Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་བསྐོ་འཛུགས་གནང་རྒྱུ་ཐག་གཅོད་བྱུང་བ།

Tibetan News Headlines

  • བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སྤྱི་མོས་རྒྱབ་སྐྱོར།
  • ཉེན་རྟོག་པས་དམ་བསྒྲགས་འོག་བོད་པའི་དགེ་འདུན་པ་ཞིག་གིས་རང་སྲོག་བཅད་པ།
  • རྒྱ་ནག་ནས་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་གཏོར་ཐབས་བྱེད་བཞིན་པ་ཐེར་འདོན།
  • ཨ་རིའི་མི་ནི་སོ་ཊར་ Ocean of Wisdom ཅ་ཊར་སློབ་གྲྭ་གསར་འཛུགས་གནང་རྒྱུའི་ཐོག་བཅར་འདྲི།

Wednesday 17/04/2024

  • US Senate Committee approves Resolve Tibet Act
  • Police harassment and continued surveillance prompts Tibetan monk to commit suicide
  • Whistle blower accuses China of manipulating UN reports and bribing official to serve its interests
  • Ocean of Wisdom: MN Tibetan Charter School

བར་ལམ་ཞིག་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ཁག་གཅིག་གི་གོ་བ་དང་ལག་བསྟར་གནང་ཕྱོགས་སོགས་ཀྱི་རྐྱེན་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཁག་གཅིག་ལ་དོ་ཕོག་བྱུང་བའི་གནས་སྟངས་ཁྲོད། འདས་པའི་གྲོས་ཚོགས་ཀྱི་ཚོགས་དུས་ཁག་ཏུ་འཛིན་སྐྱོང་དང་གྲོས་ཚོགས་འཐུས་མི་འགའ་ཞིག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཚོགས་ཆུང་ཞིག་ཆེད་འཛུགས་གནང་གལ་སོགས་ཀྱི་དགོངས་ཚུལ་ཕེབས་ཡོད་པ་དང་། དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༥ པའི་ལས་ཉིན་མཐའི་ཐོག་སྤྱི་འཐུས་རྒྱུན་ལས་ནས་ད་ཡོད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་རང་སོར་གནས་ཐོག་གསལ་ཁ་དགོས་ངེས་ཀྱི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ལ་བསྐྱར་ཞིབ་ཀྱིས་བསྐྱར་བཅོས་གནང་རྒྱུའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ལ་སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུག་པོ་གནང་རྗེས་མང་མོས་ཀྱིས་རྒྱབ་སྐྱོར་གནང་སྟེ་གཏན་འབེབས་གནང་སོང་།

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་མཐའ་མའི་སྔ་དྲོའི་ཚོགས་དུས་དང་པོ་ཐོག་སྤྱི་འཐུས་རྒྱུན་ལས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་རྒྱུའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་གྲོས་ཚོགས་སུ་སྙན་སྒྲོན་གནང་ཡོད་པ་དང་། གྲོས་ཆོད་ནང་དེ་སྔ་སྤྱི་འཐུས་སྐབས་ ༡༡ པས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ད་བར་དགོས་གལ་ལ་གཞིགས་ཏེ་བསྐྱར་བཅོས་ཐེངས་ ༣༥ གནང་ཟིན་ཡོད་པ་སོགས་སྔོན་གླེང་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་ཚོགས་མི་ལྔ་ལས་གྲུབ་པའི་ཆེད་འཛུགས་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་རྒྱུ་དང་། ཚོགས་ཆུང་གི་ངོས་ནས་ད་ཡོད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་རང་སོར་གནས་ཐོག་གསལ་ཁ་དགོས་ངེས་ཀྱི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་གང་གི་ཐོག་ལ་བསྐྱར་བཅོས་དགོས་མིན་དང་། ཁྲིམས་སྒྲིག་གཞན་ལ་བསྐྱར་བཅོས་ཇི་དགོས་ཐད་ལ་བསྐྱར་ཞིབ་གནང་སྟེ་གྲུབ་དོན་སྙན་ཐོ་དང་འཆར་འབུལ་གྱི་ཟིན་བྲིས་རྣམས་ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༢ ཟླ་མཇུག་ཏུ་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་ཕུལ་ཟིན་དགོས་པ་གསལ་འདུག  

སྐབས་དེར་སྤྱི་འཐུས་རྣམ་པས་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་གནང་སྐབས་ཁག་གཅིག་ནས་གྲོས་ཚོགས་ཀྱི་ཚོགས་དུས་སྐབས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་མཛད་གཙོ་རྣམ་པའི་དམ་འབུལ་དང་འབྲེལ་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་གཏན་འབེབས་མ་ཐུབ་པའི་གནད་དོན་དང་། ད་ལྟའི་གྲོས་ཚོགས་ཀྱི་ཁོར་ཡུག་གནས་སྟངས། དེ་བཞིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་འཕོ་འགྱུར་དང་འབྲེལ་བའི་གྲོས་ཚོགས་ཀྱི་ཡིག་ཆ་ཨང་ ༣༩ པའི་གནས་སྟངས་སོགས་ལས་འཕྲོས་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་བསྐོ་འཛུགས་གནང་ཡང་གྲུབ་འབྲས་ཐོན་རྒྱུ་ཁག་པོ་ཡིན་པ་སོགས་གསུངས་ཏེ་དགག་པ་གནང་ཡོད།  

སྤྱི་འཐུས་འགས་ད་ལྟ་འཕྲད་བཞིན་པའི་ཁྲིམས་སྒྲིག་གི་དཀའ་ངལ་ཁག་སེལ་ཐབས་དང་དུས་ཀྱི་དགོས་མཁོ་སོགས་ལ་གཞིགས་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་བསྐོ་འཛུགས་གནང་རྒྱུར་རྒྱབ་སྐྱོར་གྱི་དགོངས་ཚུལ་གསུངས་ཡོད།  

བགྲོ་གླེང་ཁྲོད་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མང་གཙོའི་སྤྱི་ཚོགས་ནང་ལ་དཀའ་ཕྲད་སྐབས་བསམ་ཞིབ་དང་གདོང་ལེན་གནང་སྟེ་མདུན་སྐྱོད་གནང་རྒྱུ་གལ་ཆེན་པོ་ཡིན་པ་སོགས་འགྲེལ་བརྗོད་གནང་སྟེ་སྤྱི་འཐུས་རྒྱུན་ལས་ཀྱིས་བསྣམས་པའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ལ་རྒྱབ་སྐྱོར་དང་། ལྷག་པར་དུ་ཚོགས་ཆུང་དེ་ཆེད་འཛུགས་གནང་སྐབས་ཚོགས་གཙོ་སྦྲེལ་པོས་ད་ལྟ་འཕྲད་བཞིན་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་མཛད་གཙོ་རྣམ་པའི་དམ་འབུལ་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་གནད་དོན་དེ་དག་ཕྱི་ཟླ་དགུ་པའི་གྲོས་ཚོགས་ནང་བསླེབ་ཐབས་སུ་ཚོགས་ཆུང་ལ་ལམ་སྟོན་གནང་གལ་ཡིན་པ་སོགས་གསུངས་ཡོད། 

བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་གཅིག་གིས་གཅིག་ལ་དོགས་པ་རྣམ་རྟོག་སོགས་མ་གནང་བར་ད་རེས་ཚོགས་ཆུང་ཞིག་ཆེད་འཛུགས་གནང་སྟེ་མདུན་སྐྱོད་ཐུབ་རྒྱུར་དགོངས་པ་བཞེས་གལ་ཡིན་པ་དང་། ལྷག་དོན་ཁ་སང་བོད་མི་ལོ་ན་བརྒྱད་ཅུར་ཕེབས་པའི་བགྲེས་སོང་ཞིག་གིས་གྲོས་ཚོགས་ཀྱི་ངོས་ནས་ད་ལྟ་འཕྲད་བཞིན་པའི་ངལ་བ་དེ་སེལ་ཐབས་སུ་ལམ་སྟོན་ཞིག་མ་གནང་ཚེ་རང་སྲོག་དོར་རྒྱུ་ཡིན་ཞེས་གསུང་མཁན་བྱུང་ཡོད་པ་གྲོས་ཚོགས་སུ་སྙན་སེང་དང་སྦྲགས། བོད་ཆོལ་ཁ་གསུམ་གྱི་བོད་མི་རྒན་པ་ཚོས་དེ་འདྲ་མ་གནང་རོགས་ཞེས་འབོད་སྐུལ་གནང་སོང་།  

བགྲོ་གླེང་ཁྲོད་སྤྱི་འཐུས་ཁག་གཅིག་ནས་གྲོས་ཆོད་གྲོས་འཆར་དེར་རྒྱབ་བསྐྱོར་གནང་ཡོད་ཀྱང་། ཚོགས་ཆུང་གི་ཚོགས་མིའི་ཁོངས་སུ་སྤྱི་འཐུས་དགོས་མིན་དང་། བཀའ་སྤྱི་གཉིས་ལས་གྲུབ་པའི་ཚོགས་ཆུང་དགོས་གལ། དེ་བཞིན་མཁས་པའི་མི་སྣ་དགོས་པ་སོགས་ཚོགས་ཆུང་གི་གྲུབ་ཆར་དགོངས་ཚུལ་གནང་ཡོད། འོན་ཏང་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་དེ་ལ་བཟོ་བཅོས་གྲོས་འཆར་ཕེབས་ཐུབ་མེད་པ་རེད།

གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཐོག་སྤྱི་འཐུས་སུམ་ཅུ་ཙམ་གྱིས་བགྲོ་གླེང་གནང་བ་དང་། འཛིན་སྐྱོང་བཀའ་བཤད་གིས་དགོངས་ཚུལ་གསུངས་པ། དེ་བཞིན་ཚོགས་གཙོ་མཆོག་གིས་གསལ་བཤད་སོགས་གནང་མཐར་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་སྐབས་སྤྱི་འཐུས་ ༤ ནས་དགག་པ་དང་སྤྱི་འཐུས་ ༢༨ ནས་རྒྱབ་སྐྱོར་གནང་སྟེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་བསྐོ་འཛུགས་གནང་རྒྱུའི་ཐག་གཅོད་བྱུང་ཡོད། 

གཞི་རྩའི་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཁྲོད་ཕྱི་ལོ་ ༡༩༩༡ ལོར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་སུ་བསྒྱུར་གནང་མཛད་པ་ལྟར། སྤྱི་འཐུས་སྐབས་བཅུ་གཅིག་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་ཅིང་། ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཆོག་མཆན་སྩལ་བ་བཅས་བརྒྱུད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་ཉིད་གཞི་རྩའི་ཁྲིམས་ཡིག་ཡོད་པའི་དེང་རབས་མང་གཙོའི་འགྲོ་ལུགས་དང་མཐུན་པ་ཞིག་ཏུ་བསྒྱུར་གནང་མཛད་ཡོད་པ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དེ་དུས་ཀྱི་དགོས་མཁོ་དང་གསལ་ཁ་དགོས་ངེས་སོགས་ལ་གཞིགས་ཏེ་ད་བར་བསྐྱར་བཅོས་ཐེངས་ ༣༥ གནང་ཟིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།