Tibetan Royal Year of 2151 | Year of the Wood Dragon

༢༠༢༢ ལོའི་དབྱར་སྐྱིད་འགྲན་བསྡུར་ཁྲོད་སླར་རྔོན་པ་རུ་ཁག་ལ་རྒྱལ་ཁ་ཐོབ་པ།

Tibetan News Headlines

  • Ladakh to Dharamsala: Lone Tibetan Jamyang Tenzin begins yet another bike rally for Tibet
  • Tibetan Translation and Research Institute: a conversation

རེས་གཟའ་སྤེན་པ། ༢༠༢༤།༠༥།༢༥

  • ལ་དྭགས་ནས་རྡ་རམ་ས་ལའི་བར་བོད་དོན་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བཞིན་འདུག
  • བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གི་ལས་དོན་སྐོར་གླེང་མོལ།

ཁ་སང་ཕྱི་ཚེས་ ༡༥ སྟེ་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༦༣ འཁོར་བའི་དུས་ཆེན་དང་བསྟུན་ལོ་ལྟར་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་ནང་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་དབར་བོད་ཀྱི་ཐུན་མིན་རྐང་བྲོ་གླུ་གཞས་འགྲན་བསྡུར་གནང་སྟེ་ལོའི་དབྱར་སྐྱིད་འགྲན་བསྡུར་ཁྲོད་སླར་རྔོན་པ་རུ་ཁག་ལ་རྒྱལ་ཁ་ཐོབ་སོང་། ཁ་སང་ཕྱི་དྲོ་ཚོུད་ ༤༌༣༠ ཡོལ་ཙམ་ལ་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་དབུ་འཛུགས་གནང་བའི་རྐང་བྲོ་གླུ་གཞས་ཀྱི་འགྲན་བསྡུར་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་དམིགས་བསལ་སྐུ་མགྲོན་རྒྱ་གར་དབུས་གཞུང་གི་འབྲེལ་མཐུད་ལས་བྱེད་སྐུ་ཞབས་ Deepak Padmakumar ལགས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་རྣམ་པ། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་སོགས་ནས་མཉམ་ཞུགས་གནང་སོང་། མཛད་སྒོ་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབྱར་སྐྱིད་ཀྱི་ལས་རིམ་དེ་རོལ་དབྱངས་དང་ཟློས་གར་ལ་དགའ་མོས་ཡོད་མཁན་ཚོས་ལོ་ལྟར་ངང་སྒུག་གནང་བའི་གནས་སྟངས་ཤིག་ཆགས་ཡོད་སྐོར་གསུངས་བ་དང་ཆབས་ཅིག  སྤྱིར་ད་ལན་རུ་ཁག་གཉིས་ཀྱིས་ཡུལ་གྱར་བའི་སེམས་པ་ཞེས་པའི་གཏམ་བརྗོད་འཁྲབ་ཏེ་གཟིགས་མོ་བ་མང་དག་ཅིག་སྤྱན་ཆབ་ཤོར་དགོས་པའི་ཐུགས་ཚོར་སྦྱིན་ཡོད་པ་དང་རེད། རུ་ཁག་གཉིས་ཀྱིས་འཁྲབ་སྟོན་གནང་བའི་གཏམ་བརྗོད་དེ་དངོས་ཡོད་གནས་སྟངས་མཚོན་པ་དང་། གཏམ་བརྗོད་གཉིས་ཀྱི་གོ་དོན་དེ་མང་ཚོགས་ནས་ལེན་པའི་ཐོག་ནས་ང་ཚོའི་རྩ་དོན་ཐོག་ཕྱར་གྲུ་མཉམ་འདེགས་དང་ནུས་པ་མཉམ་སྤུངས་གནང་གལ་ཡིན་པ་སོགས་གསུངས་སོང་། དེ་བཞིན་སྲིད་སྐྱོང་མཆོག་གིས་འགྲན་བསྡུར་གང་འདྲ་གནང་ཡང་མཐར་རྒྱལ་ཁ་ཐོབ་ཤོར་ཡོང་རྒྱུ་ནི་ཆོས་ཉིད་ལས་མ་འདས་སྟབས། བློ་ཕམ་གནང་དགོས་དོན་མེད་པ་དང་མཉམ་ཞུགས་གནང་བ། དེ་བཞིན་གཟིགས་མོ་བ་ཚོས་བསྔགས་བརྗོད་གནང་ཚེ་དེ་ལས་བྱ་དགའ་ཆེ་བ་གང་ཡང་མེད་སྟབས་འཁྲབ་སྟོན་རྣམས་དོན་སྙིང་ལྡན་པ་དང་བསྔགས་འོས་འདུག་ཅེས་གསུངས་ཡོད།གཞི་རྩའི་དབྱར་སྐྱིད་འགྲན་བསྡུར་ཐོག་རུ་ཁག་གཉིས་ཀྱིས་རྐྱང་གཞས་རེ་དང་།  འཁྲབ་གཞས་གཉིས་རེ།  དེ་བཞིན་གཏམ་བརྗོད་བཅས་འཁྲབ་སྟོན་གཟིགས་འབུལ་ཞུས་སོང་བ་དང་། དེ་བཞིན་མཛད་སྒོ་ཐོག་རྒས་ཡོལ་ལས་བྱེད་རྣམས་ལ་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ་བརྙན་དང་བསླབ་པ་མཐར་སོན་པའི་བྲོ་པ་གཞོན་པ་རྣམས་ལ་ཕྱག་འཁྱེར་བཅས་གསོལ་སྩལ་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།