Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གི་སྐུ་པར་ཉར་བར་བརྟེན་བོད་ནང་གཉེན་འཕྲད་དུ་བསྐྱོད་བཅུག་མི་འདུག

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

རྒྱ་ནག་གཞུང་གིས་ཡུ་རོབ་དང་མཱ་ལེ་ཤི་ཡཱ་རྒྱལ་ཁབ་ཁག་ཅིག་ལ་མཐོང་མཆན་མི་དགོས་པར་རྒྱ་ནག་ཏུ་བསྐྱོད་ཆོག་ཡོད་ལུགས་ཀྱི་གསལ་བསྒྲགས་སྤེལ་ཡོད་ཀྱང་། བོད་ནང་གཉེན་འཕྲད་དུ་བསྐྱོད་མཁན་ཡུ་རོབ་ཀྱི་མི་སེར་ཡིན་པ་བོད་མི་ཁག་ཅིག་ལ་རྒྱ་གཞུང་གིས་ད་དུང་ཡང་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཁྲོད་བོད་མི་ཞིག་རྒྱ་ནག་གནམ་ཐང་ནས་ཕྱིར་སློག་བཏང་ཡོད་པའི་གནས་ཚུལ་བྱུང་འདུག

གཞི་རྩའི་སྔ་ལོའི་ཕྱི་ཟླ ༡༢ པའི་ནང་རྒྱ་གཞུང་གིས་ཡུལ་དེའི་ནང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་གང་མང་ཡོང་ཐབས་སུ་ཧྥ་རན་སི་དང་འཇར་མ་ནི། ཨི་ཊ་ལི། ནིའུ་ཛི་ལེནྜ། དེ་བཞིན་སི་པེན་སོགས་ཡུ་རོབ་རྒྱལ་ཁབ་བདུན་དང་མཱ་ལེ་ཤི་ཡཱ་བཅས་ཀྱི་མི་སེར་རྣམས་ལ་ཉིན་བཅོ་ལྔའི་རིང་མཐོང་མཆན་མི་དགོས་པར་རྒྱ་ནག་ཏུ་ཡུལ་སྐོར་དང་ཚོང་ལས། དེ་བཞིན་གཉེན་འཕྲད་དུ་བསྐྱོད་ཆོག་པ་བཟོས་ཡོད་པ་དང་།  འདི་ལོའི་ཕྱི་ཟླ་ ༣ ཚེས་ ༧ ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས་ཉིན་བཅོ་ལྔའི་རིང་མཐོང་མཆན་མི་དགོས་པར་རྒྱ་ནག་ཏུ་འགྲུལ་བཞུད་ཆོག་པའི་སྲིད་བྱུས་དེ་ད་དུང་སུད་སི་དང་ཨེར་ལན། ཧང་ག་རི། ཨོ་སི་ཊི་རི་ཡ། བྷེལ་ཇེམ་བཅས་ཡུ་རོབ་རྒྱལ་ཁབ་དྲུག་ནང་ལག་བསྟར་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་མ་ཟད། གོང་གསལ་རྒྱལ་ཁབ་ཁག་གི་མི་སེར་རྣམས་ཕྱི་ཟླ ༣ ཚེས ༡༤ ནས་ཕྱི་ཟླ ༡༡ ཚེས ༣༠ བར་མཐོང་མཆན་མི་དགོས་པར་རྒྱ་ནག་ཏུ་ཡོང་ཆོག་པ་ཡིན་ཚུལ་སོགས་ཀྱི་གསལ་བསྒྲགས་སྤེལ་ཡོད་པ་རེད།

འོན་ཀྱང་སྦེལ་འཇམ་དུ་གནས་བཞུགས་ཡུལ་དེའི་མི་སེར་ཡིན་པའི་བོད་མི་ཐུབ་བསྟན་རྒྱ་མཚོ་ཞུ་བ་ཞིག་གིས་གོ་སྐབས་དེ་བཟུང་ནས་ཉེ་ལམ་ཡེ་ཤུའི་དུར་མཆོད་ཀྱི་གུང་གསེང་དང་བསྟུན། བོད་ནང་གཉེན་འཕྲད་དུ་བསྐྱོད་ཐབས་བྱས་ཀྱང་།   Shanghai གནམ་ཐང་དུ་འབྱོར་མ་ཐག་འགག་སྒོའི་ཉེན་རྟོག་པ་དང་དམག་མི་བཅས་མི་གྲངས་བཅོ་ལྔ་ཙམ་གྱིས་ཁོང་ཁང་པ་ཞིག་ནང་ཁྲིད་དེ་བསྔོག་བཤེར་གྱིས་མཐར་ཁོང་གི་ཁ་པར་ནང་༸གོང་ས་མཆོག་གི་༸སྐུ་པར་དང་བོད་ཀྱི་རྒྱལ་དར་ཞིག་རྙེད་ཡོད་སྟབས། ཉེན་རྟོག་པ་ཚོས་ཁོང་ནི་བོད་རང་བཙན་གྱི་གནད་དོན་ལ་རྒྱབ་སྐྱོར་དང་ཁ་བྲལ་རིང་ལུགས་པ་ཞིག་ཡིན་ས་རེད་ཅེས་བརྗོད་ནས་ཆུ་ཚོད་ཉི་ཤུའི་རིང་བཀག་ཉར་བྱས་རྗེས་མཐར་ཁོང་གནམ་ཐང་ནས་ཕྱིར་སློག་བཏང་འདུག

འདི་ག་རླུང་འཕྲིན་ཁང་ནས་ཐུབ་བསྟན་རྒྱ་མཚོ་ལགས་སུ་ཞལ་པར་བརྒྱུད་གནད་དོན་དེའི་སྐོར་བཀའ་དྲི་ཞུ་སྐབས། རང་ཉིད་ཀྱི་ཨ་མ་ནད་ཀྱིས་མནར་ཏེ། ཛ་དྲག་གི་གནས་སྟངས་ཁྲོད་བོད་ལ་བསྐྱོད་མ་ཐུབ་པ་དེར་ཧ་ཅང་གི་བློ་ཕམ་བྱུང་ཡོད་པ་སོགས་གསུང་གི་འདུག ཞིབ་ཁྲའི་གནས་ཚུལ་གོང་གི་སྒྲ་སྒམ་ནས་གསན་ཐུབ།

སྤྱིར་རྒྱ་གཞུང་གིས་སྔ་ལོའི་ལོ་མཇུག་ནས་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་རྒྱ་ནག་ཏུ་ཡོང་བའི་འགྲོ་ལུགས་དེ་སྟབས་བདེ་རུ་གཏོང་རྒྱུ་དང་།རྒྱལ་ཁབ་མང་པོ་ཞིག་ནས་ཀྱང་དེ་མཚུངས་ཀྱི་རྒྱ་ནག་གི་མི་སེར་ལ་མཐོང་མཆན་སྤྲོད་རྒྱུ་སོགས་ལ་ཆེད་དམིགས་ཀྱིས། ཡུ་རོབ་རྒྱལ་ཁབ་ ༡༢ ཙམ་དང་ཉི་འོང་།  Malaysia Singapore དེ་བཞིན་ Thailand བཅས་ལ་མཐོང་མཆན་མི་དགོས་པའི་ཐོག་ནས་རྒྱ་ནག་ནང་བསྐྱོད་ཆོག་པ་བཟོས་ཡོད་ཚུལ་གྱི་གསལ་བསྒྲགས་སྤེལ་ཡོད་པ་དེ་ལྟར་ཡང་། རྒྱ་གཞུང་གིས་རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིས་གཙོས་པའི་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་རྣམས་བོད་ནང་གཉེན་འཕྲད་སླད་བསྐྱོད་རྒྱུར་མུ་མཐུད་དམ་བསྒྲགས་དང་། བོད་ནང་ཕེབས་མཁན་ཚོར་ལྟ་སྲུང་དམ་བསྒྲགས་ཤུགས་ཆེ་བྱས་རྐྱེན་བོད་མི་མང་དག་ཅིག་གིས་ཕྱིར་བོད་ནང་ལོག་རྒྱུ་དེ་ཉིད་སེམས་འཚབ་ཅན་གྱི་གནད་དོན་ཞིག་ལ་ངོས་འཛིན་གནང་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།