Tibetan Royal Year of 2151 | Year of the Wood Dragon

ནང་སྲིད་ལས་ཁུངས་དང་སྦྲགས་རྩིས་ལོ་ ༢༠༢༤-༢༥ ལོའི་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།

Tibetan News Headlines

  • Himachal Government schools to implement SEE learning
  • Dalai Lama grants an audience to Tibet supporters from Japan
  • Mass relocations of Tibetans not voluntary, villagers coerced by extreme pressure: HRW
  • Three-day Tibetan settlement cooperative’s conference begins in Dharamshala
  • Idea to Execution: Dalai Lama College hosts EntrepExpo

རེས་གཟའ་ལྷག་པ། ༢༠༢༤།༠༥།༢༢

  • ཧི་མཱ་ཅལ་མངའ་སྡེའི་ནང་ SEE ཤེས་ཡོན་ལག་བསྟར་དབུ་འཛུགས་གནང་རྒྱུའི་མཛད་སྒོ་ཞིག་འཚོགས་སོང་།
  • ༸གོང་ས་མཆོག་གིས་ཉི་འོང་སྐུ་ཚབ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • རྒྱ་གཞུང་གིས་ཚད་ལས་བརྒལ་བའི་གནོན་ཤུགས་འོག་བོད་མི་རྣམས་བཙན་གྱིས་གཞིས་སྤོས་བྱེད་བཞིན་པ་ར་སྤྲོད་གནང་འདུག
  • བོད་མིའི་མཉམ་འབྲེལ་བསྐྱར་ཞིབ་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས་གནང་བ།
  • ཏྰ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གིས་ཉིན་གྲངས་གཉིས་རིང་ཚོང་རིགས་ཁྲོམ་སྟོན་གནང་འདུག

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་བཅུ་པའི་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་པའི་ཁྲོད། ནང་སྲིད་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་གནང་ཡོད།

Home Kalon

དེ་ཡང་ཟླ་བ་འདིའི་ཚེས་ ༢༦ ནས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་གཏན་འབེབས་ཀྱི་ལས་རིམ་དབུ་འཛུགས་གནང་ཡོད་པའི་ཁྲོད། སྤྱི་འཐུས་རྣམ་པས་ཡང་ཡང་གླེང་སློང་གནང་བའི་གནད་དོན་གཅིག་ནི་བོད་ནས་རྗེས་འབྱོར་བ་ཚོར་སྡོད་ཁང་མེད་པའི་གནད་དོན་དེ་ཆགས་ཀྱི་ཡོད་པ་དང་ལྷག་པར་དྷ་ས་ཁུལ་དུ་གནས་སྡོད་རྗེས་འབྱོར་བ་ཚོར་སྡོད་ཁང་མེད་པའི་ངལ་བ་འཕྲད་བཞིན་པའི་གནས་སྟངས་དང་། དེ་བཞིན་རྗེས་འབྱོར་དང་གཞིས་ཆགས་ཁོངས་གཏོགས་མིན་པ་རྣམས་ལ་སྒྲིག་འཛུགས་ནས་གཟིགས་རྟོགས་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་བར་ནང་སྲིད་བཀའ་བློན་མཆོག་གིས། རྗེས་འབྱོར་བོད་མི་ས་ཁང་དགོས་མཁན་རྣམས་ནས་ས་ཁང་བགོ་འགྲེམས་ཀྱི་ཐོ་འགོད་གནང་རྒྱུའི་འགེངས་ཤོག་འཐུས་ཚང་མ་ཕུལ་བ་མ་ཟད། ད་དུང་དྷ་ས་ཁུལ་དུ་གོ་སྒྲིག་གནང་ན་མ་གཏོགས་ས་གནས་གཞན་གང་དུ་ཕེབས་ཀྱི་མིན་ཞེས་གསུངས་པར་བརྟེན་ཨོ་ཌི་ཤ་ཕུན་ཚོགས་གླིང་དང་མན་སྤར་ཕན་བདེ་གླིང་ཁུལ་གྱི་ལས་གཞི་རྣམས་རང་བཞིན་གྱིས་འགག་ཡོད་པ་འགྲེལ་བརྗོད་དང་སྦྲགས། སླད་མར་ཧི་མཱ་ཅལ་མངའ་སྡེའི་ནང་ཁྲིམས་མཐུན་གྱི་ས་ཆ་ཉོ་རྒྱུའི་བཀའ་ཁྲོལ་མ་ཐོབ་བར་དུ་སྡོད་ཁང་གི་མཐུན་རྐྱེན་གང་ཡང་གནང་ཐུབ་ཀྱི་མེད་ཅེས་གསུངས་སོང་།

སྐབས་དེར་སྤྱི་འཐུས་ཁག་གཅིག་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པ་དེ་ད་ཆ་གཏན་འབེབས་ལག་བསྟར་གྱིས་ལོ་བཅུ་འགྲོ་བཞིན་པའི་ཐད་སྤྱི་ཚོགས་ཀྱི་དགོས་མཁོ་དང་དུས་ཀྱི་འགྱུར་འགྲོས་བཅས་ལ་གཞིགས་ཏེ་བསྐྱར་ཞིབ་དགོས་གལ་དང་ཡང་སྒོས་ད་ཡོད་སོ་ནམ་གཞིས་ཆགས་ཁག་ནང་དེ་འབྲེལ་ལས་དོན་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་ས་གནས་སོ་སོའི་ནང་གི་སོ་ནམ་ཞིང་པ་དང་མཉམ་གྲོས་བསྡུར་གྱིས་ནང་སྲིད་ལས་ཁུངས་ནས་སོ་ནམ་ཐོག་དམིགས་བསལ་སྲིད་བྱུས་ཤིག་འཛིན་དགོས་ཀྱི་ཡོད་པའི་སྐོར་གསུངས་སོང་བ་མ་ཟད། བོད་མི་ཁག་གཅིག་གིས་རང་ཉིད་ཀྱི་ཞིང་སར་ག་མུག་བཏབ་ཀྱི་ཡོད་པར་བརྟེན་ཁུལ་དེར་གནས་སྡོད་མང་ཚོགས་གཙོས་སེམས་ཅན་དང་ཁོར་ཡུག་སྤྱི་ལ་གནོད་འཚེ་ཚབས་ཆེ་བཟོ་མིན་ཐད་ནང་སྲིད་ལས་ཁུངས་ནས་ཞིབ་འཇུག་གིས་ཐབས་ལམ་ཞིག་འཚོལ་དགོས་པའི་དགོངས་འཆར་ཕུལ་སོང་།

གཞན་ཡང་སྤྱི་འཐུས་ཁག་གཅིག་གིས་ Bandara ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མཉམ་འབྲེལ་དྲུང་ཆེ་བོར་བརླགས་སོང་བའི་གནས་སྟངས་དང་འབྲེལ་མཉམ་འབྲེལ་གྱི་མ་འོངས་འཛིན་སྐྱོང་ཐོག་དོ་ནན་དང་ངེས་པར་བསྐྱར་ཞིབ་ཀྱིས་ལས་དོན་གནང་ཕྱོགས་ཐོག་འགྱུར་བ་གཏང་དགོས་གལ་གསུངས་པར་ནང་སྲིད་བཀའ་བློན་མཆོག་གིས་ཀྱང་མཉམ་འབྲེལ་གྱི་གནས་བབ་ཇི་ཡིན་ཐོག་ཞིབ་འཇུག་ཅིག་འགྲོ་བཞིན་ཡོད་པ་དང་ལྷག་དོན་ད་ལྟའི་ས་གནས་ཀྱི་ཛ་དྲག་གནས་སྟངས་སྐོར་ཞིབ་ཕྲའི་སྙན་ཐོ་འབྱོར་ཟིན་རྗེས་དེ་ལ་གཞིགས་པའི་གང་གནང་དགོས་མིན་གཟིགས་རྒྱུ་ཡིན་པ་གསུངས་སོང་།

བགྲོ་གླེང་ཐོག་ཆ་ཤས་བཞེས་མཁན་སྤྱི་འཐུས་གཅིག་གིས་བྱང་ཤར་སྤྱི་ཁྱབ་ལས་ཁུངས་དང་འབྲེལ་ནས་བཀའ་དྲི་ཕེབས་པར་ནང་སྲིད་བཀའ་བློན་མཆོག་གིས་ལྷོ་སྤྱི་ལས་ཁུངས་བརྒྱུད་བོད་མིའི་གནས་སྡོད་མངའ་སྡེ་གཞུང་ཁག་ལ་འབྲེལ་བ་གནང་ཐུབ་ཀྱི་ཡོད་པ་ལྟར་བྱང་ཤར་ཁུལ་ལ་དེ་དེ་བཞིན་ལས་ཁུངས་ཤིག་འཛུགས་རྒྱུའི་འཆར་གཞི་ཡོད་པའི་བཀའ་ལན་གནང་ཡོད།

དེ་མིན་ནང་སྲིད་ལས་ཁུངས་ཀྱི་སྔོན་རྩིས་བགྲོ་གླེང་ཁྲོད། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་ཉམས་གསོ་དང་། ནང་སྲིད་ས་ཁང་བདག་གཉེར་ཁང་། ས་ཁང་སྒྲིག་གཞི། སོ་ནམ་ལས་གཞི། མཚོ་པདྨའི་དབུ་རྩེ་རི་ཁྲོད་ཀྱི་ས་ཆའི་དཀའ་ངལ། བོད་མིའི་མཉམ་འབྲེལ་ཁག སུད་ཚོང་བ་ཚོར་དེང་དུས་ཀྱི་ཚོང་རྒྱག་སྟངས་ཐོག་སློབ་གསོ་སྤྲོད་ཕྱོགས། རྗེས་འབྱོར་བའི་སྡོད་ཁང་གསར་རྒྱག་ལས་གཞི་སོགས་དང་འབྲེལ་བའི་ཐོག་དོགས་འདྲི་དང་། དགོངས་ཚུལ་ཕུལ་སོང་།

གཞི་རྩའི་དེ་རིང་རྩིས་ལོ་ ༢༠༢༤-༢༥ ལོའི་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་རྒྱུན་གྲོན་ཆེད་ཧིན་སྒོར་ ༩༤༧༢༡༦༩ དང་དམིགས་བསལ་ཆེད་ཧིན་སྒོར་ ༡༢༡༡༧༦༦༥༣ དེ་བཞིན་ཟུར་བཀོལ་ཆེད་ཧིན་སྒོར་ ༦༥༤༩༧༤༩༥༡ བཅས་གཏན་འབེབས་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།