤེལ་བའི་གསལ་བསྒྲགས་ནང་གསལ་ལྟར་ན། སང་ཉིན་ཕྱི་ཚེས་ ༢༥ ཉིན་མོ་དེ་ནི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་༸རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༣༥ བདག་གིར་བཞེས་པའི་སྐུའི་འཁྲུངས་ཚེས་ཡིན་པ་དང་འབྲེལ། ༸ཀུན་གཟིགས་པཎ་ཆེན་མཆོག་རྒྱ་གཞུང་གིས་འཛིན་བཟུང་འོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་བཅུ་ཕྲག་གསུམ་མ་ཟིན་ཙམ་འགྲོ་བཞིན་ཡོད་ཅིང་། དེ་ནི་བོད་མིའི་གཞི་རྩའི་ཆེ་མཐོང་དང་ཐོབ་ཐང་། དེ་བཞིན་ཆོས་དང་རིག་གཞུང་གི་ངོ་བོར་རྡོག་རོལ་གཏོང་བའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཛ་དྲག་ཅན་ཞིག་ཡིན་པ་གསུངས་འདུག

གནད་དོན་དེ་དང་འབྲེལ་ནས་རིན་པོ་ཆེ་༸གང་ཉིད་ལ་དད་གུས་ཞུ་མཁན་རྣམས་ནས་སྐུའི་འཁྲུངས་སྐར་གྱི་གོ་སྐབས་དམ་འཛིན་ཐོག་སོ་སོའི་ས་གནས་ཀྱི་གྲོས་ཚོགས་འཐུས་མི་དང་། ཡང་ན་གཞུང་འབྲེལ་མི་སྣ་ཚོར་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་འཚམས་འདྲི་ཞུས་པའི་ཐོག་ནས། ཁོང་རྣམ་པར་རིན་པོ་ཆེ་༸གང་ཉིད་ཀྱི་གནད་དོན་ཐོག་གདུང་སེམས་མཉམ་སྐྱེད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་དགོས་གལ་ཡིན་ཞིང་། དེ་ནི་ཆུང་སྲིད་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་ཛ་དྲག་གི་གནད་དོན་ཐོག་འགྲོ་བ་མིའི་རིགས་ཀྱི་གོ་རྟོགས་ཆེ་རུ་འགྲོ་རྒྱུ་ཡིན་པ་མ་ཟད། གསར་འགྱུར་བརྒྱུད་ལམ་ཐོག་ནས་གནད་དོན་དེ་དོན་སྙིང་ལྡན་པ་དང་། བདེན་པ་ལ་གཞི་བཅོལ་བའི་སྒོ་ནས་སེལ་ཐབས་སླད་རྒྱ་ནག་ལ་གནོན་ཤུགས་ཀྱང་སྤྲོད་རྒྱུ་ཡིན་པ་ནན་བརྗོད་གནང་འདུག

འདི་ག་རླུང་འཕྲིན་ཁང་གིས་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་༸སྐྱབས་རྗེ་གཟིག་རྒྱབ་རིན་པོ་ཆེ་མཆོག་ལ་བཅར་འདྲི་ཞུས་སྐབས། ཁོང་གིས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ནི་བོད་ནང་གི་བྱིས་པའི་རང་དབང་དང་། མང་གཙོའི་ཐོབ་ཐང་། ཆོས་དད་རང་དབང་སོགས་ལ་དཀའ་ངལ་ཤུགས་ཆེན་འཕྲད་པའི་མཚོན་རྟགས་ལྟ་བུ་ཞིག་ཆགས་ཀྱི་ཡོད་པར་བརྟེན། མི་མང་རྣམས་ནས་སོ་སོས་རང་ནུས་གང་ཡོད་ཀྱིས་གཞན་ལ་གོ་རྟོགས་སྤེལ་དགོས་གལ་ཡིན་པ། དེ་བཞིན་རྒྱ་ནག་དམར་པོའི་སྲིད་གཞུང་གི་འགོ་ཁྲིད་རྣམས་ལ་གཙོ་བོ་ད་ལྟའི་ཆར་༸ཀུན་གཟིགས་པཎ་ཆེན་སྐུ་འཚོ་བཞུགས་ཀྱི་གནས་སྟངས་ཁ་གསལ་བཟོ་དགོས་པ་དང་། བཞུགས་ཡོད་ཚེ་དཔང་རྟགས་ཁུངས་བཙན་ལྡན་པའི་སྐུ་པར་མཚོན་བྱེད་སོགས་ངེས་པར་དུ་དགོས་པ་འགྲེལ་བརྗོད་གནང་སོང་།

མ་ཟད་རབ་བྱུང་ན་རིན་པོ་ཆེ་༸གང་ཉིད་མཆོག་མགྱོགས་ནས་མྱུར་དུ་གློད་བཀྲོལ་ཐོབ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་གསན་བསམ་སློབ་གཉེར་མཐར་ཕྱིན་པར་མཛད་དེ་བོད་ཀྱི་བདེ་སྡུག་ལ་༸གོང་ས་མཆོག་ལ་དབུ་འོག་དཔུང་འདེགས་ཞུ་མཁན་ཞིག་དང་། དེའི་ཐོག་ནས་འཛམ་གླིང་སྤྱིའི་ཞི་བདེའི་ཐོག་ཞབས་འདེགས་རླབས་པོ་ཆེ་བསྒྲུབ་པའི་ཐུགས་རེ་གནང་གི་འདུག

རྩ་བའི་སང་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དབུ་གཡབ་ཏུ་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་ཞུ་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།