Tibetan Royal Year of 2151 | Year of the Wood Dragon

Day10

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བདམས་ཐོན་བཀའ་བློན་སྟོབས་རྒྱལ་ཚེ་རིང་ལགས་ངོས་བཞེས་གནང་མེད་པ།

དེ་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་མཐའ་མའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གི་གྲོས་ཚོགས་མཇུག་བསྡུམ་གྱི་གསུང་བཤད་གནང་བའི་ཁྲོད། གྲོས་ཚོགས་ཀྱི་ལས་ཉིན་བཞི་པའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་དྲུང་ལས་ཐོག་སྟོབས་རྒྱལ་ཚེ་རིང་ལགས་བཀའ་ཤག་སྐབས་ ༡༥ པའི་བཀའ་བློན་དུ་མཚན་འདོན་གནང་དོན་བཞིན་ངོ་ཡོད་བོད་མི་སྤྱི་འཐུས་ ༤༣ ལས་སྤྱི་འཐུས་ ༢༡ གིས་རྒྱབ་སྐྱོར་གནང་བའི་ཐོག་བཀའ་བློན་དུ་བདམས་ཐོན་བྱུང་ཡོད་ཀྱང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༨༦ ནང་གསལ་ལྟར། ངོ་ཡོད་སྤྱི་འཐུས་ཀྱི་རྒྱ་ཆ་ ༥༠ ལོན་མེད་པའི་རྒྱུ་མཚན་དང་འབྲེལ་ཏེ་བདམས་ཐོན་བཀའ་བློན་སྟོབས་རྒྱལ་ཚེ་རིང་ལགས་བཀའ་བློན་དུ་ངོས་བཞེས་གནང་མེད་པའི་གནས་སྟངས་འོག་ལུས་ཡོད་པ་གསུངས་སོང་།  གཞི་རྩའི་སྐབས་དེའི་བཀའ་བློན་འོས་འདེམས་སྐབས་སུ་ངོ་ཡོད་སྤྱི་འཐུས་ ༤༣ ཡོད་པ་ལས་དགོས་ངེས་འོས་གྲངས་ ༢༡༌༥ ཡོད་ཀྱང་། བཀའ་བློན་འོས་མི་སྟོབས་རྒྱལ་ཚེ་རིང་ལགས་འོས་གྲངས་ ༢༡ ཐོབ་པས་བཀའ་བློན་དུ་བདམས་ཐོན་བྱུང་མཚམས་སུ་བཅའ་ཁྲིམས་དགོངས་དོན་ལྟར་ཁོང་ལ་ངོ་ཡོད་སྤྱི་འཐུས་ ༥༠ ཡི་རྒྱབ་སྐྱོར་ཐོབ་ཀྱི་ཡོད་མེད་ཐོག་གླེང་གཞི་ཞིག་བྱུང་ཡོད་པ་མ་ཟད། སྐབས་དེར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོའི་མཚན་ཐོག་ལ་འདྲི་རྩད་ཞིག་ཀྱང་གནང་ཡོད་པ་རེད།དེ་རིང་ཚོགས་གཙོ་མཆོག་གིས་མཇུག་བསྡོམ་གྱི་གསུང་བཤད་སྐབས་ཐེངས་འདིའི་གྲོས་ཚོགས་ཚོགས་དུས་བདུན་པའི་ཐོག་གཞུང་འབྲེལ་མྱ་ངན་དུས་འདུད་དང་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གཏན་འབེབས་དང་། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༡༠༡༩ དང་ ༢༠༢༠ ལོའི་སྔོན་རྩིས་གཏན་འབེབས་སོགས་ལས་དོན་རྣམས་གང་ལེགས་བྱུང་བར་བསྔགས་བརྗོད་དང་སྦྲགས། ཚོགས་དུས་འདིའི་ཐོག་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༩ པའི་སྙན་ཐོའི་ནང་བོད་ཁྱིམ་གྱི་ཁྱབ་ཁོངས་ཏཱ་ལའི་བླ་མའི་མཐོ་སློབ་ཁང་གི་ཨར་ལས་ལས་གཞི་དང་འབྲེལ་བའི་གནད་དོན་ཐོག་གྲོས་ཚོགས་ནས་ཞིབ་འཇུག་ཚོགས་ཆུང་ཞིག་ཆེད་འཛུགས་གནང་དགོས་པའི་རྒྱབ་གཉེར་ཞུས་པ་དང་། དེའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་དང་འབྲེལ་བ་ཡོད་སྟབས་གལ་སྲིད་ལས་རྙོད་དེ་རིགས་རྐྱེན་པས་༸གོང་ས་མཆོག་ལ་མཚན་ཤས་བཟོ་ཚེ་ང་ཚོ་སུས་ཀྱང་འགན་བཟོད་ཐབས་མེད་པར་བརྟེན་རྩིས་ཀྱི་སྐྱོན་གནད་སེལ་ཆེད་དུ་རྒྱབ་གཉེར་ཞུས་ཡོད་པ་ལྟར་སྤྱི་འཐུས་རྒྱུན་ལས་ནང་གྲོས་བསྡུར་གནང་རྒྱུ་ཡིན་པ་སོགས་གསུངས་ཡོད།གཞི་རྩའི་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་འདི་བཞིན་ཟླ་བ་འདིའི་ཕྱི་ཚེས་ ༡༩ ནས་དེ་རིང་ཚེས་ ༢༩ བར་ཚོགས་ཡོད་པ་དང་། ཚོགས་དུས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༩༌༢༠ ལོའི་དགོས་དངུལ་སྔོན་རྩིས་སྒོར་ས་ཡ་ ༢༥༠༥,༦༦༣,༧༩༨ བཀའ་འཁྲོལ་གཏན་འབེབས་དང་སྦྲགས། ཚོགས་གཙོ་མཆོག་ནས་ལས་ཉིན་དེ་དག་རིང་སྤྱི་འཐུས་རྣམ་པས་རྒྱ་ཆེ་མང་ཚོགས་ལ་ཐུགས་མ་ཕམ་པ་ཞིག་གནང་ཡོད་པའི་ཐུགས་ཚོར་ཆེན་པོ་བྱུང་ཞེས་གསུངས་སོང་།

བོད་རྒྱའི་དཀའ་རྙོག་སེལ་རྒྱུ་དང་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུའི་ཐོག་ད་ལྟའང་གདེང་སྤོབས་ཆེན་པོ་ཡོད།

དེ་རིང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་ཉིན་མཐའ་མའི་ཐོག་སྲིད་སྐྱོང་མཆོག་གིས་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་རིམ་པ་གསུམ་བསྐོང་ཚོགས་གནང་བའི་གྲུབ་དོན་ཐོག་བཀའ་འདྲི་མང་དག་ཅིག་ཕེབས་དོན་ལྟར་གསལ་བཤད་ལན་འདེབས་གནང་བར་བཀའ་ཤག་སྐབས་ ༡༤ པའི་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་བཞིན་ད་ལྟའི་བཀའ་ཤག་ལའང་གདེང་སྤོབས་ཆེན་པོ་ཡོད་ཅེས་གསུངས་སོང་།དེ་རིང་སྔ་དྲོ་དྲི་བ་དྲིས་ལན་གྱི་དུས་ཚོད་མེད་པའི་ཐོག་ནས་གྲོས་ཚོགས་དབུ་འཛུགས་གནང་བ་དང་འབྲེལ། ཁྲིམས་བཟོའི་ལས་དོན་ཁག་གཅིག་གཏན་འབེབས་ཀྱི་ལས་རིམ་གྲུབ་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང་ཐོག་བགྲོ་གླེང་དང་བཀའ་འདྲི་གནང་ཁག་ཐོག་ལེན་འདེབས་གསལ་བཤད་གནང་བར་རིང་མིན་ཕྱི་ཟླ་ ༥ པའི་ནང་བོད་རྒྱ་འབྲེལ་མོལ་གྱི་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཞིག་འཚོགས་གཏན་ཁེལ་ཡོད་པ་དང་། བོད་རྒྱ་འབྲེལ་མོལ་བསྐྱར་གསོ་གནང་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་དེ་རྒྱ་ནག་ལ་ཐུག་ཡོད་པ་ལས་བཀའ་ཤག་གི་ངོས་ནས་དུས་རྟག་ཏུ་གྲ་སྒྲིག་ཡོད་ཅེས་བསྐྱར་ནན་གསུངས་ཡོད་པ་རེད། དེ་སྔ་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༡༠ ལོར་སྐབས་དེའི་བཀའ་བློན་ཁྲི་པའི་འོས་མིར་བཞེང་སྐབས་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་དང་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུའི་སྐོར་གསུངས་ཡོད་པའི་ཐོག་ད་རེས་གྲོས་ཚོགས་སུ་སླར་ཡང་དྲི་བ་ཕེབས་དོན་ལྟར་སྲིད་སྐྱོང་གི་ངོས་ནས་བོད་ནང་གི་བོད་མིའི་མངོན་འདོད་གསལ་པོ་རྟོགས་ཀྱི་ཡོད་པ་དང་། བོད་མི་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་འབོད་སྒྲ་ལས་མངོན་གསལ་བྱུང་ཡོད་པ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུའི་ཐད་དུས་ད་ལྟའང་སྔར་བཞིན་གདེང་སྤོབས་ཆེན་པོ་ཡོད་པ་གསུངས་ཡོད།སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་བརྒྱ་ཆ་བརྒྱ་ཐམ་པ་བསྒྲུབས་ཡོད་པར་གདེང་སྤོབས་ཆེན་པོའི་ཐོག་ནས་ཞུ་ཐུབ་ཀྱི་ཡོད་ཅེས་གསུངས་པ་དང་འབྲེལ། ཆིག་སྒྲིལ་དང་འབྲེལ་བའི་དྲི་བར་བོད་མི་མང་ཚོགས་ཁྲོད་ལ་ཆིག་སྒྲིལ་གྱི་གནས་བབས་ཧ་ལས་པའི་ཚད་མཐོ་པོ་ཡོད་སྐོར་གསུངས་པ་དང་ཆབས་ཅིག སྲིད་སྐྱོང་རང་ཉིད་ཀྱིས་ ༢༠༡༡ དང་ ༢༠༡༦ གི་འོས་བསྡུའི་ཉམས་མྱོང་ལ་གཞིགས་ཏེ་ ༢༠༡༦ ལོའི་འོས་བསྡུའི་རྗེས་སུ་བསླབ་བྱ་བླང་རྒྱུ་གལ་ཆེ་ཤོས་གཅིག་གཟིགས་པ་ནི་འོས་བསྡུའི་རྒྱལ་ཕམ་གྱི་གྲུབ་འབྲས་སོན་པའི་རྗེས་སུ་རྒྱལ་ཁ་སོན་པར་ཡི་རང་དང་ཕམ་མཁན་ཕམ་པ་ལྟར་བཞུགས་དགོས་གལ་ཡིན་པ་གསུངས་སོང་བ་མ་ཟད། དེ་ལྟར་གནང་ཐུབ་པའི་རེ་བ་གནང་བཞིན་ཡོད་པ་གསུངས་ཡོད།རྩ་བའི་ཐེངས་འདིའི་གྲོས་ཚོགས་ཀྱི་ལས་ཉིན་དང་པོར་བོད་ནང་གི་ཛ་དྲག་གི་གནས་བབས་དང་འབྲེལ་གཞུང་འབྲེལ་གྲོས་ཆོས་གྲོས་ཆར་ཞིག་གཏན་འབེབས་གནང་བའི་ནང་དགྲ་བོ་རྒྱ་ནག་ཞེས་ཚིག་བཀོད་སྟངས་ཐོག་སྤྱི་འཐུན་ཕན་ཚུན་དབར་བགྲོ་གླེང་ཤུགས་ཆེན་པོ་གནང་སྐོར་དང་འབྲེལ། སྲིད་སྐྱོང་མཆོག་གིས་དེ་རིང་གྲོས་ཚོགས་སུ་༸གོང་ས་མཆོག་གིས་དེ་སྔ་ཕྱི་ལོ་ ༡༩༩༡ ལོའི་ཕྱི་ཟླ་ ༡༠ པའི་ནང་ཨ་རིའི་ Yale གཙུག་ལག་སློབ་གཉེར་ཁང་དུ་ embracing the enemy ཞེས་དགྲ་བོ་གདུལ་བའམ་ཐག་ཉེར་གཏང་དགོས་པའི་བཀའ་སློབ་བསྩལ་ཡོད་པ་ཞིག་ལུང་འདྲེན་དང་འབྲེལ་ཏེ་༸གོང་ས་མཆོག་དང་དབུ་མའི་ལམ་ལ་རྒྱབ་སྐྱོར་ཐོབ་པའི་རྒྱུ་མཚན་གལ་ཆེ་ཤོས་གཅིག་ནི་ང་ཚོའི་དགྲ་བོ་ལ་བྱམས་དང་སྙིང་རྗེ། དེ་བཞིན་གཉིས་སྨན་གྱི་ཐོག་ནས་ངོས་འཛིན་གནང་ཕྱོགས་དེ་ཡིན་པ་ལྟར་ཚིག་དེས་བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་རླབས་ཆེན་ཇི་ཙམ་ཡིན་པ་མངོན་གསལ་གནང་གི་ཡོད་པ་གསུངས་སོང་།དེ་བཞིན་སྲིད་སྐྱོང་མཆོག་གིས་ཁ་སང་བགྲོ་གླེང་ཁྲོད་ཀྱི་དྲི་བ་རིམ་པར་གསལ་བཤད་གནང་བ་ལས་རྒྱལ་སྤྱིའི་ངོས་ནས་བོད་མིའི་གཉིས་སྨན་དབུ་མའི་ལམ་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་མང་དུ་ཕྱིན་ཡོད་པ་དང། ད་ལྟའི་ཨ་རིའི་སྲིད་འཛིན་ Trump མཆོག་གི་ངོས་ནས་༸གོང་ས་མཆོག་དང་མཇལ་འཕྲད་དང་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པ་སོགས་ཞལ་ནས་གསུངས་མེད་ཀྱང། ཁོང་གི་ལས་ཡུན་དབུ་འཛུགས་གནང་བ་ནས་བཟུང་ད་བར་བོད་ནང་འདྲ་མཉམ་འགྲུལ་སྐྱོད་ཀྱི་རང་དབང་ཁྲིམས་འཆར་དང། Asia Reassurance Act ཞེས་ཨེ་ཤ་ཡ་ཡོངས་ལ་ཨ་རིའི་གཞུང་གི་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཁྲིམས་འཆར་གཉིས་ལ་མཚན་རྟགས་བསྐྱོན་ཡོད་པ་དང། རོགས་དངུལ་མང་དུ་བཏང་བ། དེ་བཞིན་ཨ་རིའི་སྲིད་འཛིན་གཞོན་པ་དང་ཕྱི་སྲིད་བློན་ཆེན། ཕོ་བྲང་དཀར་པོ་དང་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་བཅས་སྤྱི་ཡོངས་ནས་བོད་མིའི་སྒྲིག་འཛུགས་ལ་ཁས་ལེན་གནང་རྒྱུ་དང་། བོད་དོན་ཐོག་དེ་སྔའི་སྲིད་བྱུས་ལ་འགྱུར་བ་གང་ཡང་མེད་པར་བོད་དོན་རྒྱབ་སྐྱོར་གནང་བཞིན་ཡོད་པ་གསལ་པོ་མངོན་རྒྱུ་ཡོད་སྐོར་སོགས་གསུངས་སོང་།དེ་མཚུངས་ནང་སྲིད་ཐད་ ༢༠༡༤ ལོར་རྒྱ་གར་གཞུང་གི་གཏན་འབེབས་གནང་བའི་ Tibetan Rehabilitation Act ཞེས་པའི་རྒྱ་གར་གཞུང་གི་སྲིད་བྱུས་ལག་བསྟར་ཡིན་ནའང་རེད། དཔལ་འབྱོར་ཐད་བོད་མིའི་སྒྲིག་འཛུགས་ཀྱི་བང་མཛོད་ཐོག་སྒོར་ས་ཡ་ ༡༠༠༠ གསོག་སྒྲུབ་ཞུས་པ་མ་ཟད། མང་ཚོགས་ལ་མ་དངུལ་བུན་གཡར་བཅས་ཀྱི་ལས་གཞི་རིམ་པ་བརྒྱུད་བོད་མིའི་སྤྱི་ཚོགས་དེ་རང་ཁ་རང་གསོའི་གནས་སུ་གོམ་སྐྱོད་བྱེད་བཞིན་ཡོད་སྐོར་གསུང་པ་མ་ཟད། བོད་མི་ཆབ་སྲིད་བཙོན་ཟུར་ཐོག་དོ་སྣང་ཆེ་ཙམ་གནང་དགོས་པར་ངོས་ལེན་གནང་བ་བཞིན་ཕྱག་ལས་གནང་མུས་ཡིན་པ་དང། Australia ནང་དུ་བོད་ནས་ཕེབས་མཁན་འམ་ཡང་ན་ཉམ་ཐག་སོགས་སུ་གཏང་དགོས་མིན་ཐད་དགོངས་འཆར་ཕུལ་དོན་བཞིན་བཅའ་ཁྲིམས་ཀྱི་སྒྲོམ་གཞི་འོག་ནས་འཆར་གཞི་དེའི་ཐོག་དགོངས་པ་ཟབ་ནན་བཞེས་བཞིན་ཡོད་པ་སོགས་གསལ་བཤད་གནང་བ་དང་འབྲེལ། སྤྱི་འཐུས་ལྷན་ཚོགས་ནས་བཀའ་ཤག་གི་གསལ་བཤད་གནང་བའི་དོན་གནད་རྣམས་སྤྱི་འཐུས་ལྷན་ཚོགས་ཀྱི་བློ་ངེས་བྱུང་བའི་གྲོས་ཆོད་ཡང་འཇོག་གནང་ཡོད།

གྲོས་ཚོགས་སུ་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༩ པའི་སྙན་ཐོ་འགོད་འབུལ་ཞུས་པ།

དེ་རིང་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་ཉིན་མཐའ་མའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༩ པའི་ལས་བསྡོམས་དང་རྒྱབ་གཉེར་སྙན་ཐོ་འགོད་འབུལ་ཞུས་པའི་ཐོག་ལྷན་ཁང་ཁག་དང་གཞིས་མགོ། རང་དབང་བདེན་པའི་ལས་འགུལ། དེ་བཞིན་ས་འཐུས་སོགས་སྡེ་ཁག་གིས་སྙན་ཐོར་ཐུགས་སྣང་གང་ཆེ་གནང་ཡོད་སྟབས་སྐྱོན་གནས་ཁག་མེད་པ་ཆགས་ཡོད་པར་བསྔགས་བརྗོད་གནང་སོང་བ་དང་སྦྲགས། མཉམ་འབྲེལ་དང་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་སློབ་གྲྭ་ཁག་གཅིག་ནས་རྩིས་སྙན་ལན་འདེབས་དང་དོགས་འདྲིའི་ལན་འདེབས་སོགས་ལ་ཐུགས་སྣང་རྒྱ་གང་ཆེ་གནང་དགོས་གལ་ཡིན་པ་སོགས་ཀྱི་རྒྱབ་གཉེར་ཁག་ཅིག་ཕུལ་སོང་། དེ་རིང་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་ཉིན་ ༡༠ པའམ་གྲོས་ཚོགས་ཀྱི་ལས་ཉིན་མཐའ་མའི་སྔ་དྲོ་ཐོག་ཁ་སང་སྤྱི་འཐུས་ཁག་གཅིག་ནས་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང་དང་འབྲེལ་བའི་གནད་དོན་ཐད་བཀའ་འདྲི་གནང་ཡོད་པ་ལྟར། སྲིད་སྐྱོང་མཆོག་གིས་དེ་འབྲེལ་བཀའ་ལན་གནང་གྲུབ་མཚམས་སུ་ཚོགས་ཐེངས་གཉིས་པ་དང་གསུམ་པ་གཉིས་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༩ པའི་ལས་བསྡོམས་སྙན་ཐོ་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་གཙོས་པའི་ཚོགས་ཆུང་གི་ཚོགས་མི་རྣམ་པ་རེ་མོས་ཀྱིས་འགོད་འབུལ་ཞུས་སོང་། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༩ པའི་ངོས་ནས་འདས་པའི་ཟླ་བ་དགུ་ཙམ་རིང་ལ་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་ནས་རྩིས་ཞིབ་ཟིན་པའི་ལས་ཁུངས་སམ་སྡེ་ཚན་ཁག་ ༡༧༦ གི་རྩིས་སྙན་ཁག་ལ་ཞིབ་གཟིགས་གནང་བ་བརྒྱུད་རྩིས་སྙན་དང་མཇུག་སྣོན་མ་བྱུང་བའི་ཚན་པ་ ༢༡༢༡ ལ་མཇུག་སྣོན་གྱི་ཐག་གཅོད་གནང་ཡོད་པ་དང་། ད་ལྟའི་ཆར་སྡེ་ཚན་ ༡༠༣༡ ལ་མཇུག་སྐྱོང་གནང་རྒྱུ་ལྷག་བསྡད་ཡོད་པ་རེད་འདུགམང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༩ པའི་ལས་དོན་དེའི་ཁོངས་སུ་བོད་མི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་དེའི་ཁྱབ་ཁོངས་སུ་ཡོད་པའི་སྡེ་ཚན་ཁག རང་དབང་ཅན་གྱི་སྡེ་ཚན། སྒེར་གྱི་ཚོགས་པ་སོགས་ཀྱི་རྩིས་ལོ་ ༢༠༡༥ ནས་ ༢༠༡༦ དང་། རྩིས་ཞིབ་ཟིན་པའི་ ༢༠༡༧ ལོའི་རྩིས་ཁྲ་ཁག་གཅིག་དེ་བཞིན་ཕྱི་ལོ་ ༢༠༡༤ ལོའི་ལྷག་ལུས་རྩིས་ཁྲར་ཞིབ་འཇུག་གནང་ཡོད་པ་རེད།ཚོགས་ཆུང་གི་ངོས་ནས་སྙན་ཐོའི་ནང་མཉམ་འབྲེལ་ཁག་དང་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་སློབ་གྲྭ་ཁག་གཅིག་ནས་རྩིས་སྙན་ལན་འདེབས་དང་དོགས་འདྲིའི་ལན་འདེབས་སོགས་ལ་ཐུགས་སྣང་ཆུང་བ་དང་། ལྷག་པར་དུ་བོད་ཁྱིམ་གྱི་ཁྱབ་ཁོངས་ཏཱ་ལའི་བླ་མའི་མཐོ་སློབ་ཁང་གི་ཨར་ལས་ལས་གཞི་དང་འབྲེལ་བའི་གནད་དོན་ཐོག་གྲོས་ཚོགས་ནས་ཞིབ་འཇུག་ཚོགས་ཆུང་ཞིག་ཆེད་འཛུགས་གནང་དགོས་པའི་རྒྱབ་གཉེར་ཞུས་པ་དང་། དེའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་དང་འབྲེལ་བ་ཡོད་སྟབས་གལ་སྲིད་ལས་རྙོད་དེ་རིགས་རྐྱེན་པས་༸གོང་ས་མཆོག་ལ་མཚན་ཤས་བཟོ་ཚེ་ང་ཚོ་སུས་ཀྱང་འགན་བཟོད་ཐབས་མེད་པར་བརྟེན་རྩིས་ཀྱི་སྐྱོན་གནད་སེལ་ཆེད་དུ་རྒྱབ་གཉེར་ཞུས་ཡོད་ཅེས་གསལ་བཏོན་གནང་སོང་། འདི་ག་རླུང་འཕྲིན་ཁང་གིས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༩ པའི་སྙན་ཐོ་འགོད་འབུལ་ཟིན་རྗེས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་སུ་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཐེངས་འདིའི་སྙན་ཐོའི་སྐོར་བཀའ་འདྲི་ཞུས་ཡོད། རྩ་བའི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༩ པ་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དགོངས་དོན་ལྟར། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་སྔ་ལོའི་ཟླ་ ༤ ཚེས་ ༢༧ ཉིན་ཚོགས་ཆུང་ཆེད་འཛུགས་གནང་བ་དང་། ཚོགས་ཆུང་གི་མི་འགྲོར་སྤྱི་འཐུས་ཀླུ་ཚང་རྒྱ་རིགས་ཐར་ལགས་དང་། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་ལགས། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས། སྤྱི་འཐུས་དོན་གྲུབ་བཀྲ་ཤིས་ལགས། སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་བཅས་བསྐོ་གཞག་གནང་ཡོད་ཀྱང་། སླར་ཡང་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༡༠ ཚེས་ ༡ ཉིན་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་གཙོར་བསྐོ་གཞག་གནང་བ་དང་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་ལགས ཚོགས་ཆུང་གི་ཚོགས་དྲུང་དུ་བསྐོ་གཞག་གནང་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་དང་སྦྲགས་གྲོས་ཚོགས་ཚོགས་དུས་ལྔ་པ་མཇུག་སྒྲིལ་གནང་བ།

སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་མཇུག་སྒྲིག་གནང་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དགོས་དངུལ་སྔོན་རྩིས་ཧིན་སྒོར་ས་ཡ་ ༢༦༥༢,༥༥༥༧༨༡ བཀའ་འཁྲོལ་གཏན་འབེབས་གནང་སོང་། དེ་རིང་ཕྱི་ཟླ་ ༣ ཚེས་ ༢༤ ཉིན་སྔ་དྲོ་ཐེངས་འདིའི་སྔོན་རྩིས་གྲོས་ཚོགས་ཀྱི་ལས་རིམ་མཐའ་མར་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཇུག་བསྡོམ་གསུང་བཤད་གནང་སྐབས་ད་བར་འདས་པའི་གྲོས་ཚོགས་ཀྱི་ལས་ཉིན་བཅུ་པོའི་རིང་ལ་རྐང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༨༌༌༡༩ ལོའི་སྔོན་རྩིས་གཏན་འབེབས་ཆགས་ཡོད་པ་དང་། དེ་དང་དུས་མཉམ་དུ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ ༣ དང་སྐར་རྟགས་ཅན་གྱི་དྲི་བ་ ༢ ཐུགས་སྣང་གཞེན་སྐུལ་གྱི་གྲོས་ཆོད་གྲོས་འཆར་ ༡ བཅས་ཕེབས་ཡོད་སྐོར་གསུངས་སོང་བ་དང་། ཁྱད་པར་དུ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་ནས་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གཅིག་ཕེབས་གསལ་དེའི་ཐོག་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་རྣམ་པས་རྩལ་དུ་བཏོན་ནས་འགན་འཁུར་གྱི་ཆ་ཤས་བཞེས་པ་དེ་དག་དེ་སྔ་ལས་གནས་ཚད་ཏོག་ཙམ་མཐོ་རུ་སོང་ཡོད་པར་བསྔགས་བརྗོད་གནང་སོང་། ད་ལྟའི་ཆབ་སྲིད་ཀྱི་གནས་བབ་ཆ་ནས་འཛིན་སྐྱོང་བཀའ་ཤག་ལ་བཅའ་ཁྲིམས་རིན་པོ་ཆེས་བསྐུར་བའི་འགན་ཆེ་ཤོས་བོད་དོན་བདེན་མཐའ་གསལ་ཆེད་ཐབས་བྱུས་ལྡན་པའི་ཐོག་ནས་འབད་བརྩོན་གནང་རྒྱུ་དེ་ཆགས་ཡོད་ཅེས་གསུངས་ཡོད། ལྷག་དོན་ང་ཚོ་བཙན་བྱོལ་དུ་གནས་པའི་རིང་ལ་ནང་ཁུལ་གྱི་ཆབ་སྲིད་ཀྱི་འཁོར་ལོ་བསྐོར་བ་མ་ཡིན་པར་གཙོ་ཆེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་བོད་ཆོལ་གསུམ་ཆིག་སྒྲིལ་དང་མཐུན་ལམ་ལ་འགྱུར་བ་མེད་པར་གོང་བུ་གཅིག་ཏུ་སྒྲིལ་ཐོག་ཚང་མས་མནོ་བསམ་གནང་གལ་ཡིན་པ་གསུངས་ཡོད། སྒོས་སུ་ཚོགས་གཙོ་མཆོག་གིས་ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་དང་། དེ་ལ་ཆེ་མཐོང་དང་ཡིད་ཆེས། དེ་དེ་བཞིན་རྒྱལ་སྤྱིའི་གཞུང་མང་ནས་བོད་ཀྱི་རིག་གཞུང་ལ་དོ་སྣང་ཤུགས་ཆེ་ཡོང་བཞིན་པའི་འབྱུང་ཁུངས་གཙོ་བོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་ཐུགས་རྗེ་ལ་བརྟེན་ནས་བྱུང་བ་ཡིན་སྟབས། བོད་མི་ཚང་མས་མགོན་པོ་༸གང་ཉིད་མཆོག་གི་སྐུ་དྲིན་ལ་བསམ་ཤེས་ཀྱིས་༸རྒྱལ་བའི་བཀའ་གསུང་ཅི་བསྒྲུབ་ཞུ་གལ་ཡིན་པ་མ་ཟད། ཁྱད་པར་དུ་ལོ་རྗེས་མ་༸སྐུའི་དགུང་སྐེག་འཁེལ་ཡོད་སྟབས་༸སྐུ་ལ་ངན་འཚེ་ཕྲ་མོ་ཙམ་ཡང་མི་ཡོང་བ་གནང་གལ་ཡིན་པར་འབོད་སྐུལ་བཅས་གནང་སོང་། གཞི་རྩའི་ཐེངས་འདིའི་གྲོས་ཚོགས་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༨༌༌༡༩ ལོའི་དགོས་དངུལ་སྔོན་རྩིས་སྒོར་ས་ཡ་ ༢,༦༥༢,༥༥༥,༧༨༡ བཀའ་འཁྲོལ་གཏན་འབེབས་གནང་ཡོད་པ་དེ་ཡང་ཕྱོགས་བསྡོམས་ཚོད་དཔག་འགྲོ་གྲོན་འཆར་འབུལ་ཞུས་པ་ནས་བརྒྱད་འབུམ་ལྔ་ཁྲི་ཙམ་གཅོག་ཆ་གནང་ཡོད་པ་རེད།

ཟམ་གདོང་རིན་པོ་ཆེ་མཆོག་རྒྱ་ནག་ཏུ་ཕེབས་ཡོད་མེད་དེ་རིན་པོ་ཆེ་སྐུ་སྒེར་གྱི་གནད་དོན་ཞིག་རེད།

དེ་རིང་ཟླ་ ༣ ཚེས་ ༢༤ ཉིན་སྔ་དྲོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་མཐའ་མའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་བའི་ཁྲོད། བཀའ་བློན་ཁྲི་ཟུར་ཟམ་གདོན་རིན་པོ་ཆེ་མཆོག་སྔ་ལོར་རྒྱ་ནག་ཏུ་ཕེབས་ཡོད་མེད་ཀྱི་གནད་དོན་དེ་རིན་པོ་ཆེ་མཆོག་སྐུ་སྒེར་གྱི་གནད་དོན་ཞིག་ཆགས་ཡོད་སྟབས་གྲོས་ཚོགས་ནས་གནད་དོན་དེ་གླེང་སློང་གནང་རྒྱུ་མེད་པར་འགྲེལ་བརྗོད་གནང་སོང་། དེའང་ཟླ་བ་འདིའི་ཚེས་ ༡༩ སྟེ་གྲོས་ཚོགས་ཀྱི་ལས་ཉིན་ལྔ་པའི་ཐོག་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་སུ་བཀའ་ཤག་གི་གསལ་བཤད་གནང་ཟིན་རྗེས། གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་བཀའ་ཤག་གི་གསལ་བཤད་ཐོག་བགྲོ་གླེང་གནང་སྐབས་སྤྱི་འཐུས་ཁག་ཅིག་གིས་ཉེ་ལམ་རྒྱ་གར་གྱི་གསར་ཤོག་ཞིག་གི་ཐོག་བཀའ་བློན་ཁྲི་ཟུར་ཟམ་གདོན་རིན་པོ་ཆེ་མཆོག་སྔ་ལོའི་ཕྱི་ཟླ་ ༡༡ ནང་རྒྱ་ནག་ཏུ་ཕེབས་ཡོད་པའི་གནས་ཚུལ་ཞིག་ཕྱིར་འགྱར་བྱུང་ཡོད་སྟབས།གནས་ཚུལ་དེ་བདེན་པ་ཡིན་མིན་དང་བཀའ་ཤག་ནས་དེའི་སྐོར་མཁྱེན་རྟོགས་ཡོད་མེད་ཐོག་དྲི་བ་ཁག་ཅིག་ཕེབས་ཡོད་པ་རེད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་རིང་བཀའ་ཤག་གི་ལན་འདེབས་གནང་སྐབས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་གནང་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ཁག་ཅིག་ལུང་འདྲེན་དང་འབྲེལ། རིན་པོ་ཆེ་མཆོག་རྒྱ་ནག་ཏུ་ཕེབས་པའི་གནད་དོན་དེ་རིན་པོ་ཆེ་མཆོག་སྐུ་སྒེར་གྱི་གནད་དོན་ཞིག་ཆགས་ཀྱི་ཡོད་སྟབས། གནད་དོན་དེ་གྲོས་ཚོགས་ནས་གླེང་སློང་གནང་རྒྱུ་མེད་པ་དང། ལར་ནས་ཉེ་ལམ་རྒྱ་ནག་དམར་ཤོགས་ཚོགས་པའི་ལྷན་ཚོགས་དང་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྲུབ་བསྟུན་རྒྱ་ནག་གི་ཆབ་སྲིད་ཀྱི་གནད་དོན་ལ་འགྱུར་ལྡོག་ཆེན་པོ་ཞིག་ཕྱིན་ཡོད་སྟབས། བཀའ་ཤག་གི་ངོས་ནས་རིང་མིན་ཕྱི་ཟླ་ ༥ པའི་ནང་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཞིག་ཚོགས་འཆར་ཡོད་སྐོར་གསུངས་ཡོད། སྲིད་སྐྱོང་མཆོག་གིས་དེ་འབྲེལ་གོ་སྐབས་ཆེས་བཞེས་དང་འབྲེལ་ནས་སྤྱིར་བོད་དུ་གཉེན་འཕྲད་སླད་བོད་མི་གང་ཟག་སུ་འདྲ་ཞིག་ཕེབས་ཆོག་ཀྱང་། གལ་ཏེ་ཕྱོགས་བསྐྱོད་དེ་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དང་འབྲེལ་བ་ཡོད་པ་ཞིག་ཡིན་ཚེ་ཆབ་སྲིད་དང་བཟང་སྤྱོད་གཉིས་ཀྱི་ཐོག་ནས་བཀའ་ཤག་གི་ངེས་པར་དུ་མཁྱེན་དགོས་གལ་ཡིན་པ་གསུངས་སོང་། གཞི་རྩའི་འདི་ལོའི་ལོ་འགོར་རྒྱ་གར་གྱི་གསར་ཤོག་ཞིག་གི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་སྔ་ལོའི་ཕྱི་ཟླ་ ༡༡ པའི་ནང་རྒྱ་ནག་ཏུ་ཕེབས་ནས་འཐབ་ཕྱོགས་གཅིག་འགྱུར་ལས་ཁུངས་ཀྱི་མི་སྣ་དང་འབྲེལ་བ་བྱུང་སྐོར་གནད་དོན་ཞིག་ཕྱིར་འགྱར་བྱུང་ཡོད་པ་དང། སྲིད་སྐྱོང་མཆོག་ནས་རྗེས་སུ་ལྡི་ལིར་ཚོགས་པའི་ཚོགས་འདུ་ཞིག་གི་ཐོག་འབྲེལ་ཡོད་དྲི་བར་ལན་འདེབས་གནང་སྐབས་བཀའ་ཤག་ནས་རིན་པོ་ཆེ་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་སྟབས་དེའི་ཐོག་ཤེས་རྟོགས་གང་ཡང་མེད་པ་དང། ལར་ནས་རིན་པོ་ཆེ་མཆོག་རྒྱ་ནག་ཏུ་ཕེབས་ཡོད་ཚེ་དེ་ནི་སྐུ་སྒེར་གྱི་ཕྱོགས་བསྐྱོད་ཞིག་ཡིན་པ་དང། གནད་དོན་དེའི་ཐོག་ཚོད་དཔག་འདྲ་མིན་གནང་རྒྱུ་མེད་སྐོར་གསུངས་པ་དེ་ལྟར་ཡང། རིན་པོ་ཆེ་མཆོག་གིས་རྗེས་སུ་རྒྱ་གར་གྱི་གསར་ཤོག་ཞིག་གི་ཐོག་གནད་དོན་དེ་གཞི་རྩ་མེད་པ་ཞིག་ལ་འགྲེལ་བརྗོད་གནང་ཡོད་པ་རེད། སྲིད་སྐྱོང་བློ་བཟང་སེང་གི་མཆོག་གིས་དེ་རིང་གྲོས་ཚོགས་སུ་སྤྱིར་བཀའ་ཤག་གི་ངོས་ནས་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་ཐོག་འབད་བརྩོན་མུ་མཐུད་གནང་བཞིན་ཡོད་པ་དང། རྒྱ་ནག་གིས་འཚེ་མེད་ཞི་བའི་ཐབས་ལམ་ལ་འབད་མཁན་བོད་ནང་གི་བོད་མི་ཚོའི་ཐོག་འགྲོ་སོང་ཕོན་ཆེ་བཏང་ནས་དྲག་གནོན་བྱེད་སྟངས་ལ་གཞིགས་ན། བོད་མིའི་དབུ་མའི་ལམ་གྱི་འཐབ་རྩོད་ལ་ཕུགས་རྒྱང་ཡོད་པ་ཞིག་གཟིགས་ཀྱི་ཡོད་སྐོར་གསུངས་པ་མ་ཟད། སྲིད་སྐྱོང་མཆོག་གིས་ཉིན་ཤས་སྔོན་གྲོས་ཚོགས་སུ་བཀའ་ཤག་གི་གསལ་བཤད་སྐབས་གསུངས་ཟིན་པ་བཞིན། རྒྱལ་སྤྱི་དང་ཨེ་ཤ་ཡ། རྒྱ་ནག་བཅས་ནང་ཆབ་སྲིད་དང་དཔལ་འབྱོར། དམག་འཐབ་སོགས་འགྱུར་འགྲོས་ལ་གཞིགས་ནས་མ་འོངས་པའི་ལོ་གསུམ་བཞིའི་དུས་ཡུན་དེ་བོད་ཀྱི་གནད་དོན་ཐོག་ཧ་ཅང་གནད་འགག་ཆེ་བའི་དུས་ཚོད་ཞིག་ཆགས་ཡོད་སྟབས། བོད་གཞུང་མང་གཉིས་ནས་དེའི་ཐོག་དཔྱང་གྲུང་དང་དོ་སྣང་གནང་དགོས་པ་མ་ཟད། ཆིག་སྒྲིལ་ཐོག་ནས་ཐབས་ལམ་དང་འཆར་གཞི་གསར་པའི་ལས་འགུལ་སྤེལ་དགོས་ཞེས་བཀའ་ནན་གནང་སོང་། སྲིད་སྐྱོང་མཆོག་གིས་གཞན་ཡང་དེ་རིང་གི་གྲོས་ཚོགས་དེའི་ཐོག་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་བོད་མིར་མུ་མཐུད་རོགས་དངུལ་གནང་རྒྱུའི་ཞལ་བཞེས་གནང་ཡོད་སྐོར་སྙན་གསེང་དང་འབྲེལ། ཨ་རིའི་གཞུང་མང་དང་ལྷག་པར་དུ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ Nancy Pelosi མཆོག་དང་ཨ་རིའི་གློག་བརྙན་ཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ Richard Gere ལགས་རྣམ་གཉིས་ཀྱིས་ད་བར་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་མུས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།

སྤྱི་འཐུས་ལྷན་ཚོགས་ནས་སྒོར་ས་ཡ་ཉིས་སྟོང་བཞི་བརྒྱ་ལྷག་གི་སྔོན་རྩིས་བཀའ་འཁྲོལ་གནང་པ།

དེ་རིང་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༥ རེས་གཟའ་སྤེན་པའི་ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་མཐའ་མའི་ཐོག་དཔལ་འབྱོར་ལས་དོན་མཇུག་སྐྱོང་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༧་་༡༨ལོའི་གཏོང་ལེན་ཁྲིམས་ཡིག་ལ་གྲོས་ཚོགས་ནས་སྤྱི་མོས་ཐོག་བཀའ་འཁྲོལ་གཏན་འབེབས་གནང་སོང་། ཐེངས་འདིའི་སྔོན་རྩི་གྲོས་ཚོགས་ཁྲོད་སྤྱི་འཐུས་ལྷན་ཚོགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་འཆར་འབུལ་ཟིན་པར་སྒོར་ས་ཡ་ ༥ མན་ཙམ་བཅོག་ཆ་གནང་ཡོད་པ་ཕུད། ཁྱོན་བསྡོམས་ཧིན་སྒོར་ས་ཡ་ ༢༤༣༤ ལྷག་གི་བཀའ་འཁྲོལ་གཏན་འབེབས་གནང་ཡོད་པ་རེད། དེ་རིང་གི་ལས་རིམ་མཐའ་མ་སྤྱི་འཐུས་ཚོགས་གཙོའི་མཇུག་བསྡོམས་གསུང་བཤད་གནང་པའི་ཁྲོད་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐེངས་འདིའི་གྲོས་ཚོགས་ཀྱི་ལས་ཡུན་མང་ཆེ་བ་དེ་དཔལ་འབྱོར་གྱི་ལས་དོན་ཐོག་བཏང་ནས་གྲོས་ཚོགས་འཐུས་མི་རྣམ་པས་བགྲོ་གླེང་གསལ་བཤད་སོགས་ཞིབ་ཚགས་ཡག་པོ་བྱུང་སོང་ཞེས་གསུངས་གནང་པ་དང་ཆབས་ཅིག རྐང་ད་རེས་བཀའ་འཁྲོལ་གཏན་འབེབས་ཟིན་པའི་འཆར་འབུལ་ཐོག་འཛིན་སྐྱོང་བཀའ་ཤག་གིས་བསྲི་ཚགས་དང་ལྷག་བསམ་རྣམ་དག་སྒོ་ནས་ལས་དོན་དོན་ཕན་ལྡན་པ་བསྒྲུབ་གལ་ཡིན་པ་གསུངས་སོང་། ལྷག་པར་དུ་ཚོགས་གཙོ་མཆོག་གིས་བཅའ་ཁྲིམས་ནས་འཛིན་སྐྱོང་ལ་བསྐུར་བའི་ལས་འགན་ཁག་ལས་ཆབ་སྲིད་ཀྱི་ཆ་ནས་བོད་དོན་བདེན་མཐའ་སེལ་སླད་དངོས་ཤུགས་བརྒྱུད་གསུམ་ནས་ནུས་པ་མཐོ་བ་དང་ཤུགས་རྐྱེན་ཆེ་རུ་གཏོང་གལ་དུ་གཟིགས་ཀྱི་ཡོད་པ་གསུངས་ཡོད། དེ་བཞིན་ཚོགས་གཙོ་མཆོག་གིས་མཇུག་བསྡོམས་གསུང་བཤད་འདིའི་ཐོག་ནས་གྲོས་ཚོགས་ཀྱི་ལས་ཉིན་བཅིུག་རིང་ལ་རྒྱལ་གཅེས་པ་པདྨ་རྒྱལ་མཁན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་པ་དང་། དེ་བཞིན་གསེར་རྟ་ནང་གི་གནས་ཚུལ་སོགས་བོད་ནས་གནས་ཚུལ་ཛ་དྲག་རིགས་མུ་མཐུད་ཐོན་ཡོད་པ་ཕྱིར་དྲན་གནང་པ་དང་སྦྲགས། ཕྱིར་སྡོད་བོད་རིགས་ལས་ཀྱི་སྣེ་མོ་དང་རྒྱ་ཆེ་མང་ཚོགས་ནས་གཞིས་ལུས་བོད་མི་ཚོས་བློས་གཏོང་གནང་པ་དེ་དག་གི་མངོན་འདོད་དང་རེ་བ་ལ་གདུང་སེམས་མཉམ་བསྐྱེད་ཞུ་བ་ཙམ་མ་ཡིན་པར་ཁོང་རྣམ་པའི་མངོན་འདོད་དེ་བསྒྲུབ་ཐུབ་པར་འབད་བརྩོན་གནང་རོགས་ཞེས་སོགས་འབོད་སྐུལ་གནང་སོང་། གཞི་རྩའི་ཐེངས་འདིའི་སྔོན་རྩིས་གྲོས་ཚོགས་སྐབས་རྐང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་བཅས་པའི་རྩིས་ལོ་ ༢༠༡༧་་༡༨ ལོའི་སྔོན་རྩིས་འཆར་འབུལ་ཐོག་ལ་བཀའ་བསྡུར་བྱུང་ཡོད་པ་དང་། དེ་མིན་གྲོས་ཚོགས་ཀྱི་ལས་ཉིན་དང་པོའི་ཐོག་ནས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ལ་གཞིགས་ཏེ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་དང། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ཁྲིམས་འཆར་ཐོག་བགྲོ་གླེང་གསལ་བཤད་སོགས་ལྷུག་པོ་བྱུང་སྟབས། མཐའ་དོན་གྲོས་ཚོགས་རྗེས་མའི་ཐོག་དེ་དོན་སྒྲིག་གཞི་བསྐྱར་བཅོས་ཀྱི་བཟོ་བཅོས་གྲོས་ཆོད་གྲོས་འཆར་ཞིག་བསྣམ་རྒྱུའི་ཐག་གཅོད་བྱུང་ཡོད་པ་རེད།

སྤྱི་འཐུས་ཚོགས་གཙོ་མཆོག་གིས་འཛིན་སྐྱོང་ནས་གྲོས་ཚོགས་རྗེས་མའི་ཐོག་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་བཟོ་བཅོས་གྲོས་འཆར་བསྣམ་ཕེབས་དགོས་པའི་ཐག་གཅོད།

བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ཁོངས་སྲིད་སྐྱོང་དང་སྤྱི་འཐུས་གཉིས་ལ་སྔོན་འགྲོ་དང་དངོས་གཞི་གཉིས་དགོས་མིན་སོགས་ཀྱི་ཐད་ལ་ཐེངས་འདིའི་གྲོས་ཚོགས་སྟེང་། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་ཀྱི་ཁྲིམས་འཆར་ཞིག་བསྣམས་ཕེབས་པ་ལྟར། འདས་པའི་གྲོས་ཚོགས་ཀྱི་ལས་ཉིན་དེའི་ཁྲོད་ཁྲིམས་འཆར་དེ་དང་འབྲེལ་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་ལས་རིམ་ནང་ཆ་ཤས་མ་བཞེས་པར་གྲོས་ཚོགས་ནས་ཕྱིར་ཐོན་གནང་པ་དང་། དེ་དང་འབྲེལ་སྤྱི་འཐུས་རྣམ་པས་སྐྱོན་བརྗོད་དང་གཟིགས་ཚུལ་མཐུན་མིན་སོགས་གླེང་སློང་དང་བགྲོ་གླེང་ལྷུག་པོ་བྱུང་ཡོད་པ་རེད། དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་བཅུ་པ་འདིའི་ཐོག་ཁྲིམས་འཆར་དེའི་བརྗོད་པ་གཉིས་པའི་སྐབས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ཚོགས་གཙོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་བཟོ་བཅོས་གྲོས་འཆར་བསྣམ་ཕེབས་རྒྱུའི་གོ་སྐབས་གནང་སྐྱོང་ཡོང་བ་ཞུས་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བཀའ་ཤག་ནས་གྲོས་ཚོགས་ཚོགས་ཐུན་རྗེས་མའི་སྟེང་ཁྲིམས་འཆར་དེའི་བཟོ་བཅོས་ཁྲིམས་འཆར་བསྣམ་ཕེབས་དགོས་པའི་ཐག་གཅོད་གནང་སོང་། གཞི་རྩའི་གྲོས་ཚོགས་ཀྱི་ལས་ཉིན་ལྔ་པའི་ཐོག་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཚོགས་ཆུང་གི་འཆར་ཟིན་སྙན་ཐོའི་ནང་བཀའ་ཤག་གི་དགོངས་ཚུལ་དང་མི་མཐུན་པ་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་སྔར་བཞིན་དགོས་པའི་རྒྱབ་གཉེར་ཞུས་ཡོད་སྟབས། སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པས་སྙན་ཐོ་འདིར་འགག་བྱ་གནང་པ་དང་འབྲེལ། བགྲོ་གླེང་ནང་ཆ་ཤས་མི་ལེན་པར་གྲོས་ཚོགས་ནས་ཕྱིར་ཐོན་གནང་ཡོད་པ་རེད། དེ་རིང་ཉིན་རྒྱབ་ལས་ཉིན་བཅུ་པ་འདིའི་ཐོག་ཁྲིམས་འཆར་དེའི་བརྗོད་པ་གཉིས་བསྐྱོད་སྐབས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་དྲུང་ཆེ་སྤྱི་འཐུས་དགེ་བཤེས་སྨོན་ལམ་ཐར་ཕྱིན་ལགས་ནས་ཚོགས་ཆུང་གི་གྲུབ་དོན་ཁག་ནི་གཞི་རྐང་མང་ཚོགས་དང་ཚོགས་པ་ཁག་གི་བསམ་འཆར་གཞི་བཞག་གནང་ཡོད་པ་ལས་གང་ཟག་སུ་ཡིན་སོགས་ལ་གཞི་བཅོལ་མེད་པ་གསལ་བཤད་གནང་སོང་། ཚོགས་ཆུང་གི་དྲུང་ཆེས་ད་དུང་མུ་མཐུད་བཀའ་ཤག་གི་གསལ་བཤད་ལས་འཕྲོས་ནས་སྔོན་འགྲོ་དངོས་གཞི་གཅིག་བཟོས་པ་ལ་བརྟེན་ནས་མ་འོངས་འོས་བསྡུའི་སྐབས་༸གོང་ས་མཆོག་ཐུགས་ཕམ་བྱུང་གཞི་དང་སྤྱི་ཚོགས་ནང་བརྡབ་གསིག་ཡོང་རེ་མེད་སྐོར་དང། རྒྱ་མིའི་རྒྱུགས་ཁྱི་སོགས་ལ་དཀྲོག་གཏམ་སྤེལ་རྒྱུའི་དུས་ཚོད་མེད་པ་ཁྱབ་པ་ཏན་ནས་མེད་པའི་གྲུབ་བྱེད་ཞིབ་ཕྲ་བཀོད་གནང་ཡོད་པ་རེད། རྩ་བའི་དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་བཅུ་པ་འདིའི་ཐོག་ནས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཡིག་ཆ་ ༡༤ པ་དང་འབྲེལ་བའི་ཐོག་ལ་འཛིན་སྐྱོང་ལ་གྲོས་ཚོགས་ཚོགས་དུས་རྗེས་མའི་སྐབས་བཟོ་བཅོས་ཁྲིམས་འཆར་བསྣམ་ཕེབས་དགོས་སྐོར་གསུངས་ཡོད་པ་རེད།

Latest news