Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གི་སྒྲིག་འཛུགས་རྒྱུན་གནས་ཀྱི་གནད་དོན་དེ་༸གོང་ས་མཆོག་༸སྐུ་སྒེར་གྱི་མཛད་འགན་ཞིག་ཆགས་མེད་ཅེས་གསུངས་པ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་རིང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱི་སྒྲིག་འཛུགས་ཀྱི་གལ་གནད་རང་བཞིན་དང་འབྲེལ་བའི་ཚོགས་འདུ་འཚོགས་བཞིན་ཡོད་པ་དང་ཉིན་གྲངས་གཉིས་ཀྱི་ཚོགས་འདུ་ཐོག་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་སློབ་སྤྱི་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་དང་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་འབུམ་རམས་པ་བྱམས་པ་བསམ་གཏན་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་དགེ་རྒན་ཆེན་མོ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས། ༸སྐུའི་དབྱིན་སྐད་གསུང་སྒྱུར་བ་འབུམ་རམས་པ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས། དེ་བཞིན་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་འགན་འཛིན་འབུམ་རམས་པ་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས། བོད་ཀྱི་ཐེབས་རྩ་ཁང་གི་འགན་འཛིན་བཀའ་ཟུར་རྫ་ཡུལ་བློ་བཟང་སྙན་གྲགས་ལགས་བཅས་ཀྱིས་༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱི་སྒྲིག་འཛུགས་ཀྱི་བྱུང་རིམ་དང་། ས་བབ་སྲིད་བྱུས་ཐོག་༸གོང་ས་མཆོག་གི་སྒྲིག་འཛུགས་ཀྱི་གལ་གནད། བོད་མིའི་རང་དབང་འཐབ་རྩོད་ཐོག་༸གོང་ས་མཆོག་གི་གལ་གནད། དེ་བཞིན་༸གོང་ས་མཆོག་གི་སྒྲིག་འཛུགས་ཀྱི་འབྱུང་འགྱུར་གྱི་གནད་དོན་བཅས་ཀྱི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད།དེ་རིང་ཚོགས་འདུའི་ཉིན་གཉིས་པའི་སྔ་དྲོའི་ཚོགས་ཐེངས་དང་པོའི་ཐོག་༸སྐུའི་དབྱིན་སྐད་གསུང་སྒྱུར་བ་འབུམ་རམས་པ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྒྲིག་འཛུགས་ཀྱི་འབྱུང་འགྱུར་གྱི་གནད་དོན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྐབས་༸གོང་ས་མཆོག་གི་སྒྲིག་འཛུགས་རྒྱུན་གནས་ཡོང་རྒྱུར་ང་ཚོས་ངེས་པར་དུ་དགོངས་པར་བཞེས་དགོས་པ་ལས་༸གོང་ས་མཆོག་༸སྐུ་སྒེར་གྱི་མཛད་འགན་ཞིག་ཆགས་མེད་པར་གསུངས་པ་དང་སྦྲགས། ལྷག་པར་ད་ལྟའི་བོད་མིའི་གནས་སྟངས་སོགས་ལ་དགོངས་ཚེ་༸གོང་ས་མཆོག་གི་སྒྲིག་འཛུགས་འདི་རྒྱུན་རིང་པོར་གནས་དགོས་གལ་ཡིན་པར་གཟིགས་ཀྱི་ཡོད་པ་དང་། སྒྲིག་འཛུགས་འདི་རྒྱུན་གནས་ཐུབ་པར་༸གོང་ས་མཆོག་གི་མཚན་གནས་ཀྱི་བདག་དབང་དེ་བོད་པ་ཚོར་ཡོད་པ་ལྟར་གང་ཐུབ་ཀྱིས་རྒྱལ་སྤྱིའི་རྣམ་པའི་ཐོག་ནས་སྒྲིག་འཛུགས་རང་གི་ལམ་སྲོལ་ཞིག་བཟོས་ཚེ་དེར་གནད་འགག་པ་ཡོད་པར་གཟིགས་ཀྱི་ཡོད་སྐོར་གསུངས་ཡོད།གཞི་རྩའི་ཁ་སང་ཉིན་དང་པོའི་སྔ་དྲོའི་ཚོགས་ཐུན་ཐོག་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་སློབ་སྤྱི་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྒྲིག་འཛུགས་ཀྱི་བྱུང་རིམ་དང་བོད་རྒྱུད་ནང་བསྟན་ཐོག་ཤུགས་རྐྱེན་ཇི་བྱུང་ཐོག་གསུང་བཤད་གནང་བར་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་བརྒྱུད་རིམ་སྐོར་འགྲེལ་བརྗོད་གནང་བ་དང་འབྲེལ་ཏེ་༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱི་བོད་བརྒྱུད་ནང་བསྟན་ཐོག་མཛད་པ་འཕྲིན་ལས་བསྐྱངས་པ་དག་ངོ་སྤྲོད་གནང་སོང་བ་དང་ཆབས་ཅིག མ་འོངས་པར་བོད་རྒྱལ་ཁབ་དང་མི་རིགས་འདི་སྲ་བརྟན་དང་། དེ་བཞིན་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་ཉམས་པ་སླར་གསོ་གནང་དགོས་ཚེ་༸རྒྱལ་མཆོག་༸སྐུ་ཕྲེང་རིམ་བྱོན་ངེས་པར་དུ་ཕེབས་དགོས་སྟབས། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པས་༸སྐུ་ཕྲེང་བཅུ་བཞི་དང་བཅོ་ལྔ། བཅུ་དྲུག་ལ་སོགས་པ་ཕེབས་པར་གསོལ་འདེབས་ནན་ཞུ་གནང་གལ་ཡིན་པར་གཟིགས་སྐོར་གསུངས་སོང་།བོད་ཀྱི་ཐེབས་རྩ་ཁང་གི་འགན་འཛིན་བཀའ་ཟུར་རྫ་ཡུལ་བློ་བཟང་སྙན་གྲགས་ལགས་ཀྱིས་བོད་དོན་འཐབ་རྩོད་ཐད་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྒྲིག་འཛུགས་ཀྱི་གལ་གནད་སྐོར་གསུང་བཤད་གནང་སྐབས་༸རྒྱལ་བ་རིན་པོ་ཆེའི་སྒྲིག་འཛུགས་ལ་བོད་མི་དང་རྒྱ་གར། དེ་བཞིན་རྒྱལ་སྤྱིའི་ཐོག་ནས་གཟིགས་སྟངས་གང་ཡིན་སྐོར་ངོ་སྤྲོད་དང་འབྲེལ། འདས་པའི་ལོ་ ༦༠ ལྷག་ནང་བོད་མི་ཚོར་དཀའ་སྡུག་རིམ་པ་འཕྲད་པའི་ཁྲོད་བོད་མི་རྣམས་ཀྱི་རེ་བ་བཅོལ་ས་དེ་༸སྐྱབས་མགོན་རིན་པོ་ཆེ་མཆོག་ཆགས་ཀྱི་ཡོད་པ་དང་། ལྷག་པར་བོད་ནང་ལྟ་བུར་ཆ་མཚོན་ན་རྒྱ་གཞུང་གིས་༸རྒྱལ་བ་རིན་པོ་ཆེ་མཆོག་གི་༸སྐུ་པར་སྒྲིག་གཤོམ་ཞུས་པ་ཙམ་གྱིས་བོད་མི་ཚོར་མནར་གཅོད་དང་ལོ་མང་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་གནས་སྟངས་ཁྲོད་དུའང་བོད་མི་རྣམས་ཀྱིས་དཔའ་ངར་ཞུམ་པ་མེད་པར་མུ་མཐུད་ནས་༸རྒྱལ་བ་རིན་པོ་ཆེ་མཆོག་གི་༸སྐུ་པར་སྒྲིག་གཤོམ་གནང་རྒྱུ་དང་༸གོང་ས་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག་ཅེས་འབོད་ཚིག་སྒྲོག་པ་སོགས་ཀྱི་ཐོག་ནས་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་ཐུགས་རེ་ཞུ་ཡུལ་གཙོ་བོ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆགས་ཀྱི་ཡོད་པ་མངོན་གསལ་གནང་ཡོད་པ་མ་ཟད། རྒྱ་ནག་གིས་བོད་མིའི་ཐོག་དྲག་རྩུབ་ཅན་གྱི་སྲིད་བྱུས་ག་ཚོད་སྤེལ་ཡང་ང་ཚོའི་རེ་བ་བཅོལ་ས་༸རྒྱལ་བ་རིན་པོ་ཆེ་མཆོག་ཡོད་པར་བརྟེན་དེའི་བཀའ་དྲིན་ལ་བརྟེན་ནས་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་ལས་འགུལ་འདི་རྒྱུན་གནས་ཐུབ་པ་དང་སླད་མར་དེ་མཚུངས་སུ་གནས་ཐུབ་པར་༸གོང་ས་མཆོག་དང་མགོན་པོ་༸གང་ཉིད་མཆོག་གི་སྒྲིག་འཛུགས་འདི་གལ་ཆེན་པོ་ཆགས་ཀྱི་ཡོད་པར་ངོས་འཛིན་གནང་གི་ཡོད་སྐོར་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།