Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་བོད་ནང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་སྲ་བརྟན་གཏོང་བའི་ཞིབ་འཇུག་ལྟེ་གནས་ཁང་ཟེར་བ་གསར་བཙུགས།

Tibetan News Headlines

  • ༸གོང་ས་མཆོག་གིས་ཕྱི་ཟླ་དགུ་པའི་བར་བཞུགས་སྒར་དུ་ཆོས་འབྲེལ་ཁག་དྲུག་ཙམ་སྩལ་གཏན་ཁེལ་བ།
  • ༸གོང་ས་མཆོག་ལ་དྭགས་ཀར་གྱིལ་རྫོང་ནང་ཆིབས་བསྒྱུར་ཡོང་བའི་གདན་ཞུ་གསོལ་འདེབས།
  • དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་ངོ་སྤྲོད།
  • རྒྱལ་ཁབ་ཀྱི་གཏན་འབེབས་སློབ་གསོའི་ཁ་ཕྱོགས་ལྟར་སློབ་གསོ་གཏོང་གི་མེད་པའི་ཉེས་མིང་འོག་དགེ་རྒན་ཞིག་གནས་དབྱུང་།
  • བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་དཔེ་དེབ་དབུ་འབྱེད།
  • Arthur Brooks ལགས་ཀྱིས་ཉེ་ཆར་༸གོང་ས་མཆོག་དང་མཇལ་མོལ་ཁྲོད་ཚོགས་བཅར་བ་ཚོར་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་གསུངས་འདུག
  • རྒྱ་གཞུང་ནི་ཕྱི་མིར་སྡང་འཛིན་ཤུགས་ཆེ་བྱེད་མཁན་ཞིག་ཡིན་པ་གསུངས་འདུག

Thursday 18/04/2024

  • Office of His Holiness the Dalai Lama announces teaching schedule of the Tibetan spiritual leader
  • Representatives from Kargil’s Buddhist community visit Dalai Lama and extend an invitation to visit Kargil
  • Introduction to teaching on ‘100 Deities of Tushita Heaven’ (Gaden Lhagyama)
  • China expels teacher for advocating the use of Tibetan language among students
  • CTA releases a collection of Tibetan essays on Gaden Phodrang
  • ‘Ambassador of Love’: Arthur Brooks recounts Harvard delegation to meet with Dalai Lama
  • Biden Calls China ‘Xenophobic’ as US, China Defense Chiefs hold first talks in nearly 18 months

རྒྱ་དམར་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ནང་དུ་ Chinese Nation Community Consciousness Building Research Centre ཞེས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་སྲ་བརྟན་གཏོང་བའི་ཞིབ་འཇུག་ལྟེ་གནས་ཁང་ཟེར་བ་གསར་བཙུགས་བྱས་ཏེ། རྒྱལ་ཁབ་དང་མི་རིགས། དེ་བཞིན་ཁྲིམས་ཀྱི་དབང་སྒྱུར་ཅེས་པའི་འདུ་ཤེས་གསུམ་གོང་མཐོར་གྱི་ལས་འགུལ་སྤེལ་བའི་བརྒྱུད། བོད་རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་རེད།

རྩ་བའི་རྒྱ་དམར་གཞུང་གིས་བོད་ནང་འདུ་ཤེས་གསུམ་གྱི་ལས་འགུལ་དེ་ནི་སྔ་ལོ་ ༢༠༢༢ ལོའི་ཕྱི་ཟླ་ ༥ པའི་ནང་འགོ་ཚུགས་པ་ཞིག་ཡིན་པ་དང་། སྐབས་དེར་བོད་རང་སྐྱོང་ལྗོངས་ཁྱོན་ཡོངས་ནས་གྲྭ་བཙུན་བསྡུ་རུབ་གྱིས་སློབ་གསོའི་ལས་གཞི་ཞིག་སྤེལ་བའི་འོག་རྒྱལ་ཁབ་དང་། མི་རིགས། དེ་བཞིན་ཁྲིམས་ཀྱི་དབང་སྒྱུར་ཅེས་པའི་འདུ་ཤེས་གསུམ་གྱི་སྐོར་བཙན་སྦྱོང་བྱས་ཏེ། ཆོས་ཕྱོགས་ཀྱི་བྱ་བ་སེམས་ཅན་ཚེ་ཐར་གཏོང་མཚམས་བཞག་དགོས་པ་དང་། ས་ག་ཟླ་བ་སྲུང་བརྩི་ཞུ་མཚམས་འཇོག་དགོས་པ། དེ་བཞིན་བོད་རྒྱ་སྒྱུར་གྱི་སྲིད་བྱུས་མི་མངོན་པའི་ཆེད་བོད་ཀྱི་ལོ་གསར་སྲུང་བརྩི་བརྒྱུད་སྐུལ་བྱ་དགོས་པ་དང་། རྒྱ་གཞུང་གིས་བོད་ཀྱི་ངོ་བོ་རྩ་གཏོར་གཏོང་བའི་སྲིད་བྱུས་ལ་གཞིས་བཞུགས་བོད་མིས་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་བ་དེར་མཉམ་ཞུགས་བྱ་རྒྱུ་མེད་པ་བཅས་ཀྱི་དོན་ཚན་བཞི་བསྐྱུར་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད། དེའི་རྒྱུ་མཚན་ནི་མི་མང་གི་ངོ་རྒོལ་ལས་འགུལ་དེར་གྲྭ་བཙུན་རྣམས་ཀྱིས་ཀུན་སློང་གནང་གི་ཡོད་པའི་དོགས་སློང་བརྒྱུད་དེ་འབྲེལ་ལས་འགུལ་སྤེལ་བ་ཞིག་ཆགས་ཀྱི་འདུག

རྒྱ་དམར་གཞུང་གིས་འདུ་ཤེས་གསུམ་གྱི་ལས་འགུལ་དེའི་ཁྲོད་ཐེངས་འདིར་བོད་རང་སྐྱོང་ལྗོངས་ཀྱི་ནང་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་སྲ་བརྟན་གཏོང་བའི་ཞིབ་འཇུག་ལྟེ་གནས་ཁང་ཟེར་བ་གསར་བཙུགས་བྱས་ཏེ། བོད་ནང་མི་རིགས་གཅིག་མཐུན་གྱི་འདུ་ཤེས་གོང་མཐོར་ཇི་ལྟར་བྱ་དགོས་པའི་ཉམས་ཞིབ་བརྒྱུད། རྒྱ་དམར་གཞུང་གི་སྲིད་བྱུས་ཁྱབ་སྤེལ་གཏོང་ཆེད་དམིགས་པ་ཞིག་ཡིན་པ་དང་འབྲེལ། ཉེ་ལམ་བོད་རང་སྐྱོང་ལྗོངས་དང་། ཉིང་ཁྲི་གྲོང་ཁྱེར། དེ་བཞིན་སྣང་རྗོང་ཆོས་ལུགས་ཁྱབ་ཁོངས་སུ་འདུ་ཤེས་གསུམ་གྱི་སློབ་གསོའི་སྒྲོག་འགྲེལ་ཐེངས་བཅུ་པ་སྤེལ་ཡོད་ཅིང་། ལས་འགུལ་དེ་ནི་གཙོ་བོ་གྲྭ་བཙུན་རྣམས་བསམ་བློ་འགྱུར་བ་གཏོང་ཆེད་དམིགས་པ་ཞིག་ཡིན་པ་མ་ཟད། སྔར་ལས་དམ་བསྒྲགས་ཆེ་བ་ཞིག་ཆགས་ཀྱི་འདུག

འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་སུ་དེ་འབྲེལ་བཀའ་འདྲི་ཞུས་སྐབས་ཁོང་གིས་འདུ་ཤེས་གསུམ་གྱི་སློབ་གསོ་དེ་ཉིད་ཞི་ཅིན་ཕིང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་ཆ་ཤས་ཤིག་ཆགས་ཀྱི་ཡོད་པ་དང་། སློབ་གསོ་དེ་ཁས་བླངས་ཏེ་མི་རིགས་གཅིག་སྒྲིལ་བྱ་དགོས་པ། དེ་བཞིན་མི་རིགས་གཅིག་སྒྲིལ་བྱེད་པའི་ཐོག་ནས་རྒྱལ་ཁབ་དང་ཏང་ལ་དགའ་ཞེན་བྱ་དགོས་པ། མདོར་ན་ཞི་ཅིན་ཕིང་གིས་གང་བཤད་པ་དེར་ཤར་བསྐྱོད་བྱ་དགོས་པའི་སློབ་གསོ་ཞིག་ཡིན་སྐོར་འགྲེལ་བརྗོད་དང་འབྲེལ། སློབ་གསོ་སྤྲོད་ཡུལ་དེ་བོད་ཀྱི་མཐོ་རིམ་མི་སྣ་དང་། དགོན་སྡེ་ཁག ཚོགས་སྡེ་ཁག་སོགས་ཡིན་པར་བརྟེན། རྒྱ་གཞུང་གིས་བོད་རྒྱ་སྒྱུར་གྱི་སྲིད་བྱུས་དེ་བོད་ཀྱི་ངོ་བོ་མཚོན་པའི་བོད་ཀྱི་ཆོས་དང་རིག་གཞུང་སོགས་ཉམས་དམས་སུ་འགྲོ་རྒྱུ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་བྱུང་།

འདུ་ཤེས་གསུམ་གྱི་སློབ་གསོའི་གནད་དོན་ཐོག་སྔ་ལོ་ ༢༠༢༢ ལོའི་ཟླ་བ་ ༡༢ པའི་ནང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དེ་འབྲེལ་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། དེའི་ཐོག་རྒྱ་དམར་དཔོན་རིགས་ Wang Junzheng ཟེར་བས་བོད་རྒྱུད་ནང་བསྟན་དེ་ཉིད་རྒྱ་ནག་ཅན་དུ་འགྱུར་རྒྱུའི་སྲིད་བྱུས་དང་། འདུ་ཤེས་གསུམ་གྱི་སློབ་གསོ་རྒྱ་བསྐྱེད་དང་། གཅིག་སྡུད། དེང་རབས་ཅན་གྱི་བོད་དང་སྤྱི་ཚོགས་རིང་ལུགས་གསར་པ་བཟོ་རྒྱུའི་ཐད་བརྒྱུད་སྐུལ་ནན་བཤད་བྱེད་ཡོད་པ་རེད།

གཞི་རྩའི་རྒྱ་དམར་གཞུང་གིས་ཆོས་དད་རང་མོས་རྡོག་རོལ་དང་། ངལ་རྩོལ་བསྒྱུར་བཀོད། དེ་བཞིན་མནར་གཅོད་སོགས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ནས་སྐྱོན་འཛུགས་ཆེན་པོ་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་རྒྱལ་སྤྱིའི་གཞུང་སྒེར་ཚོགས་པ་མང་པོས་རྒྱ་གཞུང་གིས་འདུ་ཤེས་གསུམ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་དེར་སྐྱོན་འཛུགས་དང་། གཞིས་བཞུགས་བོད་མི་རྣམས་ཀྱིས་རང་དབང་ཐོབ་ཐང་ལ་གུས་བརྩི་གནང་དགོས་པའི་ནན་བརྗོད་གནང་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།