Tibetan Royal Year of 2151 | Year of the Wood Dragon

རྩིས་ལོ་ ༢༠༢༣་༢༤ ལོའི་ཕྱོགས་བསྡོམས་མ་དངུལ་ས་ཡ་ ༣༠༣༤ ལྷག་ཙམ་གཏན་འབེབས་གནང་སྟེ་གྲོས་ཚོགས་ཚོགས་དུས་ལྔ་པ་མཇུག་སྒྲིལ།

Tibetan News Headlines

  • འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་བུ་ཕྲུག་ཐོག་མཉམ་བསྡུས་ཀྱི་ཉེས་ཆད་འགེལ་བཞིན་པ་མངོན་གསལ།
  • སྨར་ཁམས་རྫོང་ནང་རྒྱ་མི་དང་བོད་མི་དབར་འཁྲུག་རྩོད་ཤོར་ནས་བོད་མི་བཞི་འཛིན་བཟུང་བྱས་འདུག
  • འཇར་མ་ནིའི་སྲིད་བློན་མཆོག་གིས་རྒྱ་གཞུང་ལ་དྲང་བདེན་གྱི་ཚོང་ལས་གཉེར་དགོས་ཞེས་ཉེན་བརྡ་བཏང་འདུག
  • བལ་ཡུལ་ལྷ་མོ་ཚོགས་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འཁྲབ་སྟོན་པ།

Tuesday 16/04/2024

  • China using ‘collective punishment’ against activists’ families: Rights group
  • 4 arrested over protest against seizure of pastureland in Tibet
  • Germany’s Scholz calls for fair competition, warns against dumping during China visit
  • Nepal Tibetan Lhamo Association and its Himalayan artists: Feature

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༥ ལས་ཉིན་མཐའ་མའི་ཐོག་གྲོས་ཚོགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༣ དང་༢༠༢༤ ལོའི་ཕྱོགས་བསྡོམས་འགྲོ་གྲོན་གྱི་དགོས་དངུལ་ཧིན་སྒོར་ས་ཡ་ ༣༠༣༤ ལྷག་ཙམ་གཏན་འབེབས་གནང་བ་དང་འབྲེལ་ཏེ་གྲོས་ཚོགས་མཇུག་སྒྲིལ་གནང་སོང་།

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་མཐའ་མར་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༣་༢༠༢༤ ལོའི་ཕྱོགས་བསྡོམས་སྔོན་རྩིས་མ་དངུལ་ནས་རྒྱུན་གྲོན་དང་དམིགས་བསལ་འགྲོ་འཆར། དེ་བཞིན་ཟུར་བཀོལ་རྩིས་ཁོངས་ནས་འགྲོ་འཆར་ཧིན་སྒོར་ས་ཡ་ ༣༠༣༤ ལྷག་ཙམ་གཏན་འབེབས་གནང་བར་མ་ཟད། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་སྦེང་ལོར་ལྷོ་སྤྱི་ལས་ཁུངས་དང་ས་གནས་འཐུས་མིའི་ཚོགས་འདུ་མེད་པའི་ས་གནས་ཁག་དྲུག་གི་སྔོན་རྩིས་འགྲོ་འཆར་དང་། འཕྲོད་བསྟེན་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང་སྨན་ཁང་ཁག་ ༣ བཅས་ནས་སྔོན་རྩིས་འགྲོ་འཆར་སླད་ཧིན་སྒོར་ས་ཡ་ ༥༧ ལྷག་ཙམ་གཏན་འབེབས་གནང་ཡོད་པ་རེད།

གཞི་རྩའི་ཐེངས་འདིའི་སྔོན་རྩིས་གྲོས་ཚོགས་སུ་འཛིན་སྐྱོང་བཀའ་ཤག་ནས་རྩིས་ལོ་ ༢༠༢༣་༢༤ ལོའི་མ་དངུལ་རྒྱུན་གྲོན་དང་དམིགས་བསལ་ལས་དོན། དེ་བཞིན་ཟུར་བཀོལ་བཅས་ཀྱི་ཕྱོགས་བསྡོམས་ཧིན་སྒོར་ས་ཡ་ ༣༠༣༤ ལྷག་ཙམ་འཆར་འབུལ་ཞུས་ཡོད་པའི་ཁོངས་ནས་བཀའ་དྲུང་ཡིག་ཚང་གི་ཆབ་སྲིད་ལས་དོན་སླད་བརྒྱ་ཆ་ ༡༩།༩༠ དང་སྤྱི་ཚོགས་བདེ་དོན་སླད་བརྒྱ་ཆ་ ༦༧་༦༢ དེ་བཞིན་འཛིན་སྐྱོང་དང་འབྲེལ་བའི་ལས་དོན་སླད་བརྒྱ་ཆ་ ༡༢་༤༨ བཅས་སྡེ་ཚན་གསུམ་དུ་བཀར་ཡོད་པ་རེད།

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་མཐའ་མའི་ཐོག་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་བརྒྱུད་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་འགན་འཛིན་ལྷན་ཚོགས་ནས་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་མིང་དོན་མཚུངས་པ་ཞིག་ཏུ་བསྒྱུར་རྒྱུའི་མཇུག་སྐྱོང་ལས་དོན་བྱེད་ཕྱོགས་རྣམས་གང་མྱུར་ལག་བསྟར་དགོས་རྒྱུ་དང་འབྲེལ་བའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གཏན་འབེབས་གནང་བར་མ་ཟད། འཛིན་སྐྱོང་བཀའ་ཤག་གིས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༡ པས་རྩིས་ལོ་ ༢༠༡༨།༡༩ གཙོས་རྩིས་སྙན་ཁག་ལ་ཞིབ་འཇུག་ཞུས་པའི་གྲུབ་དོན་སྙན་ཐོ་ནང་གསལ་མུ་མཐུད་མཇུག་སྐྱོང་རྩིས་གཙང་དགོས་རིགས་མཇུག་སྐྱོང་ཕྱག་བསྟར་དགོས་པའི་གཞུང་འབྲེལ་གྲོས་ཆོད་ཅིག་གཏན་འབེབས་གནང་ཡོད།

དེ་རིང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་འདུ་མཇུག་བསྡོམས་ཀྱི་གསུང་བཤད་གནང་སྐབས་རྒྱ་ནག་གིས་བཙན་གནོན་འོག་གཞིས་བཞུགས་བོད་མི་རྣམས་ཉིན་འཁྱོོལ་ཡང་མཚན་མི་འཁྱོལ་བའི་ཛ་དྲག་གི་གནས་སྟངས་འོག་ངལ་བ་ཆེས་ཆེར་འཕྲད་བཞིན་པར་གདུང་སེམས་མཉམ་བསྐྱེད་དང་འཐབ་རྩོད་ཀྱི་ཁ་ཕྱོགས་དང་འབྲེལ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་རྒྱལ་སྤྱིའི་ཁྲོད་རྒྱབ་སྐྱོར་འཚོལ་ཐབས་སུ་གྲོས་ཆོད་དོན་ཚན་དྲུག་བཞག་པར་ཡག་པོ་བྱུང་བ་དང་། ཐེངས་འདིའི་གྲོས་ཚོགས་སུ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་སྒྲིག་འཛུགས་ཤིག་བསྐྲུན་ཐབས་སུ་རང་སྐྱོང་གི་སྒྲོམ་གཞི་སོགས་ལ་ཞིབ་འཇུག་གནང་སྟེ་མཇུག་སྐྱོང་གི་གྲོས་ཆོད་བཞག་པ་ལྟར། མ་འོངས་པར་བཙན་བྱོལ་སྤྱི་ཚོགས་སུ་སྒྲིག་འཛུགས་འདིའི་ཐོག་ནས་དཔལ་འབྱོར་གྱི་གནས་བབ་ལ་ཐུགས་ཕན་གསོ་རྒྱུ་ཙམ་མ་ཟད་མ་གཤེར་འཛུགས་མཁན་ཇེ་མང་དུ་འགྲོ་རྒྱུའི་ཐུགས་རེ་ཡོད་པ་གསུངས་སོང་།

དེ་བཞིན་ཐེངས་འདིའི་གྲོས་ཚོགས་སུ་ཁྲིམས་སྒྲིག་བསྐྱར་བཅོས་ཁག་གཅིག་ཕེབས་པ་དང་འབྲེལ་ནས་བཅའ་ཁྲིམས་ནང་གསལ་ལྟར་མང་གཙོའི་འགྲོ་སྟངས་ལ་གྲོས་ཚོགས་དབུས་སུ་བཞག་པའི་སྒྲོམ་གཞི་ཞིག་ཆགས་ཀྱི་ཡོད་སྟབས། གྲོས་ཚོགས་ཀྱི་ངོ་གདོང་དེ་མཐོང་མ་འདོད་པ་དང་ཉམས་ཆག་ཆེན་པོ་བྱུང་ཚེ་སྒྲིག་འཛུགས་འདི་ཉིད་གཞི་འཛིན་ས་མེད་པ་ཞིག་ཆགས་ཀྱི་ཡོད་པར་ཚང་མས་དགོངས་པ་ཆེ་བཞེས་ཀྱིས་སྒྲིག་འཛུགས་སྐྱོབ་ཐབས་སུ་བཟང་ཕྱོགས་ཀྱི་གདོང་ལེན་གནང་དགོས་ཞེས་དང་། གྲོས་ཚོགས་ཀྱི་ལས་རིམ་རྣམས་ཕེབས་སྐབས་སྤྱི་འཐུས་དང་འཛིན་སྐྱོང་ནས་བཀའ་མོལ་གནང་སྐབས་ཚིག་མཐོ་དམའ་རིགས་བྱུང་ཡོད་སྟབས་སླད་མར་བཀའ་མོལ་གནང་སྟངས་ལ་ཡིད་གཟབ་གནང་དགོས་པ་དང་། ལྷག་པར་དུ་གྲོས་ཚོགས་ཀྱི་ལས་རིམ་དང་སྒོས་བགྲོ་གླེང་དང་ཐག་གཅོད་གནང་སྐབས་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་ཁྲིམས་སྒྲིག་ལ་ཐུགས་སྣང་དགོས་གལ་སོགས་གསུངས་ཡོད།

ཚོགས་གཙོ་མཆོག་གིས་ད་དུང་གྲོས་ཚོགས་ཀྱི་ལས་རིམ་བསྐྱངས་སྐབས་འཛིན་སྐྱོང་དང་གྲོས་ཚོགས། གྲོས་ཚོགས་འཐུས་མིའི་དབར་བསམ་ཚུལ་མཐུན་མིན་དང་བཀའ་མོལ་གནང་ཕྱོགས་སོགས་ཀྱི་གནས་སྟངས་འབྱུང་བཞིན་པ་ནི་མང་གཙོའི་སྤྱི་ཚོགས་སུ་ཡོང་དགོས་པ་ཞིག་ཡིན་སྟབས། རྒྱ་ཆེ་མང་ཚོགས་ནས་གྲོས་ཚོགས་ཀྱི་ལས་རིམ་ཆ་ཚང་ལ་དོ་སྣང་གནང་གལ་དང་འཁྲུག་གཞི་མི་འགྲོ་བ་བྱེད་དགོས་ཞེས་གསུངས་སོང་།

གཞི་རྩའི་ཟླ་བ་འདིའི་ཕྱི་ཚེས་ ༡༥ ནས་དེ་རིང་བར་ཉིན་བཅུའི་རིང་བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་དྷརྨ་སཱ་ལཱར་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་ ༥ ཚོགས་ཡོད་པ་དང། གྲོས་ཚོགས་སུ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་གྱི་གྲོས་ཆོད་དང་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཨ་རིའི་མང་གཙོ་ཚོགས་པའི་དབུ་ཁྲིད་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནེན་སི་པི་ལོ་སི་ Nancy Pelosi མཆོག་ལ་གཞུང་འབྲེལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད།

དེ་བཞིན་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་ཞིག་ཏུ་བསྒྱུར་རྒྱུའི་སྙན་ཐོར་བགྲོ་གླེང་དང་མཇུག་སྐྱོང་གི་གྲོས་ཆོད། རྗེས་འབྱོར་བོད་མིར་སྡོད་ཁང་བགོ་བགྲེམས། བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་འབབ་ཚད་དང་ཟས་བཅད་དོད་གཉིས་ལ་སྤར་ཆ་གནང་རྒྱུའི་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་ཡོད་པར་མ་ཟད།

རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་གནས་འཁོད་བོད་རིགས་དཔྱ་དངུལ་ལོ་མང་འབུལ་ཆད་སོང་བ་དང་། གསར་བཟོ་མ་ཐུབ་པ་རྣམས་ལ་བོད་ཀྱི་ཡུལ་མིའི་ལས་འགན་ཁུར་ཐུབ་པའི་གོ་སྐབས་གནང་ཆེད་དཔྱ་དངུལ་འབུལ་ཆད་ཇི་ཡོད་ཀྱི་བརྒྱ་ཆ་ ༩༠ ཆག་ཡང་གནང་རྒྱུའི་གྲོས་ཆོད་སོགས་གཏན་འབེབས་གནང་ཡོད། ཐེངས་འདིའི་གྲོས་ཚོགས་སུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲོད་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཞིག་ཕེབས་ཡོད་ཀྱང་སླར་གཏན་འབེབས་གནང་ཐུབ་མེད་པར་མ་ཟད། ཁྲིམས་ཞིབ་པ་ཆེ་བ་མེད་ཚེ་མཛད་གཙོ་རྣམ་པས་༸གོང་ས་མཆོག་གི་༸སྐུ་པར་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་མདུན་ལས་ཁུར་དང་གསང་རྒྱའི་དམ་བཅའ་འམ། ཁས་ལེན་བྱེད་དགོས་པའི་བཅའ་ཁྲིམས་བསྐྱར་བཅོས་ཕེབས་པ་དེའང་གཏན་འབེབས་གནང་མ་ཐུབ་པར་དེ་མུར་ལྷག་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།