མགོ་ལོག་དགའ་སྡེ་རྫོང་ལུང་སྔོན་དགོན་པའི་ཁྲི་པ་སྤྲུལ་སྐུ་ཧུྃ་ཀར་རྡོ་རྗེ་མཆོག་གློ་བུར་དུ་དོགས་གཞི་ཅན་གྱི་གནད་དོན་འོག་ཝེཊ་ནམ་ནང་དུ་སྐུ་གྲོངས་པར་གནས་ཚུལ་རྒྱལ་ཁྱབ་ཆེན་པོ་བྱུང་བའི་ཁྲོད་འདིར། ལུང་སྔོན་དགོན་པའི་སྐུ་ཚབ་དགེ་འདུན་པ་ལྔ་ལ་སྤྲུལ་སྐུ་ཁོང་གི་ཞལ་རས་ཙམ་ལས་སྐུ་ཕུང་ཡོངས་རྫོགས་མཇལ་དུ་བཅུག་མི་འདུག

དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་གཙོས་པའི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་སོགས་ནས་ཉེ་ལམ་སྤྲུལ་སྐུ་ཧུྃ་ཀར་རྡོ་རྗེ་མཆོག་གློ་བུར་དུ་ཝེཊ་ནམ་ནང་དུ་སྐུ་གྲོངས་པའི་གནས་ཚུལ་ཐད། བློ་འཚབ་ཀྱི་རྣམ་པ་མངོན་གསལ་ཐོག་སྤྲུལ་སྐུ་ཁོང་གི་སྐུ་ཕུང་ལ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཞིབ་འཇུག་གིས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་དགོས་འདུན་དང་། སྐུ་ཕུང་འབྲེལ་ཡོད་ཚོར་རྩིས་སྤྲོད་དགོས་པ་སོགས་ཀྱི་རེ་འདུན་བསྟན་དང་སྟོན་བཞིན་ཡོད་པའི་མཚམས་འདིར། འདི་ཚེས་ ༡༠ ཉིན་གྱི་ཕྱི་དྲོར་ཝེཊ་ནམ་གྱི་ Ho Chi Minh གྲོང་ཁྱེར་གྱི་ Vinmec Central Park International Hospital ནང་དུ་མགོ་ལོག་ལུང་སྔོན་དགོན་པའི་སྐུ་ཚབ་དགེ་འདུན་པ་ལྔ་ལ་སྤྲུལ་སྐུ་ཧུྃ་ཀར་རྡོ་རྗེ་མཆོག་གི་ཞལ་རས་སྐར་མ་གཉིས་ནས་གསུམ་ཙམ་གྱི་བར་དུ་མཇལ་བཅུག་པ་ལས་སྐུ་ཕུང་ཡོངས་རྫོགས་མཇལ་དུ་བཅུག་མེད་པ་མ་ཟད། སྐུ་ཕུང་རྩིས་སྤྲོད་ཀྱང་བྱས་མེད་པ་རེད་འདུག
སྤྲུལ་སྐུ་ཧུྃ་ཀར་རྡོ་རྗེ་མཆོག་སྐུ་གྲོངས་རྐྱེན་གྱི་གནད་དོན་ཐད་ཞིབ་འཇུག་གནང་མཁན་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན་དུ། ཟླ་བ་འདིའི་ཚེས་ ༡༠ སྟེ་རེས་གཟའ་ཕུར་བུ་ཉིན་གྱི་ཆུ་ཚོད་ ༤ པ་ཡས་མས་སུ་མགོ་ལོག་ལུང་སྔོན་དགོན་པའི་སྐུ་ཚབ་དགེ་འདུན་པ་ལྔ་དང་། འབྲེལ་ཡོད་རྒྱ་ནག་གི་ལས་བྱེད། དེ་བཞིན་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་བཅས་ལ་སྤྲུལ་སྐུ་ཁོང་གི་ཞལ་རས་སྐར་མ་གཉིས་ནས་གསུམ་ཙམ་གྱི་བར་དུ་བསྟན་ཡོད་ཀྱང་། ཆ་ཚང་མཉམ་དུ་མིན་པར་མི་གསུམ་རེ་རེ་ཆ་བགོས་བྱས་ཡོད་འདུག་པ་འགྲེལ་བརྗོད་དང་འབྲེལ། ཞལ་རས་མཇལ་སྐབས། སྐུ་ཕུང་དང་རྒྱང་ཐག་ཇི་ཙམ་ཡོད་མིན་ཤེས་རྟོགས་གསལ་པོ་ཐུབ་མེད་ཅིང་། སྐབས་དེར་ཞལ་རས་མ་གཏོགས་སྐུ་ཕུང་ཡོངས་རྫོགས་རས་དཀར་པོས་བཏུམ་ནས་བཞག་ཡོད་པ་མ་ཟད། དེའི་རྗེས་སུ་གནད་དོན་རྒྱུས་ལོན་ཆེད་དུ་འབྲེལ་ཡོད་རྣམས་དང་འབྲེལ་བ་ཐུབ་ཀྱི་མི་འདུག་ཅེས་འགྲེལ་བརྗོད་གནང་སོང་།
དེ་བཞིན་མགོ་ལོག་དགའ་སྡེ་རྫོང་གི་ལུང་སྔོན་དགོན་པའི་ནང་དུའང་དགོངས་རྫོགས་མཆོད་འབུལ་ཐད་དམ་བསྒྲགས་ཤུགས་ཆེ་བྱེད་ཀྱིན་ཡོད་པར་འབྲེལ་ཡོད་དང་ལྷན་དུ་འབྲེལ་བ་བྱེད་ཐུབ་ཀྱི་མི་འདུག་ལ། སྐད་ཆ་ཡང་ཤོད་ཐུབ་ཀྱི་མེད་པར་ཛ་དྲག་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་མངོན་གསལ་གནང་སོང་།
རྩ་བའི་གནད་དོན་དེ་དང་འབྲེལ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། སྤྲུལ་སྐུ་ཁོང་ཝེཊ་ནམ་ནང་དུ་དོགས་གཞི་ཅན་གྱི་གནས་སྟངས་འོག་ནས་འདས་གྲོངས་སུ་གྱུར་བར་བོད་མིའི་ངོ་བོའི་ཆེད་དུ་འབོད་སྒྲ་ཤུགས་ཆེ་གནང་མཁན་ཞིག་ཁ་བཀག་པ་རེད་ཅེས་སྐྱོན་བརྗོད་ཐོག ཁོང་སྐུ་གྲོངས་པ་དེས་རྒྱ་ནག་གི་ཤུགས་རྐྱེན་རྒྱ་སྐྱེད་བྱེད་བཞིན་པ་དང་། རྒྱལ་མཚམས་ལས་བརྒལ་ཏེ། སོ་སོ་དང་མི་མཐུན་པའི་འབོད་སྒྲ་འགོག་ཐབས་བྱེད་བཞིན་པའི་དྲན་སྐུལ་ཞིག་ཡིན་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་འདི་བཞིན་ཁ་བཙུམ་ནས་བསྡད་མི་རུང་ཞེས་སྐུལ་འདེབས་གནང་འདུག
མ་ཟད་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་ Jim McGovern ལགས་ཀྱིས། ཝེཊ་ནམ་ནང་དུ་བོད་མིའི་ཆོས་ཕྱོགས་ཀྱི་འགོ་ཁྲིད་གསང་བའི་གནས་སྟངས་འོག་ནས་འདས་གྲོངས་སུ་གྱུར་བ་ཤེས་པར་བློ་ཕམ་བྱུང་ཞེས་དང་། སྤྲུལ་སྐུ་ཁོང་གི་དགོན་སྡེ་དང་སློབ་གྲྭ་ཁག་འཛིན་སྐྱོང་གནང་གི་ཡོད་པར་རྒྱ་གཞུང་དཔོན་རིགས་ཚོས་བསུན་གཙེར་བཟོས་ཡོད་པར། ཨ་རིའི་ཕྱི་སྲིད་ལས་ཁུངས་ངོས་ནས་ཝེཊ་ནམ་གཞུང་ལ་གནད་དོན་དེའི་ཐོག་ཕྱི་གསལ་ནང་གསལ་གྱི་རང་དབང་ལྡན་པའི་ཞིབ་འཇུག་མཐིལ་ཕྱིན་དགོས་པའི་སྐུལ་འདེབས་བྱ་དགོས་པའི་དགོས་འདུན་བསྟན་ཡོད།
གཞི་རྩའི་སྤྲུལ་སྐུ་ཁོང་སྔ་ལོའི་ཕྱི་ཟླ་ ༩ པའི་ཟླ་མཇུག་ནས་བཟུང་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༥ བར་ཝི་ཏི་ནམ་དུ་དཀའ་ངལ་ཆེན་པོའི་འོག་གསང་བའི་ངང་བཞུགས་ཡོད་པའི་ཁྲོད། ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༢༥ ཉིན་ཝི་ཏི་ནམ་རྒྱལ་ཁབ་ཀྱི་གྲོང་ཁྱེར་ Saigon ཞེས་པར་ཁོང་གི་བཞུགས་ཤག་ཏུ་ཡུལ་དེའི་ཉེན་རྟོག་པ་དང་རྒྱ་ནག་གསང་བའི་མི་སྣ་བཅས་སླེབས་ཏེ། སྤྲུལ་སྐུ་ཁོང་དངོས་སུ་འཛིན་བཟུང་གིས་ཕྱི་ཚེས་ ༢༨ ཉིན་ས་གནས་སྤྱི་བདེ་ལས་ཁུངས་སུ་རྩིས་སྤྲོད་བྱས་རྗེས་ཉིན་དེ་རང་ལ་སྐུ་གྲོངས་ཡོད་པ་མངོན་གསལ་བྱས་ཡོད་པར། གནད་དོན་དེ་ནི་གློ་བུར་དུ་བྱུང་བར་དོགས་གཞི་ཅན་ཞིག་ཡིན་པར་ངོས་འཛིན་གྱིས། དབུས་བོད་མིའི་སྒྲིག་འཛུགས་གཙོས་པའི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོས་རྒྱ་གཞུང་དང་ཝེཊ་ནམ་གཞུང་ལ་ཕྱི་གསལ་གནང་གསལ་བྱ་དགོས་པའི་འབོད་སྐུལ་དང་བློ་འཚབ་ཀྱི་རྣམ་པ་གསལ་སྟོན་གནང་དང་གནང་བཞིན་ཡོད་པ་རེད།




