Tibetan Royal Year of 2151 | Year of the Wood Dragon

Day10

བོད་ཀྱི་ཡུལ་མིའི་ལས་འགན་ཐུབ་ཆེད་དཔྱ་དངུལ་ཆག་ཡང་གིས་གོ་སྐབས་ཟླ་བ་ ༦ རིང་ཕར་འགྱང་།

བོད་ཀྱི་ཡུལ་མིའི་ལས་འགན་ཐུབ་ཆེད་དཔྱ་དངུལ་ཆག་ཡང་གིས་གོ་སྐབས་ཟླ་བ་ ༦ རིང་ཕར་འགྱངས།

ནང་སྲིད་ལས་ཁུངས་དང་སྦྲགས་རྩིས་ལོ་ ༢༠༢༤-༢༥ ལོའི་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།

ནང་སྲིད་ལས་ཁུངས་དང་སྦྲགས་རྩིས་ལོ་ ༢༠༢༤-༢༥ ལོའི་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།

ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།

ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།

ཧིན་སྒོར་ས་ཡ་ ༢༥༤༢ ལྷག་ཙམ་གྱི་སྔོན་རྩིས་གཏན་འབེབས་དང་འབྲེལ་གྲོས་ཚོགས་ཚོགས་དུས་གསུམ་པ་མཇུག་སྒྲིལ།

ཁ་སང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་མཐའ་མའི་ལས་རིམ་ཐོག་གྲོས་ཚོགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༢་༢༠༢༣ ལོའི་སྔོན་རྩིས་འགྲོ་གྲོན་ཁྱོན་ཧིན་སྒོར་ས་ཡ་ ༢༥༤༢་༢༡ ཙམ་གཏན་འབེབས་གནང་བ་དང་འབྲེལ་ནས་གྲོས་ཚོགས་མཇུག་སྒྲིལ་གནང་སོང་། ཉེ་སྔོན་འཛིན་སྐྱོང་བཀའ་ཤག་གིས་ལས་ཉིན་དང་པོའི་ཐོག་ཧིན་སྒོར་ས་ཡ་ ༢༥༣༥་༡༤ ཡི་སྔོན་རྩིས་འཆར་འབུལ་ཞུས་པའི་ཐོག་ཆབ་སྲིད་ལས་འགུལ་སྤེལ་རྒྱུ་དང་རུ་སོག་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་འགྲོ་གྲོན་གཉིས་ལ་སྤར་ཆ་ཕྲན་བུ་དང་གཅོག་ཆ་གང་ཡང་མེད་པར་གཏན་འབེབས་གནང་སོང་། ཁ་སང་སྔ་དྲོའི་ལས་རིམ་ནང་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་ལན་འདེབས་གསལ་བཤད། དེ་བཞིན་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དང་སྣར་ཐང་དཔར་ཁང་སྒོ་བརྒྱབ་རྒྱུ་མིན་པ་བཅས་ཀྱི་གནད་དོན་ཐོག་གཞུང་འབྲེལ་གྲོས་ཆོད་ཡིག་ཆ་ཁག་ཅིག་གཏན་འབེབས་གནང་བ་དང་།  དེ་བཞིན་ཉེ་སྔོན་བཀའ་ཤག་གི་གསལ་བཤད་ཐོག་བགྲོ་གླེང་ཟིན་པར་སྲིད་སྐྱོང་མཆོག་གིས་ལན་འདེབས་གསལ་བཤད་གནང་ཟིན་རྗེས། གྲོས་ཚོགས་ནས་རྩིས་ལོ་ ༢༠༢༢་༢༠༢༣ ལོའི་སྔོན་རྩིས་འགྲོ་གྲོན་གཏན་འབེབས་སོགས་ཀྱི་ལས་རིམ་ཡོངས་སུ་གྲུབ་པ་དང་འབྲེལ་ཏེ། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་མཇུག་སྒྲིལ་གནང་ཡོད། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་མཇུག་བསྡོམས་གསུང་བཤད་ནང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༣༠ རེས་གཟའ་ལྷག་པ་ཉིན་བོད་ཁམས་སྐྱེ་རྒུ་མདོ་རུ་དམག་སྒར་གྱི་ཉེ་འགྲམ་དུ་བོད་མི་ཞིག་གིས་རང་ལུས་མེར་སྲེག་བཏང་བའི་གནད་དོན་བྱུང་འདུག དེ་བཞིན་གྲོས་ཚོགས་ཚོགས་དུས་གཉིས་པའི་སྐབས་ཏེ་ཕྱི་ཟླ་ ༢ ཚེས་ ༢༥ ཉིན་གཞས་པ་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་སྟངས་བར་ང་ཚོས་མྱ་ངན་གུས་འདུད་ཀྱི་གྲོས་འཆར་ཞིག་འཁྱེར་ཡོད་པའི་གནད་དོན་ལུང་འདྲེན་དང་སྦྲགས། ཁོང་རྣམ་པས་བོད་བསྟན་སྲིད་ཀྱི་ཆེད་དུ་བློས་བཏང་ཆེན་པོ་གནང་ཡོད་སྟབས་ང་ཚོས་ཁོང་རྣམ་པའི་བློས་བཏང་དེ་དག་དོན་དང་ལྡན་པ་ཡོང་བར་ཤོག་ཅེས་དང་། ལྷག་དོན་སོ་སོའི་ངོས་ནས་བོད་སྲིད་ཀྱི་ཆེད་དུ་ལྷག་བསམ་འཇུག་པ་ཆེར་སྐྱེད་ཀྱི་ཐོག་ནས་ཞབས་འདེགས་ཞུ་ཐུབ་དགོས་རྒྱུའི་ཆོད་སེམས་དང་དམ་བཅའ་ལེན་ཐུབ་པ་ཡིན་ན་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཡིན་ནའང་འདྲ་གདུང་སེམས་མཉམ་སྐྱེ་ཡིན་ནའང་འདྲ་དོན་དང་ལྡན་པ་ཆགས་ངེས་ཡིན་པ་གསུངས་ཡོད།གྲོས་ཚོགས་ཀྱི་ལས་རིམ་ཐོག་ནས་ཆེས་ཐོག་མར་བོད་ནང་གི་ཁོར་ཡུག་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་བསྣམས་ཡོད་པ་དང་གྲོས་ཆོད་དོན་ཚན་ལྔ་གྲོས་ཚོགས་ར་བར་སྤྱི་མོས་ཐོག་བཞག་ཐུབ་པ་བྱུང་བ་དེ་ལ་དམིགས་བསལ་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་པ་དང་ཆབས་ཅིག ཁོར་ཡུག་ཐོག་ཉམས་ཞིབ་ཚད་ལྡན་མེད་པ་དང་ལྷག་པར་ཞིབ་འཇུག་གནང་སྟངས་ལ་མ་འདང་བའི་ཆ་དེ་འདྲ་བྱུང་ཡོད་པས་ཡིག་ཆ་བཟོ་བའི་སྐབས་དཀའ་ངལ་འཕྲད་བརྟེན་སླད་མར་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་ཞིབ་འཇུག་ཚད་ལྡན་ཡོང་ཐུབས་སུ་འབད་བརྩོན་ཞུ་གལ་ཡིན་སྐོར་གསུངས་སོང་།དེ་བཞིན་ཐེངས་འདིའི་གྲོས་ཚོགས་ཐོག་དཔལ་འབྱོར་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་དབུས་དང་ཁྱབ་ཁོངས་ལས་ཁུངས་ཁག་གི་འདས་པའི་ལོ་ངོ་ ༢༠ རིང་གི་མ་དངུལ་གནས་བབ་དང་འབྲེལ་བའི་སྙན་ཐོ་ཞིག་བསྣམས་ཡོད་པ་དང་འབྲེལ། དེའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་བབ་གང་ཙམ་གསལ་པོ་ཆགས་སོང་བསམ་གྱི་ཡོད་ཅེས་གསུངས་པ་དང་། དེ་བཞིན་དེ་ཚོའི་ཐོག་ནས་གྲོས་ཚོགས་ར་བའི་ནང་བློ་སྐྱེད་འཐོབ་རྒྱུ་ཞིག་དང་ལྷག་པར་རྒྱ་ཆེ་མང་ཚོགས་ཀྱི་ཐོག་ནས་ཐུགས་སྣང་གནང་མཁན་ཡིན་ན་ཏན་ཏན་ཐུགས་ཕན་གསོ་སོང་བསམ་གྱི་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། གཞི་རྩའི་ཐེངས་འདིའི་སྔོན་རྩིས་གྲོས་ཚོགས་དེ་ཟླ་ ༣ ཚེས་ ༢༡ ནས་དབུ་འཛུགས་གནང་ཡོད་པ་དང་། ཁ་སང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་སུ་སྤྱི་འཐུས་མང་པོ་ཞིག་གིས་ཆ་ཤས་བཞེས་ཏེ་བཀའ་འདྲི་ཞུས་པ་ཁག་ལ་ལན་འདེབས་གསལ་བཤད་གནང་བའི་ཁྲོད། ཐེངས་འདིའི་གྲོས་ཚོགས་ཐོག་སྤྱི་འཐུས་རྣམ་པས་ལྷག་བསམ་རྣམ་དག་གི་ཐོག་ནས་ཆ་ཤས་བཞེས་པ་མ་ཟད་ཐུགས་ཁུར་ཆེ་བཞེས་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་པ་དང་སྦྲགས། མ་འོངས་ཟླ་བ་དྲུག་གི་རྗེས་སུ་བསྐྱར་དུ་མཇལ་སྐབས་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ལ་ལེགས་སྤེལ་ཉེས་འགོག་གི་ལམ་སྟོན་གནང་རོགས་ཞེས་དང་ཉེས་སྐྱོན་གང་བྱུང་བར་དགོངས་སེལ་ཞུ་རྒྱུ་དང་སླར་མི་ཡོང་བར་འབད་བརྩོན་གནང་བ་བརྒྱུད་གྲོས་ཚོགས་ཀྱི་ལས་དོན་རྣམས་ལ་མིག་དཔེ་འོས་པ་ཞིག་བཟོས་ནས་མང་ཚོགས་ཀྱི་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་པོར་ཡིད་ཆེས་གནང་བའི་རེ་བ་དང་སྨོན་འདུན་ཡོད་ཅེས་གསུངས་ཡོད།

གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་ལ་རྟོག་ཞིབ་སླད་གྲོས་ཚོགས་ཀྱི་ཞིབ་འཇུག་ཚོགས་ཆུང་འཛུགས་གཏན་འཁེལ་བ། 

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་བཅུ་པའམ་མཐའ་མའི་ཐོག་སྤྱི་འཐུས་རྣམ་པས་མང་མོས་ཐོག་དེ་སྔ་བཀའ་ཤག་སྐབས་གོང་མས་བཙུགས་པའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གྱི་གནས་སྟངས་ཇི་ཆགས་རྟོག་ཞིབ་སླད་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་འཛུགས་རྒྱུའི་གྲོས་ཆོད་གཏན་འབེབས་གནང་སོང་། གྲོས་ཚོགས་ཀྱི་ཚོགས་དུས་གཉིས་པའི་ཐོག་སྲིད་སྐྱོང་དང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་དཔལ་འབྱོར་གྱི་གནས་སྟངས་ལ་བལྟས་ན་གཡང་མ་གཏོགས་མཐོང་གི་མེད་སྟབས་མ་འོངས་པར་ཁུངས་འཁྱོལ་རྒྱུ་ཁག་པོ་ཞིག་ཏུ་གཟིགས་ཀྱི་ཡོད་པར་འགྲེལ་བརྗོད་དང་འབྲེལ། ལས་གཞི་དེ་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུར་གྲོས་ཚོགས་ནས་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་ཞིབ་འཇུག་མཐིལ་ཕྱིན་པ་གནང་སྟེ་ལམ་སྟོན་གནང་ཚེ་ལས་གཞི་མཇུག་སྐྱོང་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་ལྟར་གྲོས་ཚོགས་ཚོགས་དུས་གཉིས་པ་དང་གསུམ་པའི་ཐོག་སྤྱི་འཐུས་རྣམ་པས་གང་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་ཐད་ལ་དོགས་འདྲི་དང་དགོངས་འཆར་མང་དག་ཅིག་གནང་ཡོད་པ་དང་། དེ་རིང་སྤྱི་འཐུས་རྒྱུན་ལས་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་ལ་རྟོག་ཞིབ་སླད་ཞིབ་འཇུག་ཚོགས་ཆུང་འཛུགས་རྒྱུའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཕེབས་དོན་བཞིན་མང་མོས་ཐོག་ནས་གཏན་འབེབས་གནང་སོང་། གཞུང་འབྲེལ་གྲོས་ཆོད་ནང་ཚོགས་གཙོ་སྦྲེལ་པོས་ཚོགས་མི་ལྔ་ལས་གྲུབ་པའི་ཚོགས་ཆུང་ཞིག་བསྐོ་འཛུགས་དང་ཚོགས་ཆུང་ནས་གནས་ཡུལ་གཞུང་གི་ཁྲིམས་ལུགས་དང་མ་འཛུགས་བྱ་ཕྱོགས། ད་ལྟའི་གནས་བབ། མ་འོངས་དམིགས་ཡུལ་གཞིར་བཟུང་ཡོང་ཐུབ་མིན་གྱི་སྙན་ཐོ་ཁ་གསལ་ཞིག་འདོན་སྤེལ་ཐུབ་པ་དགོས་རྒྱུ་མ་ཟད། གྲུབ་དོན་སྙན་ཐོ་དེ་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ ༤ པའི་གོང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་འབུལ་ཐུབ་པ་དགོས་རྒྱུ། ཚོགས་ཆུང་གི་སྙན་ཐོ་གཞིར་བཟུང་གྲོས་ཚོགས་ནས་ཐག་གཅོད་ཁ་གསལ་ཞིག་མ་འབྱུང་བར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་དོན་རྣམས་མུ་མཐུད་གནང་དགོས་པ་བཅས་འཁོད་ཡོད་པ་རེད། སྐབས་དེར་སྤྱི་འཐུས་རྣམ་པས་ཞིབ་འཇུག་ཚོགས་ཆུང་ནང་སྐད་ཡིག་དང་དཔལ་འབྱོར་རིག་པའི་ཐད་རྒྱུས་མངའ་ཡོད་མཁན་རེ་ཟུང་དང་ཆེད་ལས་མཁས་པའི་མི་སྣ་གླ་དགོས་སྐོར། དེ་བཞིན་ཞིབ་འཇུག་གནང་སྐབས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་འབྲེལ་ཡོད་ལས་བྱེད་ཚོའི་ལྟ་ཚུལ་སོགས་ཕྱོགས་ཡོངས་ཀྱི་གནད་དོན་ལ་རྟོག་ཞིབ་གནང་གལ་ཡིན་པར་གསུང་མཁན་བྱུང་བ་མ་ཟད།  སྤྱི་འཐུས་གཅིག་གིས་སྲིད་སྐྱོང་མཆོག་ནས་གངས་ལྗོངས་ཞབས་ཞུ་ཁང་མུ་མཐུད་གནས་པར་ཐུགས་འདོད་གནང་གི་མེད་པ་གསལ་པོ་ཡིན་པ་དང་ཕྱོགས་གང་ནས་བལྟས་ཀྱང་གཡང་མཐོང་གི་འདུག་ཅེས་གསུངས་པ་ལྟར། ཨུ་ཚུགས་ཐོག་ནས་ཚོགས་ཆུང་ཆེད་འཛུགས་གནང་དང་མ་གནང་གང་ཡང་གཟིགས་ཀྱི་མེད་པ་སོགས་ཀྱི་དགོངས་ཚུལ་གནང་ཡོད། སྐབས་དེར་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་གིས་ཞིབ་འཇུག་ཚོགས་ཆུང་དེ་སྔོན་གླེང་ནང་འཁོད་པ་ལྟར་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཆུང་ཞེས་གསལ་བ་ལྟར་ཚོགས་ཆུང་དེ་སྤྱི་འཐུས་ལྷན་ཚོགས་རང་གི་ཚོགས་ཆུང་ཆེད་འཛུགས་གནང་ཐུབ་ཚེ་དགེ་མཚན་དང་ཚོགས་ཆུང་ནས་མཁས་པའི་དྲུང་ནས་སློབ་སྟོན་ཞུ་ཆོག་སྐོར་གསུངས་ཡོད་ཀྱང་། ཚོགས་གཙོ་མཆོག་གིས་ཚོགས་ཆུང་ནང་སྤྱི་འཐུས་ཁོ་ན་མིན་པར་ཆེད་ལས་པ་སོགས་ཡོད་ན་ཆོག་པར་འགྲེལ་བརྗོད་གནང་བ་དང་གྲོས་ཆོད་དེར་མང་མོས་ཀྱིས་གཏན་འབེབས་གནང་ཡོད། གཞན་ཡང་ཐེངས་འདིའི་གྲོས་ཚོགས་ཐོག་དཔལ་འབྱོར་བཀའ་བློན་གྱི་སྔོན་རྩིས་གསུང་བཤད་ནང་ཕྱི་དྲིལ་ལས་ཁུགས་ཁྱབ་ཁོངས་སྣར་ཐང་དཔར་ཁང་འདས་པའི་ལོ་ཤས་ནས་བྱུང་སོང་ཁ་མ་འདུམ་པའི་གནས་སྟངས་སོགས་ཀྱི་རྐྱེན་པས་སྒོ་བརྒྱུབ་རྒྱུ་སྐོར་གསལ་བ་ལྟར་སྤྱི་འཐུས་རྣམ་པས་དོགས་འདྲི་དང་བགྲོ་གླེང་ཤུགས་ཆེ་གནང་བ་བཞིན། དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་མཐའ་མའི་ཐོག་སྣར་ཐང་དཔར་ཁང་དང་འབྲེལ་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཕེབས་ཡོད་པ་དང་། སླད་མར་སྣར་ཐང་དཔར་ཁང་གི་ལས་དོན་ཡར་རྒྱས་ཚགས་ཚུད་དུ་བཏང་ནས་རྒྱུན་གནས་ཐུབ་དགོས་པ་དེ་ལོ་རྒྱུས་དང་ལས་དོན་དངོས་ཀྱི་ཐོག་ནས་དགོས་མཁོ་གལ་ཆེར་གྱུར་ཡོད་སྟབས། སྣར་ཐང་དཔར་ཁང་དེ་ཉིད་སྒོ་བརྒྱབ་མི་དགོས་པར་དཔར་སྐྲུན་ལས་རིགས་དང་འབྲེལ་བའི་ཆེད་ལས་མི་སྣ་གསོ་སྐྱོང་དང་ཕྱོགས་ཡོངས་ནས་ལས་དོན་ཚགས་ཚུད་ཡོང་ཐབས་དགོས་ཞེས་གསལ་ཡོད་པ་དེ་མང་མོས་ཀྱིས་གཏན་འབེབས་གནང་ཡོད།སྤྱི་འཐུས་ཁག་ཅིག་ནས་སྣར་ཐང་དཔར་ཁང་དང་འབྲེལ་བའི་གྲོས་ཆོད་དེར་དགག་པ་གནང་སོང་བ་དེ་ལྟར་ནའང་ལ་ལས་དཔར་ཁང་གི་མིང་དེ་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས་པ་མ་ཟད། གཞན་ཁག་ཅིག་གིས་སྣར་ཐང་དཔར་ཁང་སྒོ་བརྒྱབ་པ་ཡིན་ན་དཔར་སྐྲུན་གྱི་ལས་གཞི་ཁག་ཕྱི་ཕྱོགས་ལ་སྤྲད་དགོས་པར་བརྟེན་འགྲོ་གྲོན་ལའང་དགོངས་པ་བཞེས་དགོས་སྐོར་སོགས་ཀྱི་དགོངས་ཚུལ་ཕུལ་ཡོད། ཐེངས་འདིའི་གྲོས་ཚོགས་སུ་བཀའ་ཤག་གི་ངོས་ནས་དེ་སྔོན་སྤྱི་འཐུས་ལྷན་ཚོགས་དང་དེའི་རྒྱུན་ལས་ཚུགས་མ་ཐུབ་པའི་གནས་སྟངས་བྱུང་བའི་དུས་ཡུན་ནང་ཚོགས་དྲུང་ལས་ཁུངས་བརྒྱུད་བར་བརྒལ་བཀའ་འཁྲོལ་ཞུ་ཕྱོགས་དང་འབྲེལ་བའི་གནད་དོན་ལ་དོགས་འདྲི་ཕེབས་ཡོད་པ་ལྟར། དེ་རིང་བཀའ་ཤག་གིས་བར་བརྒལ་བཀའ་འཁྲོལ་ཐད་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བསྣམས་ཡོད་པ་དང་། དེའི་ནང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་དེའི་རྒྱུན་ལས་ཚུགས་མ་ཐུབ་པའི་གནས་སྟངས་བྱུང་བའི་དུས་ཡུན་ནང་ཚོགས་དྲུང་ལས་ཁུངས་བརྒྱུད་བར་བརྒལ་བཀའ་འཁྲོལ་ཞུས་ཟིན་པའི་བྱུང་ཧིན་སྒོར་ ༢༧༠།༣༥༦།༦༨༣ དང་སོང་ཧིན་སྒོར་ ༢༠༣།༩༥༥།༢༢༩ གྲོས་ཚོགས་སུ་སྙན་སེང་བྱུང་བ་བཞིན་བཀའ་འཁྲོལ་ཐོབ་པར་ངོས་འཛིན་བྱ་རྒྱུའི་གྲོས་ཆོད་གྲོས་འཆར་བཏོན་པར་སྤྱི་འཐུས་ཁག་གཅིག་ནས་སྤྱི་འཐུས་རྒྱུན་ལས་མེད་པའི་སྐབས་བར་བརྒལ་བཀའ་འཁྲོལ་ཞུས་ཡིན་ཟེར་བ་དེ་ཁྲིམས་མཐུན་ཞིག་ལ་ངོས་འཛིན་གནང་གི་མེད་ཅེས་དགག་པ་གནང་མཁན་བྱུང་ཡང་གྲོས་ཆོད་དེ་མང་མོས་ཀྱིས་གཏན་འབེབས་གནང་སོང་། པར་བདག་དབང་བོད་མིའི་སྒྲིག་འཛུགས།

རྒྱ་ནག་གི་འགོ་ཁྲིད་ལ་དྲན་ཐོ་ཡིག་ཆ་འབུལ་རྒྱུའི་ཐད་ལན་འདེབས་གསལ་བཤད།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་གསུམ་པའི་ཉིན་མཐའ་མའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གཞུང་འབྲེལ་གསལ་བཤད་ཐོག་ཕེབས་པའི་སྤྱི་འཐུས་རྣམ་པའི་དོགས་འདྲི་ཁག་ལ་ལན་འདེབས་གནང་ཡོད། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་བརྒྱད་པའི་ཐོག་གྲོས་ཚོགས་འཐུས་མི་རྣམས་ནས་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་སུ་ཕུལ་བའི་སྐབས་ ༡༦ པའི་བཀའ་བཤག་གི་གཞུང་འབྲེལ་གསལ་བཤད་ལས་རྒྱ་ནག་གི་སྲིད་འཛིན་གྱི་མིང་ཐོག་ལ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་དྲན་ཐོ་ཡིག་ཆ་ཞིག་འབུལ་རྒྱུའི་གྲ་སྒྲིག་གནང་ཡོད་ཀྱང་། གནས་སྐབས་རིང་ཕྱིར་འཐེན་ཞུས་ནས་དུས་སྟབས་འགྲིག་པ་ཞིག་འབྱུང་ཚེ་འབུལ་འཆར་ཡོད་ཅེས་གསལ་བ་ལྟར་སྤྱི་འཐུས་མི་ཉུང་བ་ཞིག་ནས་དྲན་ཐོ་ཡིག་ཆ་དེ་རྒྱ་ནག་ལ་མ་ཕུལ་བའི་སྔོན་ལ་གྲོས་ཚོགས་སུ་འབུལ་ལམ་ཞུ་དགོས་པ་དང་ནང་དོན་གང་དག་བཀོད་ཡོད་མེད་སོགས་ཀྱི་བཀའ་འདྲི་ཞུས་ཡོད་པ་ལྟར། དེ་རིང་སྲིད་སྐྱོང་མཆོག་གིས་ལན་འདེབས་གསལ་བཤད་གནང་སྐབས་སྐབས་ ༡༦ པའི་བཀའ་ཤག་གི་ངོས་ནས་བོད་རྒྱའི་གནད་དོན་སེལ་ཆེད་གྲོས་མོལ་འམ་འབྲེལ་མོལ་གནང་རྒྱུའི་འདོད་པ་ཡོད་པ་དང་། བོད་རྒྱའི་དཀའ་རྙོག་ནི་ཞི་བའི་སྒོ་ནས་སེལ་དགོས་པར་གསལ་སྟོན་གནང་སྟེ། རྒྱ་ནག་གི་འགོ་ཁྲིད་ལ་དྲན་ཐོ་ཡིག་ཆ་འབུལ་འཆར་ཡོད་པ་དེ་ནི། རྒྱ་ནག་གཞུང་གིས་ད་བར་བོད་ནང་སྲིད་བྱུས་འཛིན་ཕྱོགས་དང་དེ་དག་ལ་འགྱུར་བ་གང་དག་བཏང་ཡོད་པ་ཐེར་འདོན་གྱིས་སྲིད་བྱུས་དེ་དག་གིས་བོད་མི་ཙམ་མ་ཚད་པར་རྒྱ་ནག་གཞུང་ལ་ཡང་ཕན་ཐོགས་གང་ཡང་མེད་པར་གསལ་སྟོན་དང་། སྲིད་བྱུས་དེ་དག་མཚམས་འཇོག་དགོས་པ་དང་དེ་ལྟར་མ་འབྱུང་ཚེ་སྲིད་བྱུས་དེ་དག་ལ་འགྱུར་བ་གཏང་དགོས་པ་བཅས་རྒྱ་ནག་གཞུང་ལ་གོ་བརྡ་སྤྲད་ཕྱིར་ཡིན་ཞེས་གསུངས་པ་དང་འབྲེལ། དེའང་དེ་སྔ་བོད་མིའི་ཕྱོགས་ནས་རྒྱ་ནག་ལ་ཕུལ་བའི་བསམ་འཆར་ཡིག་ཆ་སོགས་དང་འབྲེལ་བ་གང་ཡང་མེད་སྐོར་གསལ་བཤད་གནང་སོང་། ཁོང་གིས་དྲན་ཐོ་ཡིག་ཆ་དེ་རྒྱ་ནག་གི་འགོ་ཁྲིད་ལ་མ་ཕུལ་བའི་སྔོན་ལ་གྲོས་ཚོགས་སུ་འབུལ་ལམ་ཞུ་དགོས་པ་དང་ནང་དོན་གང་བཀོད་ཡོད་མེད་སོགས་དང་འབྲེལ་བའི་དྲི་བ་དང་འབྲེལ་ཏེ་དྲན་ཐོ་དེ་གཏན་འབེབས་ཀྱིས་རྒྱ་ནག་གི་འགོ་ཁྲིད་ལ་མ་ཕུལ་གོང་དུ་བཀའ་ཤག་ལ་སྙན་སེང་ཞུ་རྒྱུ་དང་། སྤྱིར་གསང་རྒྱ་སོགས་ཀྱི་གནད་དོན་ལ་གཞིགས་ཏེ་གནད་དོན་ཁག་ཅིག་གྲོས་ཚོགས་སུ་འབུལ་ལམ་ཞུ་སྲོལ་མེད་པ་དེ་ལྟར་ཡང་། མ་འོངས་པར་རྒྱ་ནག་དང་ལྷན་དུ་ཞི་མོལ་འམ་གྲོས་མོལ་ཡོང་རྒྱུའི་རེ་བ་ཡོད་པའི་དུས་ཤིག་དང་འབབ་ས་གཅིག་ལ་བསླེབས་ཚེ། གྲོས་ཚོགས་ལ་གོ་བསྡུར་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད། དེ་བཞིན་སྤྱི་འཐུས་ཁག་ཅིག་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུ་ཡིན་མིན་གྱི་ཐོག་ལ་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་བླ་ན་མེད་པ་དང་། གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན་སྟབས། བཀའ་ཤག་ལ་འགྱུར་བ་གཏོང་རྒྱུའི་དབང་ཚད་མེད་སྐོར་གསུངས་པ་དང་འབྲེལ། ད་ལྟའི་བཀའ་ཤག་གི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུའི་དགོངས་པ་རྩ་བ་མེད་ཀྱང་། མ་འོངས་པར་ཐབས་བྱུས་ལ་འགྱུར་བ་དགོས་མིན་ཐོག་དགོངས་བཞེས་རྒྱུ་ཡིན་པར་གསུངས་ཡོད། དེ་བཞིན་སྲིད་སྐྱོང་མཆོག་གིས་སྤྱི་འཐུས་ཁག་ཅིག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུའི་གདེང་ཚོད་ཇི་ཙམ་ཡོད་མེད་ཀྱི་བཀའ་འདྲི་ཞུས་པ་དང་འབྲེལ་ནས་ཁོང་སྐུ་ཉིད་ནས་དེ་སྔ་སྲིད་སྐྱོང་གི་འོས་མིར་བཞེངས་སྐབས་སུ་༸གོང་ས་མཆོག་རྒྱ་ནག་ལ་གདན་འདྲེན་ཞུ་ཐབས་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་རྒྱ་ནག་ལ་གདན་འདྲེན་ཞུས་པའི་ཐོག་ནས་བོད་ཀྱི་གནད་དོན་སེལ་བར་ Roadmap འམ་ལམ་ཁ་ཞིག་འཐོན་གྱི་རེད་ཅེས་གསུངས་པ་ལུང་འདྲེན་དང་ཆབས་ཅིག སྤྱིར་བོད་ནང་གི་བོད་མི་ཚོའི་མངོན་འདོད་བཞིན་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུའི་ཐོག་འབད་རྩོན་གང་ཐུབ་ཞུ་རྒྱུ་ཡིན་ཞེས་གསུངས་སོང་། ད་ལྟའི་འཛམ་གླིང་གི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་ལྷག་པར་ཧོང་ཀོང་ནང་གི་གནས་སྟངས་ཁྲོད་བོད་ལ་རེ་བ་གང་གཟིགས་ཀྱི་ཡོད་མེད་ཐོག་བཀའ་འདྲི་ཕེབས་པར་ལན་འདེབས་དང་འབྲེལ། ད་ལྟའི་རྒྱལ་སྤྱིའི་གནས་བབ་དང་རྒྱ་ནག་གི་འགོ་ཁྲིད་ཚོའི་བྱེད་ཕྱོགས་ལ་རེ་བ་གཟིགས་རྒྱུ་ཁག་པོ་ཆགས་ཡོད་ཀྱང་། རེ་བ་ཞུ་རྒྱུ་མ་གཏོགས་འདམ་ག་མེད་སྟབས་དེའི་ཐོག་མདུན་སྐྱོད་གནང་རྒྱུ་ཡིན་སྐོར་གསུངས་ཡོད།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་འཕོ་འགྱུར་བཏང་བ།

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་གི་ཐོག་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ ནང་གསེས་ ༤ པའི་དགོངས་དོན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམ་ནོར་བུ་མཆོག་དང་ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་མཆོག བསྟན་འཛིན་ལུང་རྟོགས་མཆོག་བཅས་འཕོ་འགྱུར་གནང་སོང་།དེ་རིང་གྲོས་ཚོགས་ཀྱི་སྔ་དྲོའི་ཚོགས་དུས་ཐོག་སྤྱི་འཐུས་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་རྣམ་གཉིས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་བཅས་འཕོ་འགྱུར་གནང་རྒྱུ་དང་འབྲེལ་བའི་གཞུང་འབྲེལ་གྱི་གྲོས་ཆོད་གྲོས་འཆར་བསྣམས་པའི་ཐོག་སྔ་ལོ་སྤྱི་འཐུས་རྒྱུན་ལས་ཀྱིས་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་འཕར་འགྱངས་གནང་བའི་གནད་དོན་དང་འབྲེལ་ཏེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་རྩད་གཅོད་གནང་བ་དང་རྒྱུན་ལས་ཀྱི་ཚོགས་མི་རྣམས་ཀྱི་འདེམས་བྱེད་ཀྱི་ཐོབ་ཐང་བཀག་བསྐྱིལ་གནང་བ་དེ་ནི་བཅའ་ཁྲིམས་དང་ཡོངས་སུ་འགལ་ཡོད་སྟབས། ཐག་གཅོད་དེར་ནམ་ཡང་ངོས་ལེན་བྱ་ཐབས་མེད་པར་འགྲེལ་བརྗོད་དང་སྦྲགས། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམས་ནས་ཁྲིམས་ཀྱི་ངོས་བཞེས་ཞེས་པའི་བརྒྱུད་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་རྩད་དང་ཁྲིམས་ཀྱི་ངོས་བཞེས་ཞེས་པའི་དབང་ཚད་ཡོད་ཚུལ་རྒྱལ་ཁབ་གཞན་གྱི་ཁྲིམམས་སྒྲིག་དང་སྦྱར་ནས་ཞྭ་དཔེ་ལྷམ་འགེབས་བྱས་ནས་དེ་འབྲེལ་ཐག་གཅོད་ཀྱི་བཀའ་ཁྱབ་བཏང་བ་བཅས་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་བར་བརྟེན་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་གྲོས་ཆོད་འདི་བཞག་ཉིན་ནས་འཕོ་འགྱུར་དགོས་པའི་གྲོས་ཆོད་ཅེས་བཀོད་ཡོད་པ་རེད།བོད་མི་མང་སྤྱི་འཐུས་རྣམ་པས་གཞུང་འབྲེལ་གྱི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་གནང་མཐར་ཚོགས་གཙོ་སྦྲེལ་པོའི་སྐུ་དབང་ཐོག་ནས་གསང་བའི་འོས་བསྡུ་གནང་སྟེ་སྤྱི་འཐུས་ཀྱི་རྩ་འབོར་གསུམ་ཆ་གཅིག་ཡན་ཚང་དགོས་ཀྱི་ཡོད་པ་ལྟར། འཕོ་འགྱུར་དགོས་པའི་འོས་གྲངས་ ༣༡ དང་འཕོ་འགྱུར་མི་དགོས་པའི་འོས་གྲངས་ ༡༠ བཅས་ཚད་མཐོའི་འོས་གྲངས་ཐོག་ནས་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་འཕོ་འགྱུར་བཏང་སོང་།གཞི་རྩའི་འདས་ལོའི་ཕྱི་ཟླ་ ༨ ཚེས་ ༡༧ ཉིན་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་ཀྱིས་ཕྱི་ཟླ་ ༩ ནང་འཚོགས་གཏན་འཁེལ་བའི་གྲོས་ཚོགས་ཚོགས་དུས་བཅུ་པ་འདི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱིས་རྒྱལ་སྤྱིའི་འགྲུལ་བཞུད་བཀག་སྡོམ་གནང་རྐྱེན་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༣ པའི་ནང་ཕར་འགྱངས་གནང་བ་ཡོངས་གྲགས་གནང་ཡོད་པ་རེད།ཚོགས་གཙོ་སྦྲེལ་པོས་ཐག་གཅོད་དེ་ཡོངས་གྲགས་གནང་འཕྲལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་ཀྱི་བརྒྱུད་སྤྱི་འཐུས་ལྷན་ཚོགས་ལ་ཐག་གཅོད་དེ་ཁྲིམས་འགལ་ཡིན་པར་ངོས་འཛིན་གྱིས་ནུས་མེད་དུ་བཏང་བ་དང་འབྲེལ་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱིས་འཕྲལ་དུ་ཁྲིམས་འགལ་ཆགས་པའི་གསལ་བསྒྲགས་དེ་ཕྱིར་འཐེན་དགོས་སྐོར་གྱི་བཀའ་ཁྱབ་དང་བརྡ་ཐོ་རིམ་པ་བཏང་ཡོད་ཀྱང་། སྤྱི་འཐུས་རྒྱུན་ལས་ནས་ཁྲིམས་འགལ་གང་ཡང་གནང་མེད་པའི་གསལ་འདེབས་དང་ཞུ་སྐུལ་གནང་བ་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཕྱི་ཟླ་ ༩ ཚེས་ ༢༥ ཉིན་སྤྱི་འཐུས་རྒྱུན་ལས་ནས་བསམ་བཞིན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བརྩི་མེད་བྱས་པའི་བྱེད་འཛོལ་ལ་ཆེད་འགལ་ཐོག་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༡ ཉིན་བར་སྤྱི་འཐུས་རྒྱུན་ལས་ ༡༡ གི་འོས་སྡུའི་འདེམས་བྱེད་ཀྱི་ཐོབ་ཐང་བཀག་བསྐྱིལ་གནང་ཡོད་པ་རེད།ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་བཀའ་ཁྱབ་དེའི་ནང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་མི་དེ་དག་གིས་བཅའ་ཁྲིམས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་བཀུར་བའི་ལས་འགན་བསྒྲུབ་ཐུབ་པར་བྱ་རྒྱུར་བཅའ་ཁྲིམས་སུ་ཐབས་ཤེས་དང་ལམ་སྟོན་གནང་ཕྱོགས་ཡོད་བཞིན་དུ་བཅའ་ཁྲིམས་ཀྱིས་བཀུར་བའི་ལས་འགན་མ་བསྒྲུབ་པ་དང་བཅའ་ཁྲིམས་དང་ཁྲིམས་ཡིག་ཁག་ལ་སྙིང་ནས་བརྩི་བཀུར་དང་ཉམས་ལེན་ཞུ་དགོས་པའི་བོད་ཀྱི་ཡུལ་མིའི་ལས་འགན་མ་བླངས་པའི་བྱེད་འཛོལ་དམིགས་ཏེ་སྤྱི་དམངས་ཁྲིམས་ཡིག་དོན་ཚན་ ༥༡ དགོངས་དོན་ཐག་གཅོད་བཀོད་ཁྱབ་དེ་བཏང་ཡོད་སྐོར་གསུངས་ཡོད་པ་རེད།དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་འཕོ་འགྱུར་གཏོང་དགོས་པའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་སྐབས་ཁག་ཅིག་གིས་དེར་རྒྱབ་སྐྱོར་གནང་ཡོད་ཀྱང་།སྤྱི་འཐུས་འགའ་ཤིག་གིས་དགག་ཆ་དང་འབྲེལ་ཏེ་གྲོས་འཆར་དེ་བརྒྱུད་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་འཕོ་འགྱུར་གནང་རྒྱུ་དེས་དོན་དངོས་ཀྱི་དཀའ་རྙོག་སེལ་རྒྱུར་ཕན་ཐོགས་གང་ཡང་མེད་པའི་ཁར་ད་དུང་རྙོག་གླེང་ཆེ་རུ་འགྲོ་ཉེན་ཡོད་པར་གཟིགས་ཀྱི་ཡོད་སྟབས་དེ་ལས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་དགོས་པའི་གཞེན་སྐུལ་གནང་བ་དང་། དེ་བཞིན་གྲོས་འཆར་དེའི་ནང་གི་ཚིག་ཁ་ཤས་ལ་བསྒྱུར་བཅོས་གནང་དགོས་པའི་གཞེན་སྐུལ་གནང་བ་མ་ཟད། རྙོག་གྲ་དེ་སེལ་ཆེད་མཁས་པའི་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་གནང་གལ་ཡིན་པའི་དགོངས་འཆར་ཕུལ་མཁན་བྱུང་ཡོད་པ་རེད།དེ་རིང་གི་གྲོས་ཚོགས་ཐོག་སྤྱི་འཐུས་རྣམས་ཀྱིས་གསང་བའི་འོས་བསྡུའི་ལམ་ནས་གཞུང་འབྲེལ་གྱི་གྲོས་ཆོད་གྲོས་འཆར་དེ་འོས་གྲངས་ ༣༡ དང་ ༡༠ བཅས་མང་མོས་ཀྱི་ཐོག་ནས་གཏན་འབེབས་གནང་ཡོད་སྟབས། གསར་འགོད་པས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་དེ་འབྲེལ་ཐོག་བཀའ་འདྲི་ཞུ་ཐབས་ཞུས་ཀྱང་། ཁྲིམས་ཞིབ་ཁང་གི་ངོས་ནས་གནད་དོན་དེའི་ཐོག་བཀའ་ལན་གང་ཡང་གནང་རྒྱུ་མེད་ཅེས་གསུངས་སོང་།གཞི་རྩའི་དེ་རིང་སྔ་དྲོའི་གཞུང་འབྲེལ་གྲོས་ཆོད་གྲོད་འཆར་གཏན་འབེབས་གྲུབ་མཚམས་སུ་མུ་མཐུད་ནས་ནང་སྲིད་ལས་ཁུངས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་དང་ལས་དོན་གནང་ཕྱོགས་ཐོག་བཀའ་འདྲི་དགོངས་སྐོར་དང་བགྲོ་གླེང་གནང་ཡོད་པ་རེད།

Latest news