དེ་རིང་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དུས་འཁོར་ལྷ་ཁང་དུ། བོད་ཀྱི་དཔེ་མཛོད་ཁང་གིས་ཚན་རིག་གི་ལས་གཞི་འགོ་བཙུགས་ནས་མི་ལོ་ ༢༥ འཁོར་བའི་དུས་སྟོན་སྲུང་བརྩིའི་མཛད་སྒོ་ཞིག་ཚོགས་ཏེ། ཚན་རིག་གི་ལས་གཞི་དེས་གྲྭ་བཙུན་ཚོར་དེང་དུས་ཚན་རིག་ཐོག་རྒྱུས་མངའ་བྱུང་བ་ཙམ་དུ་མ་ཟད། ཆོས་བརྒྱུད་མཐུན་སྒྲིལ་ལ་ཕན་ཐོགས་ཆེན་པོ་བྱུང་བ་མིག་མཐོང་ལག་ཟིན་བྱུང་ཡོད་པ་གསུངས་སོང་།

དེ་ཡང་སྔ་དྲོ་ཕྱག་ཚོད་ ༡༠ པའི་ཐོག་དབུ་འཛུགས་གནང་བའི་དགེ་འདུན་པའི་ཆེད་དུ་ཚན་རིག་གི་ལས་གཞི་དང་འབྲེལ་བའི་ཉེར་ལྔའི་དུས་སྟོན་དེའི་ཐོག་སྐུ་མགྲོན་གྱི་གཙོ་བོ་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་པའི་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ལས་གཞི་དེའི་སྦྱིན་བདག་ Bobby Segar བོ་བྷི་སེ་སྒར་ལགས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་པ། གཞན་ཡང་དགོན་སྡེ་ཁག་ནས་ཕེབས་པའི་མཁན་ལས་ཟུར་དང་གྲྭ་བཙུན་སོགས་ནས་ལྷན་ཞུགས་གནང་ཡོད།

སྐབས་དེར་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བྱིན་རླབས་ཉག་གཅིག་དང་། དེ་བཞིན་སེ་སྒར་ཁྱིམ་ཚང་གིས་མཐུན་འགྱུར་འོག་དཔེ་མཛོད་ཁང་གི་ལས་གཞིའི་ཁོངས་སུ་ཚན་རིག་གི་ལས་འཆར་གསར་འཛུགས་ཐུབ་པ་དེ་ནི། ལོ་རྒྱུས་རང་བཞིན་ལྡན་པའི་ལས་དོན་ཞིག་ཆགས་ཀྱི་ཡོད་པ་ངོ་སྤྲོད་གནང་སོང་། དེ་ཡང་ཕྱི་ལོ་ ༡༩༩༩ ནས་བཟུང་སེ་སྒར་ཁྱིམ་ཚང་དང་བོད་ཀྱི་དཔེ་མཛོད་ཁང་གཉིས་མཉམ་འབྲེལ་ཐོག་དགེ་འདུན་པ་ཚོར་དམིགས་པའི་ཚན་རིག་ཅེས་པའི་ལས་གཞིའི་འོག་ད་བར་བོད་དང་ཧི་མཱ་ལ་ཡའི་དགེ་འདུན་ཕོ་མོ་ཆིག་སྟོང་མ་ཟིན་ཙམ་ལ་ཚན་རིག་གི་ཟབ་སྦྱོང་སྣ་ཚོགས་ཕུལ་ཏེ། དགོན་སྡེ་ཁག་སོ་སོའི་ནང་ཚན་རིག་ལྟེ་གནས་ཁང་ཞེས་པ་ཞིག་གསར་འཛུགས་བྱུང་ཡོད་ལ། ལྟེ་གནས་ཁང་དེ་དག་ནང་ནས་དགེ་འདུན་པ་ཁག་ཅིག་དྲག་འདེམས་ཀྱིས་ཚན་རིག་སློབ་ཁྲིད་དང་། ཚན་རིག་གི་ཤེས་ཡོན་སྣེ་ཁྲིད་པར་སྦྱོང་བརྡར་སྤྲད་ཡོད་པ་མ་ཟད། སློབ་ཐོན་ཟིན་པའི་ཚན་རིག་ལས་འཆར་དང་འཇིག་རྟེན་ཁམས་ཀྱི་རིག་པ། རྣམ་པར་ཤེས་པའི་རྒྱལ་སྤྱིའི་ཚོགས་འདུ། གཞན་ཡང་ཚན་རིག་གི་འགྲེམས་སྟོན་སྐོར་བསྐྱོད་སོགས་སྣང་མང་གོ་སྒྲིག་གནང་བའི་བརྒྱུད་མགོན་པོ་༸གང་ཉིད་མཆོག་གི་བཀའ་དགོངས་ཕྲན་བུ་སྒྲུབ་ཀྱི་ཡོད་པར་དགོངས་ཀྱི་ཡོད་ཅེས་གསུངས་སོང་། ལྷག་པར་དེ་རིང་གི་དུས་ཚོད་ནི་སྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་གནང་ཐོག་ལས་གཞི་འདི་སྔར་ལྷག་རྒྱ་སྐྱེད་ཐུབ་པའི་སྨོན་འདུན་དང་། བོད་མི་དང་ཧི་མཱ་ལ་ཡའི་མི་རིགས་ངོས་ནས་གཙོ་བོ་སོ་སོའི་ཆོས་རིག་སྐད་ཡིག་བཅས་པ་སྤུས་དག་པོའི་ཐོག་ཉར་ཚགས་གནང་དགོས་གལ་ཡིན་པར་གསུངས་སོང་།

དགེ་འདུན་པའི་ཆེད་དུ་ཚན་རིག་ཚོགས་པའི་ཚོགས་གཙོ་དང་སྦྱིན་བདག་ Bobby Segar བོ་བྷི་སེ་སྒར་ལགས་ཀྱིས། ལས་གཞིའི་ངོ་སྤྲོད་གཏམ་བཤད་གནང་བའི་ནང་། ཐོག་མར་༸རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཞུས་ཏེ། ཁོང་གིས་དུས་སྟོན་འདི་ནི་ལོ་རྒྱུས་རང་བཞིན་ལྡན་པའི་ཉིན་མོ་ཞིག་དང་། དགོན་སྡེ་ཁག་གི་བསླབ་གཞི་ནང་ཐེངས་དང་པོ་ནུབ་ཕྱོགས་པའི་ཚན་རིག་བསླབ་འགོ་འཛུགས་པ་ནས་ད་ཆ་ལོ་ངོ་ ༢༥ འཁོར་བཞིན་ཡོད་ནའང་ད་དུང་གོམ་པ་སྤོ་བ་ལས་སྤོ་རྒྱུ་མང་བ་བསྡད་པ་ཡོད་ཅེས་གསུང་སོང་། ཁོང་གིས་ལས་གཞི་འདི་ཐོག་མར་ཕྱི་ལོ་ ༡༩༩༩ ལོར་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ལྟར་སྐབས་དེའི་ངེས་སྟོན་པ་ཨ་མཆོག་རིན་པོ་གཙོས་འབྲེལ་ཡོད་ཁག་དང་མཉམ་ལས་ཀྱིས་འགོ་འཛུགས་གནང་ཐུབ་པར་འབྲེལ་ཡོད་ཀུན་ལ་བཀའ་དྲིན་རྗེས་དྲན་ཞུ་སོང་།

མཛད་སྒོའི་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས། དེང་རབས་ཀྱི་ཚན་རིག་དང་སྲོལ་རྒྱུན་གྱི་ནང་པའི་གཞུང་ལུགས་བར་ལ་མཚུངས་བསྡུར་གྱིས་མཉམ་གཤིབ་གནང་རྒྱུ་ལ་སོགས་པའི་ལས་གཞི་དག་ནི་༸གོང་ས་མཆོག་གི་ཡུན་རིང་ཐུགས་ལ་བརྣག་པའི་སྐུ་ཚེའི་མཛད་འཕྲིན་གལ་ཆེ་ཞིག་ཡིན་ཞིང་། ལས་གཞི་དེ་ནི་མི་རིགས་ཤིག་དང་རྒྱལ་ཁབ་གཅིག སྡེ་ཚན་གཅིག་བཅས་ཀྱི་ལས་དོན་ཞིག་མིན་པར་སའི་གོ་ལ་འདིའི་ཐོག་གནས་པའི་སེམས་ཅན་ཡོངས་རྫོགས་ཀྱི་གནས་སྐབས་དང་མཐར་ཐུག་གི་བདེ་དོན་ཡིན་སྟབས། གལ་ཆེ་བའི་ལས་གཞི་དེའི་ནང་ནང་བཞུགས་པའི་འབྲེལ་ཡོད་ཡོངས་ལ་བསྔགས་བརྗོད་ཀྱིས་ཐུགས་འགན་མུ་མཐུད་བཞེས་དགོས་པའི་ལམ་སྟོན་གནང་སོང་།

ཡང་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། དུས་སྟོན་ཐོག་ཇི་ལྟར་མགྲོན་འབོད་བཞིན་བཅར་རྒྱུ་བྱུང་བར་འཚམས་འདྲི་ཐོག ལས་གཞི་དེ་ནི་གཙོ་བོ་༸གོང་ས་མཆོག་གི་བཀའ་དགོངས་མཛད་འཕྲིིན་དང་ལྷག་པར་དུ་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དང་འགན་འཁུར་བ་རིམ་པས་ཕྱག་ལས་གནང་བ་ལས་བྱུང་བའི་འབྲས་བུ་བཟང་པོ་ཞིག་ཡིན་པར་གསུངས་ཏེ། ནང་ཆོས་དང་ཚན་རིག་ཟུང་འབྲེལ་གྱི་ཐོག་ནས་འཛམ་གླིང་ཞི་བདེ་སྐྲུན་པར་དངོས་ཡོད་ཀྱི་ལག་ལེན་བསྟར་ཐབས་བྱ་རྒྱུ་གལ་ཆེན་ཡིན་པ་གསུངས་སོང་།

དེ་རིང་བོད་ཀྱི་དཔེ་མཛོད་ཁང་ནས་ཉེར་ལྔའི་དུས་སྟོན་དེ་དང་བསྟུན། བོད་ཀྱི་དཔེ་མཛོད་ཁང་ནས་ Bobby Segar བོ་བྷི་སེ་སྒར་ལགས་སུ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས་གནང་ཡོད་པ་རེད། དེ་བཞིན་ཉིན་རྒྱབ་དགོན་སྡེ་ཁག་ནས་ཆེད་ཕེབས་གནང་བའི་མཁན་རིན་པོ་ཆེ་རྣམ་པ་དང་གྲྭ་བཙུན་རྣམམས་ལྷན་བཞུགས་ཐོག ཚན་རིག་ལས་འཆར་གྱི་མ་འོངས་ཁ་ཕྱོགས་ཞེས་པའི་བརྗོད་གཞིར་མཉམ་ཞུགས་གྲོལ་མོལ་གནང་སྟེ། སང་ཉིན་ཚེས་ ༡༦ ནས་ ༡༨ བར་དགོན་སྡེ་ཁག་གི་དགེ་བཤེས་རྣམ་པ་དང་འབྲེལ་ཡོད་དགེ་འདུན་པ། ལས་བྱེད་བཅས་ནས་བརྗོད་གཞི་འདྲ་མིན་ཐོག་བགྲོ་གླེང་གྲོས་མོལ་གནང་རྒྱུ་མ་ཟད། ཕྱི་ཚེས་ ༡༩ དང་ ༢༠ བཅས་སུ་རྡ་ས་བོད་ཀྱི་དཔེ་མཛོད་ཁང་དུ་དཔེ་མཛོད་ངོ་སྤྲོད་གློག་བརྙན་གཟིགས་འབུལ་དང་བོད་གཞུང་འགྲེམས་སྟོན་ཁང་སྐོར་བསྐྱོད་གནང་རྒྱུ་སོགས་ཀྱི་ལས་རིམ་ཁག་ཅིག་གནང་འཆར་ཡོད་པ་རེད་འདུག





